རྒྱ་བོད་ཀྱི་དམ་ཆོས་བདེན་རྫུན་འགྱེད་པའི་གླུ་སྐོར་དང་པོ།།
རྒྱ་བོད་ཀྱི་དམ་ཆོས་བདེན་རྫུན་འགྱེད་པའི་གླུ་སྐོར་དང་པོ།།
ན་མོ་གུ་རུ་ནིརྨ་ཀཱ་ཡ་ཡེ།།
༼༡༽
ཆོས་སྐུ་རྒྱལ་བའི་ཞིང་ལས་དེ་ཉིད་གཟིགས་ཅིང་།།
ལོངས་སྤྱོད་རྫོགས་སྐུའི་མཚན་དཔེའི་སྒྱུ་འཕྲུལ་མངོན་པའི།།
སྣ་ཚོགས་སྤྲུལ་སྐུའི་རོལ་བ་དཔག་མེད་སྟོན་པ།།
བདེན་པའི་སྐུ་གསུམ་ཚོགས་ལ་མཆོད་ཕྱག་འབུལ་ལོ།།
༼༢༽
ཆོས་མེད་སྤྲང་པོ་ཕྱུག་པོས་ནོར་ཕྱིར་རྒྱགས།།
བསྐྱེད་རྫོགས་མེད་པར་ཞིང་ཁམས་བཀོད་པ་བཤད།།
རྫུན་ལ་བློ་ཕུག་བཅོལ་བའི་སྤྲུལ་རྫུན་རིགས།།
སྐུ་གསུམ་མིང་དོན་མ་གོ་འཁོར་བ་འཁྱམས།།
༼༣༽
ལྷོ་རྒྱལ་འཛམ་བུ་གླིང་གི་ཡངས་སྟེངས་ན།།
མཆོག་གི་སྤྲུལ་སྐུ་ཤཱཀྱ་ཐུབ་པ་དང་།།
རྒྱལ་ཀུན་རྣམ་སྤྲུལ་པདྨ་འབྱུང་གནས་དང་།།
བཟོ་སྐྱེའི་སྤྲུལ་སྐུ་བདེན་པ་བསམ་མི་ཁྱབ།།
༼༤༽
སྟོན་པ་སྐུ་བལྟམས་དཀའ་སྤྱད་གནང་བ་དང་།།
ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཀུན།།
མདོ་སྔགས་ཐེག་པའི་སྙིང་དོན་སེམས་ཐུལ་ན།།
དམ་ཆོས་ཚུལ་བཞིན་སྒྲུབ་པའི་དོན་དག་གོ།
༼༥༽
ཉོན་མོངས་ཤུགས་དྲག་སྡེ་སྣོད་ཚོང་ལས་ཙམ།།
མི་དགེ་བཅུ་སྤྱོད་དགེ་བཅུ་སྐྱོན་དུ་འཛིན།།
སྤྱི་དོན་ཟེར་ནས་སྒེར་དོན་སྐྱོང་བའི་རིགས།།
ཕན་བདེ་སྤེལ་འདོད་བཤད་ན་ལོག་པའི་ལམ།།
༼༦༽
བདེན་བཞིའི་མི་ཤེས་ཁ་བཤད་ཙམ་དུ་ཆགས།།
སྐུ་གསུམ་མ་ཤེས་ཚོང་ལས་སྒེར་དོན་གཉེར།།
དོན་གཉིས་ཟེར་ནས་གཞན་གནོད་གཞི་བཅས་སྒྲུབ།།
སྐྱབས་གཅིག་མི་ཤེས་འགྲོ་རྣམས་རྨོངས་པར་སྐྱོ།།
༼༧༽
ཉིས་བརྒྱ་ལྔ་བཅུའི་སྡོམ་ཁྲིམས་མེད་བཞིན་དུ།།
རབ་བྱུང་སྡོམ་རྒྱུན་སྤེལ་བའི་མཁན་པོ་དང་།།
སྙིང་རྗེ་རྩ་བ་གཞན་ཕན་མེད་བཞིན་དུ།།
དར་ཤི་ངན་སྐུལ་བྱེད་པའི་ཁྲེལ་མེད་དོར།།
༼༨༽
ཆོས་ལྡན་གངས་ཅན་ཡུལ་དུ་མ་སྐྱེས་ཀྱང་།།
དག་སྣང་དགེ་བསྙེན་དམ་ཚིག་མེད་བཞིན་དུ།།
གོས་ཆས་གང་བྱུང་གྱོན་པའི་ཁྱབ་སྒྲག་ཚོ།།
མདོ་སྔགས་མ་ཤེས་བསྟན་པའི་ཞབས་འདྲེན་ནོ།།
༼༩༽
མཐོང་སྒོམ་ཉོན་མོངས་གཉེན་པོར་སོང་བ་དང་།།
བརྒྱད་བཅུ་རྩ་གཉིས་རྟོགས་ཚོགས་གྲོལ་བ་ན།།
རྟོགས་ལྡན་ཆོས་པ་ཡང་དག་དེ་ཀ་ཡིན།།
