༄༅། །མཁན་ཆེན་དམ་པ་ཆོས་དབྱིངས་ཁྱབ་བརྡལ་
༄༅། །མཁན་ཆེན་དམ་པ་ཆོས་དབྱིངས་ཁྱབ་བརྡལ་
མཆོག་གི་རྗེས་དྲན་འདས་པའི་གཟུགས་བརྙན་
གསལ་བའི་མེ་ལོང་བཞུགས།།
༼༡༽
ཆོས་དབྱིངས་མཁྱེན་པའི་ནམ་མཁའ་ཡངས་པ་ལས།།
ཁྱབ་བརྡལ་བརྩེ་ཆེན་ཉི་མའི་འོད་ཟེར་ཞིག།
སྐལ་བཟང་མེ་ཏོག་མཛེས་པའི་དཔལ་དུ་སྨིན།།
མཚུངས་མེད་བླ་མར་དད་པའི་ལྷ་ཕྱག་བརྩེགས།།
༼༢༽
ཟས་གཙང་སྲས་དེ་མཇལ་བའི་སྐལ་བ་དམན།།
པད་མས་ཐུགས་རྗེས་ཟིན་པའི་བསོད་ནམས་ཆུང་།།
ཉམ་ཐག་ང་ལ་ཐར་བའི་ལམ་ཆེན་དུ།།
གོམ་པའི་འདེགས་འཇོག་སློབ་པ་ཁྱེད་ཉིད་ཙམ།།
༼༣༽
གཞལ་བར་དཀའ་བའི་སྐུ་དྲིན་བསམས་པ་ན།།
སངས་རྒྱས་ཡིན་ཡང་རུང་ལ་མིན་ཡང་རུང་།།
སྐྱབས་གནས་རྒྱ་མཚོའི་ངོ་བོ་ཁྱེད་ལ་བཟླུམ།།
ཐུགས་རྗེ་གདུགས་དཀར་གྲིབ་མས་ད་དུང་སྐྱོངས།།
༼༤༽
མཁས་བཙུན་གྲུབ་པའི་ཡོན་ཏན་བསམས་པ་ན།།
མཐོན་པོའི་སྐྱེས་རབས་ཡོད་ཀྱང་མེད་ཀྱང་རུང་།།
བྱིན་རླབས་རྒྱ་མཚོའི་གཏེར་དུ་ཡིད་ཆེས་པས།།
དོན་བརྒྱུད་འཆི་མེད་བདུད་རྩིའི་དགའ་སྟོན་བྱིན།།
༼༥༽
གང་ཁྱེད་ཞི་བར་གཟིམ་ནས་དེ་རིང་བར།།
ལོ་དང་ཟླ་བའི་ཕྲེང་བ་མང་འདས་ཀྱང་།།
དྲན་པའི་མེ་ལོང་དྭངས་མའི་སྐོར་ལུགས་རེར།།
དགྱེས་ཞལ་གསུང་གི་གདངས་དབྱངས་སྔར་བཞིན་འཆར།།
༼༦༽
མ་གྲུབ་འདོད་པའི་མེ་ལྕེ་ཉིན་བཞིན་འབར།།
གྲུབ་ཀྱང་ཕྲ་མོའི་མེ་སྟག་གཞན་ལ་མཆེད།།
རེ་བའི་མེ་དཔུང་ནང་ནས་ལུས་སེམས་འདི།།
སོལ་བའི་ཕུང་པོར་གྱུར་པའི་ཚུལ་བསམས་ཚེ།།
༼༧༽
ཁང་པའི་ཕྱི་ན་རྔམ་བརྗིད་མཛེས་ཆོས་མེད།།
ཁྱིམ་གྱི་ནང་ན་འཕྱོར་སྒེག་བཤམས་བཀོད་མེད།།
དཀའ་ཐུབ་སྐུ་ལུས་ཕྲ་བའི་བྱ་བཏང་བ།།
མི་ལ་རས་པ་འདྲ་བའི་བླ་མ་དྲན།།
༼༨༽
འདུན་མའི་རས་གཞིར་ཕུགས་བསམ་མཛེས་ལྗོངས་བྲིས།།
