རྨི་ལམ་དྲན་རིག་གི་ཡེ་ཤེས་ཞེས་བྱ་བ།།
ན་མོ་གུ་རུ་ཨ་བྷྱེ་ཛྙཱ་ན་བཛྲ་ཡེ།།
༡༽
སྙིང་དབུས་འདབ་བརྒྱད་ཀློང་གི་ཀུན་བཟང་ཡབ་ཡུམ།།
འོད་གསལ་སྙིང་པོའི་དབྱིངས་རིག་ཨེ་ཝཾ་བླ་མ།།
གསང་གསུམ་མཇལ་བའི་ངང་ནས་གསོལ་བ་འདེབས་སོ།།
མཆོག་ཐུན་དངོས་གྲུབ་མ་ལུས་ད་ལྟ་སྩོལ་ཅིག།
༢༽
གནས་ཡུལ་ཟངས་མདོག་དཔལ་རིའི་ཕོ་བྲང་དབུས་ན།།
རིག་འཛིན་མཁས་གྲུབ་དབང་ཕྱུག་པདྨ་རྒྱལ་པོ།།
བརྡ་བརྒྱུད་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ།།
ཞིང་ཁམས་རབ་འབྱམས་མཐོང་བའི་དངོས་གྲུབ་སྩོལ་ཅིག།
༣༽
གནས་ཆེན་རི་བོ་རྩེ་ལྔའི་བྱང་སེམས་གླིང་ནས།།
ངེས་དོན་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ།།
རང་སྣང་རྣམ་དག་ངང་ནས་གསོལ་བ་འདེབས་སོ།།
འགྲོ་ཀུན་མ་ལུས་འདྲེན་ནུས་དངོས་གྲུབ་སྩོལ་ཅིག།
༤༽
རྨི་ལམ་འོད་གསལ་དབྱིངས་ལ་གསལ་དག་བརྟན་པས།།
དཔའ་བོ་མཁའ་འགྲོ་འདུས་པའི་ཚོགས་གྲལ་བཞུགས་པའི།།
འཇིགས་བྲལ་ཡེ་ཤེས་རྡོ་རྗེ་གསོལ་བ་འདེབས་སོ།།
གསང་ཆེན་བསྟན་པ་སྤེལ་ནུས་དངོས་གྲུབ་སྩོལ་ཅིག།
༥༽
གནས་གསུམ་མཁའ་འགྲོ་དགྱེས་པའི་སྐུ་གསུམ་གླིང་ན།།
རྨད་བྱུང་ཉམས་བརྒྱས་སྒེག་པའི་ཌཱཀྐིའི་ཚོགས་ལ།།
བདེ་ཆེན་རྩེད་འཇོ་རོལ་བར་གསོལ་བ་འདེབས་སོ།།
ཕྱག་རྒྱའི་རྟུལ་ཞུགས་མཐར་ཕྱིན་དངོས་གྲུབ་སྩོལ་ཅིག།
༦༽
ཕ་གཅིག་མཚོ་སྐྱེས་རྡོ་རྗེ་སྙིང་དཀྱིལ་སྒོམ་ཚེ།།
ཡུམ་ཆེན་ཡེ་ཤེས་མཚོ་རྒྱལ་འབྲལ་བ་མི་འདུག།
རང་རིག་བླ་མའི་རྣལ་འབྱོར་ཐུགས་དམ་བཟུང་ནས།།
མ་གྱུར་འགྲོ་ཀུན་སྨིན་གྲོལ་འགོད་པར་སྨོན་ནོ།།
༧༽
སྣང་སྲིད་ཐམས་ཅད་དག་ལྷ་ཡི་ཞིང་ཁམས།།
སྒྲ་གྲགས་མ་ལུས་ཟབ་རྒྱས་ནཱ་དའི་གསུང་དབྱངས།།
ཐུགས་དམ་ཟག་མེད་འོད་གསལ་ཡེ་ཤེས་ཤར་བ།།
རང་རིག་པདྨ་ཀ་རའི་དགའ་སྟོན་རོལ་ཡ།།
༨༽
གཡས་གྲལ་རོ་མའི་གདན་ལ་མཁའ་འགྲོའི་ཟློས་གར།།
གཡོན་གྲལ་རྐྱང་མའི་གདན་ནས་དཔའ་བོའི་བྲོ་གླུ།།
དབུས་གྲལ་དབུ་མའི་དཀྱིལ་ནས་ལྟད་མོ་མཐོང་བ།།
གསང་ཆེན་རྨི་ལམ་ཟབ་མོའི་རྟེན་འབྲེལ་བཟང་ངོ་།།
༩༽
དགྱེས་འཛུམ་དགའ་མའི་ཟུར་མིག་གཡོ་བ་མཛེས་པ།།
བརྡ་གླུ་གསུང་དབྱངས་གདམས་ངག་དེ་འདྲའི་སྙན་པ།།