གོས་དང་རྟགས་ལ་ཁྱད་པར་མ་བལྟ་ཨང་།།
༼༡༠༽
ཉམ་ཆུང་མགོ་ལ་རྐང་པས་བརྫིས་པ་དང་།།
དཔོན་ཆེན་རིགས་ལ་མགོ་སྐོར་བཏངས་པ་དང་།།
འཛམ་གླིང་མི་དམངས་གཡོ་སྒྱུས་བསླུ་བས་པ་དག།
ཤེས་ཚེ་མི་སྨྲས་རྟུལ་ཞུགས་འཛིན་ཕོད་དམ།།
༼༡༡༽
སྙིང་གི་གྲོགས་པོར་མ་ཉེས་སྒྲོ་བཀུར་བཏབས།།
བྱང་ཆུབ་ལམ་རིམ་སྒྲུང་གཏམ་ཙམ་ཏུ་བསྒྱུར།།
གཉིས་སྨན་དབུ་མ་རྒྱ་དམར་དཔུང་དུ་ཕུལ།།
ཡ་མ་ཟུང་གི་རྫུ་འཕྲུལ་མ་མཐོང་ངམ།།
༼༡༢༽
ཉན་ཐོས་ཐེག་པ་འཁོར་བའི་འདུག་ཆོས་སྤེལ།།
རང་རྒྱལ་ཐེག་པའི་དྲི་ཙམ་མི་བྲོ་བར།།
བྱང་ཆུབ་སེམས་དཔའི་སྤྲུལ་སྐུ་ཡིན་ཟེར་ན།།
དཔྱོད་ལྡན་གང་ཞིག་ཡིད་ཆེས་བྱེད་སྲིད་དམ།།
༼༡༣༽
མོ་ལ་སྨད་ནས་ཕོ་ལ་ངོ་སོ་འདོན།།
སྔགས་ལ་སྡང་ཞིང་བོན་ལ་གྱེར་བ་འདིས།།
འགྲོ་ལ་ཕན་པའི་ཐབས་ཤིག་ལྟ་ཅི་སྨོས།།
དེ་འདྲའི་མགོན་ལ་རེ་བ་མ་བྱེད་ཅིག།
༼༡༤༽
བདེན་གཉིས་མ་ནོར་འགྲོ་ལ་ཕན་མཛད་ཅིང་།།
ཕྱི་ནང་ཆོས་རྣམས་སེམས་ཀྱི་དོན་རྟོགས་ན།།
བླ་མེད་ཐེག་པའི་སྟོན་པར་གོར་མ་ཆགས།།
དགོན་གྲོང་གནས་ལ་ཁྱད་པར་མ་མཐོང་ངོ་།།
༼༡༥༽
དགེ་བཅུའི་བླང་དོར་མཁས་པའི་མཁན་པོ་གཅིག།
ལུགས་གཉིས་མཁྱེན་རྒྱ་ཡངས་པའི་དཔོན་གཉིས།།
རིམ་གཉིས་རང་དབང་འབྱོར་བའི་སྔགས་པ་གསུམ།།
འཛམ་བུ་གླིང་འདིའི་ཉི་ཟླ་སྐར་གསུམ་ལགས།།
༼༡༦༽
ཐེག་པ་ཆེན་པོའི་བསམ་སྤྱོད་གཏན་མེད་པར། །གསང་ཆེན་སྨིན་གྲོལ་དབང་བསྐུར་བྱས་ན་ཡང།།
བསམ་མེད་བྱིས་པས་ཌཱ་དྲིལ་དཀྲོལ་བ་དང་།།
ཆོས་མིན་རྐང་རྩེད་སྤོ་ལོ་ཁྱབ་བསྒྲགས་བཞིན།།
༼༡༧༽
ཐེག་ཆེན་མིན་པར་ཐེག་ཆེན་ཁས་འཆེ་བ།།
བོང་བུས་སེང་གེའི་པགས་པ་གྱོན་དང་འདྲ།།
བསམ་སྤྱོད་བྱང་ཆུབ་སེམས་དང་མ་འབྲེལ་ན།།
དབུ་མ་སེམས་ཙམ་དྲི་ཡང་མི་བྲོའོ།།
༼༡༨༽
གཟུང་འཛིན་གཉིས་སྤངས་ཚོགས་ཆེན་རྫོགས་པའི་ཚེ།།
ས་བཅུའི་སེམས་དཔའི་རྟུལ་ཞུགས་ཕྲིན་ལས་རྒྱས།།
རྒྱལ་དང་རྒྱལ་བའི་རྒྱལ་ཚབ་གྱུར་པ་རྣམས།།
ནམ་ཡང་རྫུན་གྱི་གོ་སྐབས་མཆིས་མི་སྲིད།།
༼༡༩༽
ཁྱིམ་པས་དགྲ་འདུལ་གཉེན་སྐྱོང་བྱེད་པ་གཅིག།
རབ་བྱུང་ཁྱིམ་མེད་དགོན་དུ་གནས་པ་གཉིས།།
སྔགས་འཆང་བསྐྱེད་རྫོགས་འདོད་ཡོན་རོལ་བ་གསུམ།།
