February 2020

སྐྱབས་འགྲོ་འཆད་པ་ལ་ས་བཅད་ཆེན་པོ་བཅུ་གཅིག་སྟེ། ༡ སྐྱབས་འགྲོ་བྱེད་པའི་རྒྱུ་མཚན། ༢ སྐྱབས་ཡུལ་ལ་གསུམ་ཡོད་པའི་རྒྱུ་མཚན། ༣ སྐྱབས་ཡུལ་ངོས་བཟུང་བ། ༤ དེ་སྐྱབས་སུ་འོས་པའི་རྒྱུ་མཚན། ༥ སྐྱབས་འགྲོའི་ངོ་བོ། ༦ སྐྱབས་འགྲོའི་རྒྱུ། ༧ སྐྱབས་འགྲོའི་དམིགས་པ་བྱ་ཚུལ། ༨ སྐྱབས་སུ་འགྲོ་བའི་ཚུལ། ༩ སྐྱབས་འགྲོའི་བསླབ་བྱ། ༡༠ སྐྱབས་འགྲོའི་ཕན་ཡོན། ༡༡ སྐྱབས་འགྲོའི་ལག་ལེན་དངོས་དང་བཅུ་གཅིག་གོ།

༡ ༼སྐྱབས་འགྲོ་བྱེད་པའི་རྒྱུ་མཚན༽

ང་ཚོས་སྐྱབས་འགྲོ་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། དེ་ལ་རྒྱུ་མཚན་མང་པོ་ཡོད་ཀྱང་གཙོ་བོ་ནི། རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་སྤྱོད་འཇུག་ལས།

ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །

དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །

དེ་ལྟས་དགེ་བ་ཉམ་ཆུང་ཉིད་ལ་རྟག །སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །

ཞེས་གསུངས་པ་ལྟར་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུ་དཀར་པོའི་དགེ་བའི་བསམ་པ་ནི་ང་རང་ཚོའི་རྒྱུད་ལ་སྲིད་མཐའ་ཙམ་དུ་འབྱུང་ཞིང་སྟོབས་ཡང་ཤིན་ཏུ་ཆུང་ལ། ངན་སོང་གི་རྒྱུ་ནག་པོ་སྡིག་པའི་ལས་ནི་ང་རང་ཚོའི་རྒྱུད་ལ་དུས་རྟག་ཏུ་འབྱུང་ཞིང་། སྟོབས་ཡང་ཤིན་ཏུ་ཆེ་བས། ངན་འགྲོར་འགྲོ་བའི་རྒྱུ་ཚོགས་ཆ་ཚང་ཞིང་། སྟོབས་ཆེ་ལ་ཡང་ཡང་འབྱུང་བས། ངན་འགྲོར་བར་ངེས་སོ། །དེ་ལྟ་བུའི་་ཚུལ་བསམས་ནས་ཤིན་ཏུ་འཇིགས་ཤིང་སྐྲག་ནས་དེ་ལས་ཐར་བའི་ཐབས་སྟོན་མཁན་ཞིག་སུ་འདུག་སྙམ་དུ་ཕྱོགས་ཀུན་ཏུ་བཙལ་ཀྱང་སངས་རྒྱས་ཉག་གཅིག་ལས་གཞན་སུ་ཡང་རྙེད་དུ་མེད་པས། རྒྱུ་མཚན་དེ་ལ་བརྟེན་ནས་སངས་རྒྱས་དང་དེས་བསྟན་པའི་ཆོས་དང་། དེ་ཚུལ་བཞིན་སྒྲུབ་པའི་གྲོགས་དགེ་འདུན་བཅས་ལ་སྐྱབས་སུ་འགྲོ་བ་རེད།