སྒྱུ་འཕྲུལ་རྡོ་རྗེའི་གར་སྟབས་ཚོགས་འཁོར་རོལ་བ།།
ཨ་ཧོ་དགའ་བོ་སྐྱིད་པ་བླ་མའི་བཀའ་དྲིན།།
༡༠༽
སྔོན་ཚེ་དཔལ་གྱི་བསམ་ཡས་མཆིམས་ཕུའི་རྩེ་རུ།།
རྗེ་འབངས་གྲོགས་ལ་བཀའ་གཏེར་གདམས་ངག་གནང་ཚེ།།
བདག་ཀྱང་འདི་འདྲའི་ཉམ་ཆུང་འཁྱར་པོ་མ་ཡིན།།
གནུབས་ཆེན་བུདྡྷ་ཛྙཱ་ནའི་རིག་སྔགས་འཆང་ཡོད།།
༡༡༽
ད་ནི་སྐྱབས་མེད་མགོན་མེད་མཐའ་ཁོབ་ཡུལ་ནས།།
སྙིང་གཅེས་ཨ་མ་བྲལ་བའི་གྲོགས་མེད་ཁེར་རྐྱང་།།
དོན་མེད་མི་ཚེ་ཟད་པའི་ཚུལ་ལ་དགོངས་ཏེ།།
ད་ལྟ་ཉིད་དུ་ཟངས་མདོག་དཔལ་རིར་དྲོངས་ཤིག།
༡༢༽
སྤྱི་བོ་བདེ་ཆེན་འཁོར་ལོའི་སྒོ་ཆེན་ཕྱེས་ཤིག།
མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་མདུད་ཁྲོལ་ཅིག།
སྙིང་ཁ་ཆོས་ཀྱི་འཁོར་ལོའི་དཀྱིལ་འཁོར་མཇལ་ཕྱིར།།
ལྟེ་བ་སྤྲུལ་པའི་འཁོར་ལོར་ཕྲིན་ལས་རྒྱས་སྨོན།།
༡༣༽
གསང་གནས་བདེ་སྐྱོང་འཁོར་ལོའི་སྒྱུ་རྩལ་ངོམས་ནས།།
བདེ་ཆེན་དྲུག་ཅུ་རྩ་བཞིས་དགའ་སྟོན་རོལ་མོ།།
རྒྱལ་བ་སྲས་དང་བཅས་ལ་མཆོད་པ་འབུལ་ན།།
གསང་ཆེན་བསྟན་པ་སྤེལ་བའི་རྟེན་འབྲེལ་འགྲིགས་སོང་།།
༡༤༽
ཟག་མེད་བདེ་བ་ཆེན་པོའི་དགའ་སྟོན་དཔལ་ལ།།
དགྱེས་བཞིན་དགའ་མགུར་སྤྱོད་པ་ཕ་རྗེས་བུ་བསྙེགས།།
འགྱུར་མེད་དམ་ཚིག་རྡོ་རྗེའི་ལང་ཚོ་རྫོགས་པ།།
སེ་ཁྱུང་དབྲ་དཀར་རྒོད་པོའི་མཐུ་སྟོབས་ངོམས་ཡོད།།
༡༥༽
ཨེ་ཝཾ་ལྟ་སྒོམ་འབྲེལ་བའི་གཤོག་ཟུང་ལྡན་ཅིང་།།
ཏ་ན་ག་ནའི་དམ་ཚིག་རྩལ་དྲུག་རྫོགས་ཕྱིར།།
ཆོས་དབྱིངས་དགོངས་པར་གཤེགས་པའི་རིག་འཛིན་ཕོ་མོ།།
སྐལ་བཟང་དཔལ་ཡོན་བརྟས་ན་ང་ཕྱིར་འཕུར་ཤོག།།
༡༦༽
ལྟ་བ་ནམ་མཁའ་ཡངས་པའི་དབྱིངས་ལ་འཕུར་འགྲོ།།
སྒོམ་པ་རྒྱ་མཚོ་ཆེན་པོའི་གཏིང་ཉིད་མི་གཡོ།།
སྤྱོད་པ་ཀུན་ཏུ་བཟང་པོའི་མཛད་པ་སྐྱོང་ནས།།
འབྲས་བུ་རིག་འཛིན་ས་ལ་བདེ་མྱུར་བཤེགས་ཤོག།
ཅེས་པའང་རབ་གནས་ས་ཕག་མགོ་ཟླའི་མར་ངོའི་ཚེས་བཟང་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་འདས་མཆོད་སྐབས་སུ་ཐོ་རངས་ཀྱི་རྨི་ལམ་བཟང་པོ་ཞིག་ལ་བསྟེན་ནས་ཐོལ་བྱུང་དུ་དཔལ་དགྱེས་པ་རྡོ་རྗེས་རྗེས་དྲན་དུ་སྨྲས་པར་དགེའོ།། །།