ངོ་མཚར་བཀོད་པ་དེ་འདྲའི་བདག་པོ་རུ།།
ཟིན་མེད་བྱ་བས་མི་ཚེའི་མཐའ་ལ་གཏུགས།།
གླེན་པས་རྡོ་བསྲེག་བཟུང་འདྲའི་ཚུལ་བསམས་ཚེ།།
༼༩༽
འབྱུང་འགྱུར་བྱ་བའི་ཤོམ་ར་ངང་གིས་ཟད།།
རྣམ་གཡེང་འདུ་འཛིའི་བྲེལ་འཚུབ་ལྷོད་ཀྱིས་ཞི།།
རྟག་འཛིན་ཞེན་པའི་འཆིང་རྒྱ་ནང་ནས་ཞིག།
ཁ་རག་སྒོམ་ཆུང་འདྲ་བའི་བླ་མ་དྲན།།
༼༡༠༽
སྣ་མང་ཤེས་བྱའི་གཞུང་ལ་རིག་པ་སྦྱང་།།
བློ་མང་བྱ་བ་དུ་མས་མགོ་བོ་འཁོར།།
ན་རྒ་འཆི་བ་ཐོག་ཏུ་སླེབས་པའི་ཉིན།།
འདུན་མའི་གཏད་ས་སྟོང་བའི་ཚུལ་བསམས་ཚེ།།
༼༡༡༽
སྟོད་སྨད་བྲག་ཆའི་སྒྲ་ལ་རེ་དོག་བྲལ།།
ཐར་ལམ་ཞི་བ་ཁོ་ནར་ཐུགས་རྩེ་ཕྱོགས།།
བཀའ་གདམས་གཏད་ས་བཞི་པོ་དོན་ཡོད་བྱས།།
གླང་རི་ཐང་པ་འདྲ་བའི་བླ་མ་དྲན།།
༼༡༢༽
རྣམ་ཐོས་བུ་ཡི་མཛོད་དུ་མི་གནས་ཤིང་།།
བརྒྱ་བྱིན་མིག་སྟོང་ཡོད་ཀྱང་མ་མཐོང་བའི།།
ཆོག་ཤེས་འཕགས་པའི་ཐུགས་ཀྱི་ནོར་བུ་དེས།།
བདེ་སྐྱིད་གཡང་དུ་ཁུག་པའི་ཚུལ་བསམས་ཚེ།།
༼༡༣༽
ཆོས་བརྒྱད་བསླུ་བའི་གར་ལ་ཁྲེལ་ལྟས་བྱས།།
ཆོག་ཤེས་ནོར་བུའི་གཏེར་གྱིས་ཐུགས་མཛོད་གང་།།
གུ་ཡངས་ལྟ་བའི་ངང་ལ་སྐྱིད་ཉལ་བརྒྱབ།།
ཞི་བ་ལྷ་དང་འདྲ་བའི་བླ་མ་དྲན།།
༼༡༤༽
ཆོས་གཏམ་འཇོལ་མོའི་གྲེ་འགྱུར་སྙན་མོ་ཡིས།།
གཞན་སེམས་མགུ་བའི་མཛད་པ་གྲགས་ཆེ་ཡང་།།
རང་རྒྱུད་ཞིང་ས་འདུལ་སྦྱོང་མ་བྱས་པས།།
ཡོན་ཏན་སྙེ་མས་དབེན་པའི་ཚུལ་བསམས་ཚེ།།
༼༡༥༽
འབྱོར་ཕྱུག་མཐོན་པོའི་དཔལ་ལ་རྡོག་པས་བརྫིས།།
བསྟོད་བཀུར་ཞེ་སའི་གཏམ་ལ་ཐལ་བ་གཏོར།།
འཇིག་རྟེན་མི་གྲལ་བསྐྱུར་ནས་ལྷ་གྲལ་བསྙེགས།།
ཆོས་པའི་མིག་དཔེ་ལེན་སའི་བླ་མ་དྲན།།
༼༡༦༽
འབྱུང་འཁྲུགས་ན་ཚ་སྨན་གྱིས་བཅོས་སྲོལ་མེད།།