དེ་ཡང་རྒྱལ་སྲས་ཞི་བ་ལྷས།

སུ་ཞིག་འཇིག་རྟེན་འདི་ལ་བདག །ལེགས་པར་སྐྱོབ་པར་བྱེད་འགྱུར་ཞེས། །

བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་འཚོལ་བར་བྱེད། །

ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་ཏུ་ཡིད་མུག་འགྱུར། །

གནས་དེར་སྐྱབས་ཡོད་མ་ཡིན་ན། །དེ་ཚེ་བདག་གིས་ཇི་ལྟར་བྱ། །

དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་མཛད་པ། །

སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །

ཞེས་གསུངས་སོ། །

༢ ༼སྐྱབས་ཡུལ་ལ་གསུམ་ཡོད་པའི་རྒྱུ་མཚན༽

ཡེ་ཤུ་སོགས་ཆོས་ལུགས་གཞན་དག་ལ་འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་ཅེས་སྐྱབས་ཡུལ་གཅིག་མ་གཏོགས་མི་བཞེད་ལ། རང་རེ་ནང་པ་ལ་སྐྱབས་ཡུལ་ལ་སྐྱབས་གནས་དཀོན་མཆོག་གསུམ་བཞག་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། དེ་ལ་རྒྱུ་མཚན་ཡོད་རེད། དཔེར་ན་ནད་པ་ཚབས་ཆེན་པོ་ཞིག་ཡོད་ན། དེ་ལ་དང་པོ་སྨན་པ་མཁས་པ་ཞིག་བཙལ་དགོས། དེ་ཙམ་གྱིས་མི་ཆོག་པར་སྨན་ཡག་པོ་རྙེད་དགོས། དེ་ཙམ་གྱིས་མི་ཆོག་པར་ནད་གཡོག་ཡག་པོ་ཞིག་བཙལ་དགོས་རེད། དཔེ་དེ་དང་འདྲ་བར། རང་རེ་ཉོན་མོངས་དུག་གསུམ་གྱིས་ཡུན་རིང་པོར་མནར་བའི་ནད་པ་ལ། ནད་དེ་ལས་ཐར་བ་ལ་དང་པོ་སྨན་པ་མཁས་པ་དང་འདྲ་བའི་སྐྱབས་སྟོན་པ་པོ་སངས་རྒྱས། སྨན་དང་འདྲ་བའི་ཆོས། ནད་གཡོག་དང་འདྲ་བའི་ཆོས་སྒྲུབ་པའི་ཟླ་གྲོགས་དགེ་འདུན་གསུམ་ངེས་པར་ཚང་དགོས། དེ་དག་གཅིག་མ་ཚང་ཀྱང་མི་འགྲིག དཔེར་ན་སྨན་པ་ཡོད་ཀྱང་། སྨན་མེད་ན་ནད་དྲག་ཐབས་མེད། སྨན་པ་དང་སྨན་ཡོད་ཀྱང་། ནད་གཡོག་ཡག་པོ་ཞིག་མེད་ན་ནད་དེ་ལས་གསོ་བ་ནི་ཤིན་ཏུ་དཀའ་བ་བཞིན་ནོ། །དེ་ཡང་རང་རེའི་བོད་ཀྱི་གཏམ་དཔེར། ཡང་ན་ནད་པ་བདག་མེད་འཆི། ཡང་ན་ནད་པ་དབང་ཆེན་འཆི། ཞེས་ཁ་རྒྱུན་ལ་འབྱུང་བ་ཡང་ཤིན་ཏུ་བདེན་ནོ། །

