June 2021

༄༅། །ཞབས་བརྟན་སྨོན་ཚིག་འཆི་མེད་རྔ་སྒྲ་བཞུགས་སོ། །  

༄༅། །ཞབས་བརྟན་སྨོན་ཚིག་འཆི་མེད་རྔ་སྒྲ་བཞུགས་སོ། །  

སྟོན་ཁའི་མཁའ་ལ་གཟའ་སྐར་ཤར་འདྲ་བའི།  །

བཀའ་བརྒྱད་བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་ཀྱི།  །

ཞི་རྒྱས་དབང་དྲག་འཕྲིན་ལས་ཚད་མེད་པས།  །

བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བསྲིང་བར་མཛོད།  །

ཨོ་རྒྱན་མཁའ་འགྲོའི་གསང་མཛོད་གཏེར་གྱི་ཆོས།  །   

ཤེས་རབ་རང་བྱུང་སྒྲོན་མེའི་རྩལ་ལས་ཤར།  །

པདྨའི་རྒྱལ་ཚབ་སྟག་ཤམ་སྤྲུལ་པའི་སྐུ།  །

འཇིགས་བྲལ་སྦས་པའི་རྡོ་རྗེ་ཞབས་བརྟན་ཤོག  །

ཁམས་གསུམ་ཟིལ་གནོན་རིག་པའི་རྒྱལ་ས་ཟིན།  །

སྣང་སེམས་སྒྱུ་མའི་འཁོར་ལ་རང་དབང་བསྒྱུར།  །

པདྨ་རྒྱལ་པོ་ཉིད་དང་དབྱེར་མེད་དུ།  །

བྱིན་རླབས་རྒྱ་མཚོའི་གཏེར་དུ་ཞབས་བརྟན་ཤོག  །

སྣང་སྲིད་དག་པར་ཤར་བས་འདུལ་ཁྲིམས་གཙང་།  །

ཚད་མེད་བྱང་ཆུབ་སེམས་ལ་རང་དབང་འབྱོར།  །

ཤཱཀྱ་སེངྒེ་ཉིད་དང་དབྱེར་མེད་དུ།  །

མདོ་སྔགས་བསྟན་པའི་བདག་པོར་ཞབས་བརྟན་ཤོག  །

ནམ་མཁའ་ལྟ་བུའི་ཆོས་ཉིད་དོན་རྟོགས་ནས། །

མ་ལུས་ཤེས་བྱའི་ཆོས་ཀུན་སྒྲིབ་མེད་གསལ།  །

བློ་ལྡན་མཆོག་སྲེད་ཉིད་དང་དབྱེར་མེད་དུ།  །

བླུན་རྨོངས་འགྲོ་བའི་སྒྲོན་མེར་ཞབས་བརྟན་ཤོག  །

དགའ་བཞིའི་འགྲོས་ཀྱིས་ས་ལམ་ཐོད་བརྒལ་བྱས།  །

འདོད་ཡོན་མ་སྤངས་ཚོགས་གཉིས་གྲོགས་སུ་བསྒྱུར།  །

མཚོ་སྐྱེས་རྡོ་རྗེ་ཉིད་དང་དབྱེར་མེད་དུ།  །

གནས་གསུམ་མཁའ་འགྲོའི་གྲོགས་སུ་ཞབས་བརྟན་ཤོག  །

པདྨའི་ཐ་ཚིགས་བཀའ་ལ་མི་ཉན་པའི།  །

སྡེ་བརྒྱད་འབྱུང་པོའི་མགོ་བོ་རྡོག་པས་ནོན།  །

རྡོ་རྗེ་གྲོ་ལོད་ཉིད་དང་དབྱེར་མེད་དུ།  །

བདུད་སྲིན་དམ་སྲིའི་གཤེད་དུ་ཞབས་བརྟན་ཤོག  །

སྨོན་ལོག་ཀླ་ཀློའི་བྱད་ཀ་དབྱིངས་སུ་བཟློག  །

བསྟན་པའི་དགྲ་བོའི་ཚེ་སྲོག་ཕུར་རྩེས་བཞེས།  །

སེངྒེ་སྒྲ་སྒྲོག་ཉིད་དང་དབྱེར་མེད་དུ།  །

བསྟན་འགྲོའི་དཔལ་མགོན་དམ་པར་ཞབས་བརྟན་ཤོག  །

ཆོས་བརྒྱད་འཁྲུལ་བའི་རྟོག་པ་ཟིལ་གྱིས་མནན།  །

བརྟུལ་ཞུགས་སྤྱོད་པས་སྣང་སེམས་དབང་དུ་བསྡུས།  །

ཉི་མ་འོད་ཟེར་ཉིད་དང་དབྱེར་མེད་དུ།  །

སྙིགས་ལྔའི་མུན་སེལ་ཉིད་དུ་ཞབས་བརྟན་ཤོག  །

འབྲེལ་ཚད་འགྲོ་ལ་ཐར་བའི་ས་བོན་བཞག  །

འཕྲིན་ལས་རྣམ་བཞིས་བསྟན་པའི་ཉམས་རྒུད་གསོས།  །

པདྨ་སམ་བྷ་ཉིད་དང་དབྱེར་མེད་དུ།  །

རྗེ་འབངས་ཉེར་ལྔའི་ཚབ་ཏུ་ཞབས་བརྟན་ཤོག  །

ཡོ་བྱད་རེ་ལ་བསྟན་སྲུང་དམ་ཅན་འཁོར།  །

སྐྲ་རྩེ་རེ་ན་མཁའ་འགྲོའི་བརྡ་གླུ་ལེན།  །

རས་དཀར་ནབ་བཟར་དཔའ་བོའི་བྱིན་གཡང་ཆགས།  །

བཤད་སྒྲུབ་བསྟན་འཛིན་དམ་པ་ཞབས་བརྟན་ཤོག  །

མཚུངས་མེད་བླ་མའི་སྐུ་ཚེ་ཡུན་དུ་བརྟན།  །

ལུས་ལྡན་སློབ་བུའི་ཕ་རྗེས་བུ་ཡིས་ཟིན།  །

དཔོན་སློབ་མི་འབྲལ་རྟག་ཏུ་ཆོས་ལ་སྤྱོད།  །

དགེ་ལེགས་སྣང་བས་གནས་འདི་མཛེས་གྱུར་ཅིག  །

ཅེས་པ་འདི་ཆོས་ཀྱི་གྲོགས་པོ་ཤེར་ཆུང་གིས་གཏེར་སྟོན་རིན་པོ་ཆེ་ཨོ་རྒྱན་ཤེས་རབ་ལགས་ཀྱི་ཞབས་བརྟན་ཞིག་འབྲི་དགོས་པའི་བསྐུལ་མ་གནང་བ་བཞིན། ལྷག་བསམ་དག་པས་རྗེ་གང་གི་ཞབས་པད་ཡུན་དུ་བརྟན་ཞིང་འཕྲིན་ལས་ཕྱོགས་མཐར་རྒྱས་པའི་རྟེན་འབྲེལ་བཟང་པོའི་ཤིས་སྨོན་དུ་འཆི་མེད་རིག་འཛིན་གྱིས་སྨྲས་རིམ་བཞིན་གཞན་ལ་ཡི་གེར་ཕབ་ཏུ་བཅུག་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག  །