རྐྱེན་ཟློག་རིམ་གྲོར་མོ་རྩིས་བྱེད་མ་མྱོང་།།
ཁོ་ཐག་གཅིག་ལ་ཆོད་པའི་ཆེ་བ་ཡིན།།
སེང་གེས་གངས་རྩེ་བཟུང་འདྲའི་རྣམ་ཐར་དྲན།།
༼༡༧༽
མཐོན་པོའི་དཔོན་ལ་ངོ་བསྲུང་བརྩི་བཀུར་མེད།།
དམའ་མོའི་འཁོར་གཡོག་སྐྱོང་བའི་འདུ་ལོང་སྤང་།།
གཅིག་པུར་རང་ཚུགས་བརྟན་པའི་ཆེ་བ་ཡིན།།
ཟླ་བ་ཁེར་འགྲོ་འདྲ་བའི་རྣམ་ཐར་དྲན།།
༼༡༨༽
སྲིད་ལས་ངེས་འབྱུང་སྦྱངས་པའི་ཡོན་ཏན་ལ།།
རྟག་ཏུ་གནས་པས་ཚུལ་ཁྲིམས་དྲི་བསུང་འཐུལ།།
འཕགས་པའི་སྤྱོད་ལ་གནས་པའི་ཆེ་བ་ཡིན།།
ཙན་དན་སྡོང་པོ་འདྲ་བའི་རྣམ་ཐར་དྲན།།
༼༡༩༽
བཞུགས་ས་གཅིག་ནས་སྐུ་ཚེའི་མཐའ་རུ་བསྐྱལ།།
གནས་མལ་གཅིག་ནས་བསྒྲུབ་པའི་རང་ཚུགས་བཟུང་།།
ཆོག་ཤེས་གཏིང་ནས་སྐྱེས་པའི་ཆེ་བ་ཡིན།།
སྤང་ལ་བེ་ཕུར་བཏབ་འདྲའི་རྣམ་ཐར་དྲན།།
༼༢༠༽
མི་མིན་གདོན་བགེགས་འབྱུང་པོས་ཉེར་འཚེ་མེད།།
སྐྱེ་རྒ་ན་འཆིའི་འཕྲང་ལ་འཇིགས་པ་བྲལ།།
བདག་འཛིན་ནང་ནས་ཆོད་པའི་ཆེ་བ་ཡིན།།
སྟག་མོས་ནགས་ཚལ་གཤེགས་འདྲའི་རྣམ་ཐར་དྲན།།
༼༢༡༽
ལྟ་སྟངས་གཟིགས་སྟངས་སྒོམ་པའི་ཚུལ་འཆོས་སྤང་།།
སྟོང་གསལ་རིག་པའི་ངང་ལ་འཕྲེད་དུ་གཟིམ།།
སྦས་པའི་རྣལ་འབྱོར་མཛད་པའི་ཆེ་བ་ཡིན།
རྒྱ་གར་གྲུབ་ཆེན་འདྲ་བའི་རྣམ་ཐར་དྲན།།
༼༢༢༽
དེང་དུས་མི་ཡི་ཆོས་མིན་བྱ་སྤྱོད་འགར།།
མཚང་འདོན་གདམས་ངག་སྐྱོན་གྱི་ཐོག་ཏུ་འབེབས།།
ལྷག་བསམ་གཏིང་ནས་དཀར་བའི་ཆེ་བ་ཡིན།།
ཕ་མས་བུ་ཕྲུག་བསྐྱངས་འདྲའི་རྣམ་ཐར་དྲན།།
༼༢༣༽
གང་ཤར་གསུང་ལ་སྤང་བླང་འདམ་ག་མེད།།
དྲང་པོའི་ངག་ལ་ཀུན་ཀྱང་ངོ་མཚར་སྐྱེས།།
གཡོ་སྒྱུ་ཟོལ་ཟོག་མེད་པའི་ཆེ་བ་ཡིན།།
ཆེ་བའི་རྣམ་ཐར་དྲན་བཞིན་གསོལ་བ་འདེབས།།
༼༢༤༽
རོང་ཀློང་རྣམ་གཉིས་འཇམ་མགོན་མི་ཕམ་པའི།།