༣༼སྐྱབས་ཡུལ་ངོས་བཟུང་བ༽

ཡུལ་ངོས་བཟུང་བ་ནི། བསྟོད་པ་བརྒྱ་ལྔ་བཅུ་པ་ལས།

གང་ཞིག་ལ་ནི་ཉེས་པ་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང། །

གང་ལ་རྣམ་པ་ཐམས་ཅད་དུ། །ཡོན་ཏན་ཐམས་ཅད་གནས་གྱུར་པ། །

གལ་ཏེ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང། །

དེ་བསྟོད་དེ་ནི་བཀུར་བ་དང་། །དེ་ཡི་བསྟན་ལ་གནས་པའི་རིགས། །

ཞེས་གསུངས་པ་ལྟར་སྐྱབས་དང་སྐྱབས་མ་ཡིན་པ་འབྱེད་པའི་བློ་ཞིག་ཡོད་ན་ནི་སླུ་བ་མེད་པའི་སྐྱབས་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་བར་རིགས་སོ། །དེས་ནི་ཆོས་དང་དགེ་འདུན་དཀོན་མཆོག་ཀྱང་མཚོན་པ་ཡིན་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། ཞེས་སོ། །མདོར་ན་སྐྱབས་ཡུལ་ནི། སྐྱོན་མཐའ་དག་ཟད་ཅིང་། ཡོན་ཏན་ཡོངས་སུ་རྫོགས་པའི་སླུ་བ་མེད་པའི་སྐྱབས་སངས་རྒྱས་བཅོམ་ལྡན་འདས་དང་། དེས་གསུངས་པའི་ཆོས། དེ་སྒྲུབ་པའི་དགེ་འདུན་བཅས་སོ། །

༤༼དེ་སྐྱབས་སུ་འོས་པའི་རྒྱུ་མཚན༽

རང་ཉིད་འཇིགས་པ་ཐམས་ཅད་ལས་གྲོལ། གཞན་འཇིགས་པ་ལས་སྒྲོལ་བའི་ཐབས་ལ་མཁས། ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག །ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་པ་ཞིག་སྐྱབས་སུ་འོས་ལ། དེ་ཡང་སངས་རྒྱས་ཁོ་ན་ལ་ཡོད་ཀྱི་དབང་ཕྱུག་སོགས་ལ་མེད་པས་དེ་ཉིད་སྐྱབས་ཡིན་ལ། དེའི་ཕྱིར་དེས་བསྟན་པའི་ཆོས་དང་ཉན་ཐོས་ཀྱི་དགེ་འདུན་ཡང་སྐྱབས་སུ་འོས་སོ། །རྗེའི་ལམ་རིམ་ཆེན་མོར་གསུངས་པ་ལྟར་རོ། །

༥ ༼སྐྱབས་འགྲོའི་ངོ་བོ་ནི༽

རང་ཉིད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལ་འཇིགས་ཤིང༌སྐྲག་ནས། དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཡོད་པར་ཡིད་ཆེས་པའི་སྒོ་ནས་དཀོན་མཆོག་གསུམ་ལ་བསམ་པ་ཐག་པ་ནས་སྡུག་བསྔལ་མཐའ་དག་ལས་སྐྱོབས་པར་བློ་ལིངས་ཀྱིས་སྒྱུར་བའི་བསམ་པ་ལ། སྐྱབས་འགྲོ་ཟེར།

༦ ༼སྐྱབས་འགྲོའི་རྒྱུ༽ སྡུག་བསྔལ་མཐའ་དག་ལ་འཇིགས་པའི་འཇིགས་སྐྲག་དང་། དེ་ལ་སྐྱོབ་པའི་ནུས་པ་དཀོན་མཆོག་ལ་ཡོད་པར་ཡིད་ཆེས་པའི་ཡིད་ཆེས་གཉིས་སོ། །

རྗེའི་ལམ་རིམ་ཆེན་མོ་ལས། དཀར་པོའི་ལས་སྟོབས་ཆུང་ཞིང་ནག་པོའི་ལས་ཤིན་ཏུ་སྟོབས་ཆེ་བས་ངན་འགྲོར་ལྟུང་བའི་ཚུལ་བསམས་པས་ངན་འགྲོས་འཇིགས་ཤིང་དཀོན་མཆོག་ལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་པ་གཉིས་ཡིན་ནོ། །དེས་ན་དེ་གཉིས་ཚིག་ཙམ་དུ་སོང་ན་སྐྱབས་འགྲོ་ཡང་དེ་དང་འདྲ་ལ། དེ་གཉིས་ཤུགས་དྲག་ལ་བརྟན་པ་ཞིག་ཡོད་ན་སྐྱབས་འགྲོ་ཡང་ཡིད་འཁུལ་བ་ཞིག་འོང་བས་རྒྱུ་གཉིས་ལ་འབད་པར་བྱའོ། །ཞེས་གསུངས་སོ། །