ཐེག་པའི་གོ་རིམ་མ་ནོར་མཁྱེན་པར་མཛོད།།
༼༢༠༽
འདོད་ལྔ་བུད་མེད་ཟེར་ནས་མ་སྨོད་དང་།།
དགྲ་བཅོམ་མཚན་ཉིད་ཚང་ན་སྨྲ་བ་ཉུང་།།
བརྫུན་ལ་བསྟོད་ཅིང་བདེན་ལ་སྨད་པ་དག།
ཆོས་དོན་རང་བཞིན་མ་ཤེས་བརྡ་རྟགས་ལགས།།
༼༢༡༽
ཉན་རང་འཁོར་བ་སྤོངས་དགོས་རྒྱལ་བས་གསུངས།།
བྱང་སེམས་རང་དོན་སྤོངས་བར་ཡོངས་སུ་གདམས།།
གསང་སྔགས་འདོད་ཡོན་ལམ་ཁྱེར་སངས་རྒྱས་བཀའ།།
ཕྱོགས་རིས་མེད་པར་སོ་སོས་མོས་པར་སྤྱོད།།
༼༢༢༽
ཆོས་སྐུའི་དགོངས་པ་མཉམ་ན་རྫོགས་ཆེན་པ།།
ལོངས་སྐུའི་བདེ་ཆེན་རོལ་ན་ཕྱག་ཆེན་པ།།
སྤྲུལ་སྐུའི་ཆགས་བྲལ་སྤྱོད་ན་དབུ་མ་པ།།
ཉན་རང་དགེ་སློང་ཡིན་ན་དགྲ་བཅོམ་པ།།
༼༢༣༽
དགེ་སྡིག་བླང་དོར་བརྩོན་ན་ཡ་རབས་པ།།
རང་དོན་ཁོ་ན་གཉེར་བ་འཇིག་རྟེན་པ།།
མི་དགེ་སྡིག་ལས་སྤྱོད་པ་མུ་སྟེགས་པ།།
སྲོག་གཅོད་དཔའ་བོ་འདོད་པ་ཁ་ཆེ་བ།།
༼༢༤༽
ཁྱི་ཕག་བརྟུལ་ཞུགས་སྤྱོད་པ་འདོ་མེད་པ།།
སངས་རྒྱས་ཆོས་ལ་སྡང་བའི་ལོག་ལྟ་བ།།
ལྷ་དང་རྗེ་ལ་དད་མོས་ཡེ་ཤུ་པ།།
སེམས་ཅན་བསམ་པའི་གྲངས་བཞིན་ཐེག་པ་མཆིས།།
༼༢༥༽
མུ་སྟེགས་འབའ་འཇི་ཟེར་བ་ལོག་ན་མེད།།
ནང་གི་སེམས་རྒྱུད་དུལ་བ་དམ་པའི་ཆོས།།
སངས་རྒྱས་བསྟན་པ་བདུད་ཀྱིས་བསླུས་པ་མེད།།
སྨྱོ་པས་སྒྲོ་བཀུར་འདེབས་ཀྱང་ངལ་བའི་རྒྱུ།།
༼༢༦༽
དཀོན་མཆོག་སྐྱབས་སུ་འཛིན་པ་ནང་པ་སྤྱི།།
གཞན་ཕན་རྣམ་ཐར་སྐྱོང་བ་བྱང་སེམས་ཚོགས།།
གསང་ཆེན་བསྟན་པ་སྤེལ་བ་སྔགས་འཆང་རྣམས།།
སངས་རྒྱས་བསྟན་པ་མཁོ་ན་མེད་ཐབས་མེད།།
༼༢༧༽
གཏི་མུག་མུན་ཚོགས་དག་པས་ཤེས་རབ་གསལ།།
འདོད་ཆགས་རྒྱ་མཚོ་རྫོགས་ནས་སྙིང་རྗེ་འཕེལ།།
ང་རྒྱལ་ཞེ་སྡང་རི་རབ་སྨིན་ཅིང་གྲོལ།།
ཕྲག་དོག་རླུང་དམར་འཇམ་ནས་ཐར་པ་ཐོབ།།
ཅེས་པ་འདི་ཡང་བོད་པ་ཟེར་བ་འགའ་རེས་ཐལ་ཆེས་པའི་སྐད་ཆ་དང་ངན་སྐུལ་ལ་རྣམ་དཔྱོད་མེད་པ་འགས་ཡི་རང་གི་མོས་མཐུན་ལ་སུན་སྣང་དང་ཁྱད་པར་སྔགས་འཆང་ཡོངས་སྨད་པ་དག་མ྄ཐོང་བ་དང་དེ་མ་ཐག་ཏུ་གང་ཤར་དུ་དབྱིན་ཡུལ་ཨ་ཏིའི་དགོན་པ་ནས་མཁན་ཆེན་བླ་མ་འམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་ཆོས་དང་བོད་པ་ཡོངས་ནས་བདེན་རྫུན་ཡང་དག་ཅིག་ཤེས་པའི་ཆེད་དུ་གསུངས་པར་རྫོགས་སོ།།