གསུང་རབ་ཁོ་ན་ཐུགས་ཀྱི་གཙིགས་སུ་བཟུང་།།
བརྒྱུད་པ་བསླད་དང་བྲལ་བའི་ཆེ་བ་ཡིན།
ཆེ་བའི་རྣམ་ཐར་དྲན་བཞིན་གསོལ་བ་འདེབས།།
༼༢༥༽
སྐུ་ཚེའི་མཐར་ཕྱིན་འདའ་ཁའི་ཉིན་མོའི་བར།།
མདོ་སྔགས་ཆོས་ཀྱི་འཆད་སྤེལ་ཆད་པ་མེད།།
བསྟན་ལ་བྱ་བ་བྱས་པའི་ཆེ་བ་ཡིན།།
ཆེ་བའི་རྣམ་ཐར་དྲན་བཞིན་གསོལ་བ་འདེབས།།
༼༢༦༽
གང་གི་ཆེ་བའི་རྣམ་ཐར་རྗེས་དྲན་ནས།།
གསོལ་འདེབས་གླིང་བུའི་དབྱངས་ཀྱིས་འདིར་བསྐུལ་ན།།
ཉམས་དང་རྨི་ལམ་སྒྱུ་མའི་གྲོང་ཁྱེར་ནས།།
ཡང་ཡང་དགྱེས་པའི་ཞལ་རས་མཇལ་གྱུར་ཅིག།
༼༢༧༽
སྐྱིད་སྡུག་མ་ངེས་ལས་ཀྱི་བཀའ་ལུང་འོག།
སེམས་རྩ་ཁེན་སའི་སྡོང་པོ་ཁྱེད་ཡིན་པས།།
དག་པའི་ཞིང་ནས་ཐུགས་རྗེའི་སྤྱན་རས་ཀྱིས།།
འཕྲིན་ལས་དུས་ལས་མ་ཡོལ་བླ་མ་རྗེ།།
༼༢༨༽
ཀུན་རྟོག་འགྱུ་བ་ཆུ་བོའི་རྦ་རླབས་འདི།།
ཆོས་དབྱིངས་གདོད་མའི་རྒྱ་མཚོར་མ་འདྲེས་བར།།
རིགས་བདག་མེ་ཏོག་དཀར་པོའི་ཅོད་པན་ཁྱེད།།
འབྲལ་མེད་སྤྱི་བོའི་རྒྱན་དུ་མཛེས་གྱུར་ཅིག།
ཅེས་པ་འདི་སྙིགས་མའི་དུས་འདིར་བཀའ་གདམས་དགེ་བའི་བཤེས་གཉེན་ཆེན་པོ་དག་དང་གཉིས་སུ་མ་མཆིས་པའི་རྣམ་ཐར་འཛིན་པ་མཁན་རིན་པོ་ཆེ་ཆོས་དབྱིངས་ཁྱབ་བརྡལ་ལགས་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པའི་མཛད་སྒོ་ལ། རྗེས་དྲན་གྱི་རྩོམ་ཚིག་ཅིག་འབྲི་དགོས། ཞེས་རྗེ་གང་གི་སློབ་མའི་དམ་པ་འགས་བསྐུལ་མ་གནང་བ་བཞིན། ནད་ཀྱི་དབང་གིས་ཡི་གེ་འབྲི་རྩོམ་སོགས་ཀྱི་ལས་ལ་ངལ་ཚེགས་ཅུང་ཟད་ཆེ་ཡང་ཆོས་ཀྱི་གྲོགས་པོ་རྣམས་ཀྱི་ཞལ་ངོ་མ་བཟློག་ཙམ་དུ་མདོ་རྡོ་རྗེ་བྲག་ནས་འཆི་མེད་རིག་འཛིན་གྱིས་སྨྲས་རིམ་བཞིན་གཞན་ལ་ཡི་གེར་ཕབ་ཏུ་བཅུག་པ་དགེ། སྤྱི་ལོ ༢༠༢༠.༨.༢༦