༧ ༼སྐྱབས་འགྲོའི་དམིགས་པ་བྱ་ཚུལ༽

མདུན་གྱི་ནམ་མཁར་སེང་ཁྲི་པདྨ་ཉི་ཟླའི་སྟེང་དུ་རང་གི་དྲིན་ཅན་རྩ་བའི་བླ་མ་དང་དབྱེར་མེད་པའི་རྒྱལ་བ་ཤཱཀྱ་ཐུབ་པ། དེའི་མཐར་བླ་མ་ཡིད་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དཔག་ཏུ་མེད་པ་སྦྲིན་གྱི་ཕུང་པོ་འཐིབ་པ་ལྟར་བཞུགས་པར་མོས། རང་གི་མཐའ་སྐོར་དུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱང་འཁོད་པར་མོས་ཏེ། རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སྤྱིར་འཁོར་བ་དང་ཁྱད་པར་ངན་སོང་གི་སྡུག་བསྔལ་གྱིས་ཡང་དང་ཡང་དུ་མནར། ད་དུང་དེ་ལས་སྐྱོབ་པའི་སྐྱབས་ཤིག་མ་བསྟེན་ན་སྡུག་བསྔལ་མུ་མཐའ་མེད་པར་མྱོང་དགོས་པར་འདུག་པས་ད་རེས་སྐྱབས་ཤིག་བསྟེན་པར་བྱ། དེ་ལ་སྐྱབས་སུ་འོས་པ་སུ་འདུག་སྙམ་ན་མདུན་གྱི་བླ་མ་ཡི་དམ་སོགས་རང་འཇིགས་པ་མཐའ་དག་ལས་གྲོལ། གཞན་སྒྲོལ་བའི་ཐམས་ལ་མཁས། ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་པར་བྱེད་པས་ན་འདི་རྣམས་སྐྱབས་སུ་འོས། དེས་ན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྡུག་ལེགས་ཉེས་ཅི་བྱུང་ཡང་སྐྱབས་དཀོན་མཆོག་གསུམ་མིན་པ་རེ་ས་མེད་པས་བླ་མ་དཀོན་མཆོག་མཁྱེན་སྙམ་པའི་བློ་གདུང་ཤུགས་དྲག་པོས། བླ་མ་ལ་སྐྱབས་སུ་མཆིའོ་སོགས་བརྗོད་པས། སྐྱབས་ཡུལ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་རང་གཞན་ཐམས་ཅད་ལ་ཕོག་ཏེ་བྱིན་གྱིས་བརླབས་པར་བསམ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་བ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེ་ལྟར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་བརྗོད་པས་སྐྱབས་ཡུལ་རྣམས་ལས་འོད་ཟེར་འཕྲོས་ཏེ་རང་གཞན་ཐམས་ཅད་བྱིན་གྱིས་བརླབས་པར་བསམ། དེ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ལྡན་ན་ཅི་མ་རུང༌། ལྡན་པར་བདག་གིས་བྱའོ་སྙམ་པས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་བརྗོད་པས། སྐྱབས་ཡུལ་རྣམས་ལས་འོད་ཟེར་འཕྲོས་ཏེ་རང་གཞན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱིན་གྱིས་བརླབས་པར་བསམ། དེ་བཞིན་དུ་ཕྱི་མ་གསུམ་ལའང་རིགས་འགྲེའོ། །

༨ ༼སྐྱབས་སུ་འགྲོ་བའི་ཚུལ༽

ཁྱད་པར་འཕགས་བསྟོད་ལས།

བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱོད་ལ་བདག་སྐྱབས་མཆིས། །

དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །

ཞེས་གསུངས་པ་ལྟར་རང་དང་གཞན་གྱི་སྟོན་པའི་ཁྱད་པར་ལེགས་པར་ཤེས་པའི་སྒོ་ནས་སྐྱབས་སུ་འགྲོ་དགོས་ཀྱི། བླུན་པོ་ཆུ་སྣ་གར་ཁྲིད་བྱ་མི་རུང་ངོ་། །

༩ ༼སྐྱབས་འགྲོའི་བསླབ་བྱ༽

བསླབ་བྱ་ལ་སྐྱབས་སོ་སོའི་བསླབ་བྱ་དང་། སྐྱབས་གསུམ་ཐུན་མོང་གི་བསླབ་བྱ་གཉིས་ཡོད། སོ་སོའི་བསླབ་བྱ་ལ་གཉིས་ལས་དང་པོ་དགག་པའི་བསླབ་བྱ་ནི།

མྱང་འདས་ལས།

གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །

ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །

དམ་པའི་ཆོས་ལ་སྐྱབས་འགྲོ་། །འཚེ་ཞིང་གསོད་པའི་སེམས་དང་བྲལ། །

དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་པ་མིན། །

ཞེས་གསུངས་པ་ལྟར་ལྷ་གཞན་ལ་སྐྱབས་སུ་མི་འགྲོ་བ་དང་།སེམས་ཅན་ལ་གནོད་འཚེ་སྤོང་བ་དང་། མུ་སྟེགས་ཅན་དང་མི་འགྲོགས་པ་གསུམ་མོ། །འཇིག་རྟེན་པའི་ལྷ་དྲག་པོ་དང་ཁྱབ་འཇུག་སོགས་ལའང་ཕུགས་ཀྱི་སྐྱབས་སུ་མི་འཛིན་ན། ཡི་དྭགས་སུ་གྱུར་པའི་གཞི་བདག་དང་ཀླུ་ལ་ལྟ་ཅི་སྨོས། དེ་ཡང་སྐྱབས་གསུམ་ལ་ཡིད་མ་ཆེས་ནས་དེ་དག་ལ་བློ་འགེལ་ན་མི་རུང་བ་ཡིན་གྱི། དེ་དག་ལ་འཕྲལ་གྱི་ཆོས་ལྡན་གྱི་བྱ་བ་འགའ་ཞིག་གི་གྲོགས་འཆོལ་མི་རུང་བ་ནི་མིན་ནོ། །དཔེར་ན་སྦྱིན་བདག་ལ་འཚོ་བའི་གྲོགས་འཆོལ་བ་དང་། སྨན་པ་ལ་ནད་གསོ་བའི་རེ་ལྟོས་འཆའ་བ་བཞིན་ནོ། །

གཉིས་པ་སྒྲུབ་པའི་བསླབ་བྱ་ནི། སངས་རྒྱས་ཀྱི་སྐུ་གཟུགས་རི་མོར་བྲིས་པ་ལེགས་ཉེས་ཅི་འདྲ་ཞིག་ལའང་དཔྱས་མི་གདགས་ཤིང་འོ་བརྒྱལ་སར་མི་གཞག །གཏའ་མར་འཇོག་པ་སོགས་མི་གུས་པ་དང་བརྙས་ཐབས་སྤངས་ནས། སྟོན་པ་དངོས་ལྟར་བཀུར་བའི་ཞིང་དུ་གཟུང་དགོས་ཏེ།

བཤེས་སྤྲིངས་ལས།

ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང། །

བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །

ཅེས་གསུངས་པ་ལྟར་རོ། །

གཉིས་པ་སྐྱབས་གསུམ་ཐུན་མོང་གི་བསླབ་བྱ་ལ་དྲུག་ལས། དང་པོ་ཡོན་ཏན་དྲན་པའི་སྒོ་ནས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ། གཉིས་པ་བཀའ་དྲིན་དྲན་པའི་སྒོ་ནས་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ། གསུམ་པ་གཞན་སྐྱབས་འགྲོ་ལ་འགོད་པ། བཞི་པ་ཕན་ཡོན་དྲན་པའི་སྒོ་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་སྐྱབས་སུ་འགྲོ་བ། ལྔ་པ་བྱ་བ་གང་བྱེད་ཀྱང་དཀོན་མཆོག་ལ་བློ་བཀལ་ནས་བྱེད་པ། དྲུག་པ་དཀོན་མཆོག་གསུམ་སྲོག་གམ་ཐ་ན་བཞད་གད་ཀྱི་ཕྱིར་ཡང་མི་སྤོང་བ་དང་དྲུག་གོ།

༡༠ ༼སྐྱབས་སུ་འགྲོ་བའི་ཕན་ཡོན༽

ཕར་ཕྱིན་བསྡུས་པ་ལས།

སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། །ཁམས་གསུམ་འདི་ཡང་སྣོད་དུ་ཆུང་། །

རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་གྱིས་གཞལ་བར་ག་ལ་ནུས། །

ཞེས་གསུངས་པ་ལྟར་རོ། །

༡༡ ༼སྐྱབས་འགྲོའི་ལག་ལེན་དངོས༽

སྐྱབས་འགྲོའི་བསླབ་བྱ་“ལས་འབྲས”སམ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཚུལ་བཞིན་དུ་བསྲུང་བ་ཉིད་འཁོར་བ་དང་ངན་སོང་ལས་སྐྱོབ་པའི་སྐྱབས་དངོས་ཡིན་གྱི། དེ་ལས་གཞན་དུ་སངས་རྒྱས་དངོས་ཕེབས་ཀྱང་ཅི་ཡང་མཛད་དུ་མེད་དེ།

མདོ་ལས།

ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །

ཉིད་ཀྱི་རྟོག་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །

ཞེས་གསུངས་པ་ལྟར་རོ། །

གཞན་ཡང་རྗེ་ཙོང་ཁ་པ་ཆེན་པོའི་ལམ་རིམ་བསྡུས་དོན་ལས་ཀྱང་། ཤི་ནས་ངན་འགྲོར་མི་སྐྱེའི་གདེང་མེད་ཅིང༌། །དེ་ཡི་འཇིགས་སྐྱོབ་དཀོན་མཆོག་གསུམ་དུ་ངེས། །དེ་ཕྱིར་སྐྱབས་འགྲོ་ཤིན་ཏུ་བརྟན་པ་དང༌། །དེ་ཡི་བསླབ་བྱ་ཉམས་པ་མེད་པར་བྱ། །དེ་ཡང་དཀར་ནག་ལས་འབྲས་ལེགས་བསམས་ནས། །བླང་དོར་ཚུལ་བཞིན་སྒྲུབ་ལ་རག་ལས་སོ། །ཞེས་གསུངས་སོ། །དེས་ན་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཚུལ་བཞིན་དུ་བསྲུང་བ་རྨང་གཞིར་བཟུང་སྟེ། དེ་ནས་རིམ་གྱིས་ཇོ་བོའི་ལམ་རིམ་ནས་གསུངས་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་བློ་ལེགས་པར་སྦྱངས་ཏེ། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་ཐར་བར་བྱ་དགོས་ཀྱིས། ཁ་ནས་སྐྱབས་འགྲོ་འདོན་པ་ཙམ་དང་། ཡིད་ཀྱིས་སྐྱབས་སུ་སོང་བ་ཙམ་གྱིས་ཐར་པ་ཐོབ་པའི་གནས་མེད་དོ། །

ཞར་བྱུང་།

འོ་ན་མི་དགེ་བ་བཅུ་པོ་སོ་སོའི་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ཇི་ལྟར་ཡིན་ཞེ་ན།

དབུ་མ་རིན་ཆེན་ཕྲེང་བ་ལས།

གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །རྐུ་བ་ཡིས་ནི་ལོངས་སྤྱོད་ཕོངས། །

བྱི་བོ་བྱེད་པས་དགྲ་དང་བཅས། །རྫུན་དུ་སྨྲ་བས་སྐུར་མང་སྟེ། །

ཕྲ་མ་ཡིས་ནི་བཤེས་དང་འབྱེད། །རྩུབ་པོ་ཡིས་ནི་མི་སྙན་ཐོས། །

མ་འབྲེལ་བ་ཡིས་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །

གནོད་སེམས་འཇིགས་པ་སྦྱིན་པར་བཤད། །ལོག་པར་ལྟ་བས་ལྟ་ངན་ཉིད། །

ཅེས་གསུངས་སོ། །

Leave a Reply

Your email address will not be published. Required fields are marked *