འཕགས་མ་དོན་ཀུན་གྲུབ་པའི་ནང་བསྒྲུབ་ཡིད་བཞིན་ནོར་བུ་
འཕགས་མ་དོན་ཀུན་གྲུབ་པའི་ནང་བསྒྲུབ་ཡིད་བཞིན་ནོར་བུ་
སྙིང་གི་ཏི་ལ་ཀཿབཞུགས་སོ༔
ན་མོ་གུ་རུ་ཨཱཪྻ་ཏཱ་ཪེ་ཡ༔ སྔོན་ཚེ་ཨོ་རྒྱན་གུ་རུ་པདྨ་འབྱུང༔ ཏི་སྒྲོའི་བྲག་དཀར་མཁའ་འགྲོའི་གསང་ཕུག་ཏུ༔ ཡབ་ཡུམ་གཉིས་མེད་བསྒྲུབས་པ་ཞག་བདུན་མཛད༔ དེ་ནས་རྗེ་འབངས་རྣམས་ལ་སྙན་བརྒྱུད་ཀྱི༔ དབང་ལུང་རྒྱུད་དང་མན་ངག་གནང་ནས་སུ༔ ཨོ་རྒྱན་ཆེན་པོའི་ཞལ་ནས་འདི་སྐད་གསུངས༔ ཀྱེ་ཧོ་སྙོན་དང་རྗེ་འབངས་གྲུབ་ཆེན་རྣམས༔ མ་འོངས་སྙིགས་མ་ལྔ་བདོའི་དུས་སྐབས་ནདོན་ཟབ་གཏེར་འདོན་པའི་ཚེ༔ ད་ལྟའི་བདུད་སློན་སྨོན་ལོག་འཕྲལ་རྐྱེན་དང༔ སེམས་ཅན་ལས་ངན་སྤྱོད་པའི་འབྲས་བུ་ཡིས༔ ཟབ་གཏེར་འདོན་ཚེ་བར་ཆད་མང་པ་དང༔ འགྲོ་དོན་སྤྱོད་ལ་བཀྲ་མི་ཤིས་པ་དང༔ དོན་ཀུན་ཉམས་ཤིང་མི་འདོད་སྣ་ཚོགས་འབྱུང༔ དེ་སླད་བར་ཆད་ཞི་ཞིང་བཀྲ་ཤིས་ཕྱིར༔ འཕགས་མ་དོན་ཀུན་འགྲུབ་པའི་སྙིང་པྠཱ་བཅུད༔ ཉམས་སུ་ལོངས་དང་ཕྱི་རབས་སྐལ་ལྡན་རྣམས༔ བཀྲ་ཤིས་དོན་ཀུན་གྲུབ་པའི་ནོར་བུ་མཚུངས༔ སྔོན་ཚེ་གནས་མཆོག་རི་བོ་ཏཱ་ལ་ནས༔ འཕགས་མ་ལྷ་མོའི་ང་ལ་དངོས་སུ་སྩལ༔ ངས་ནི་གཞན་ལ་སྦས་ཏེ་སྙིང་དུ་བཅིང༔ ད་ལྟ་ཁྱེད་རྣམས་འགྲོདོན་མཐའ་རྒྱས་ཕྱིར༔ ཆུ་ལས་སྐྱེས་བཞིན་ཉམས་བཞེས་མཛོད་ཅིག་རྗེས་འཇུག་རྣམས༔ ས་མ་ཡཱ༔ དེ་ལ་དང་པོ་བསྒྲུབ་པའི་དུས༔ སྤྲོས་བཅས་སྤྲོས་མེད་རྣམ་པ་གཉིས༔ དང་པོ་སྤྲོས་བཅས་རིམ་པ་ནི༔ དཀྱིལ་འཁོར་མདའ་གང་གྲུ་བཞིའི་དབུས༔ ལྟེ་བར་ཆོས་འབྱུང་བསྣོལ་མ་དང༔ དེ་དབུས་ཟླ་དཀྱིལ་ཏཱཾ་གྱིས་མཚན༔ ཕྱི་རོལ་རྡོ་ར་མེ་རི་དང༔ དེའི་ཕྱིར་དཔལ་བེའུ་བསྐོར་བ་ལ༔ རྟེན་འབྲེལ་སྙིང་པོའི་གཟུགས་སྔགས་བཀོད༔ དེ་དབུས་རིན་ཆེན་མཉྫིའི་ཁར༔ བུམ་པ་ཆོས་སྨན་བཅུད་ཀྱི་དགང༔ ཁ་རྒྱན་ལྷ་ཤིང་མ་ཉམས་པ༔ དེ་ལ་ལྷ་ཡི་སྐུ་གཟུག་སློང་སྒྲོན༔ གཡས་སུ་མཁའ་འགྲོའི་གཏོར་མ་ནི༔ ནོར་བུའི་དབྱིབས་ཅན་དཔའ་བེའུའི་མཚན༔ གཡོན་དུ་མཚན་ལྡན་ཀ་པཱ་ལར༔ རྒྱ་ཆང་བཟང་པོས་གཏམ་པ་བཤམས༔ མདུན་དུ་རང་བྱུང་ཤེལ་རྡོ་དང༔ རྒྱབ་ཏུ་མདའ་ལ་དར་གྱིས་བརྒྱན༔ འདོད་ཡོན་མཆོད་པས་མཐའ་བསྐོར་ཏེ༔ རང་ཉིད་བདེ་བའི་སྟན་ལ་འཁོད༔ ཕྱི་མཚམས་ནས་ལྷུན་གྱིས་གྲུབ༔ ཕུང་ཁམས་ལྷ་ཡི་དཀྱིལ་འཁོར་དང༔ འདོད་ཡོན་མཆོད་པའི་རྫས་མཆོག་ཏེ༔ ཡེ་ཡིན་ཤེས་པ་མཆོག་ཏུ་བསྔགས༔ དེ་ལ་དང་པོ་སྐྱབས་འགྲོ་ནི༔ ན་མོ༔ དུས་གསུམ་རྒྱལ་ཀུན་གསང་གསུམ་གྱི༔ ཕྲིན་ལས་གཅིག་ཏུ་བསྡུས་པའི་དཔལ༔ འཕགས་མ་ལྷ་མོ་སྒྲོལ་མ་ལ༔ སྙིང་ནས་གུས་པསསྐྱབས་སུ་མཆི༔ ལན་གསུམ་དེ་ནས་སེམས་བསྐྱེད་ནི༔ ཧོ་ནམ་མཁའི་གླང་པོ་མཐའ་མཉམ་མར་གྱུར་འགྲོ༔ དོན་ཀུན་གྲུབ་པ་སངས་རྒྱས་ཀྱི༔ གོའཕང་མཆོག་ལ་འགོད་བྱའི་ཕྱིར༔ འཕགས་མ་ལྷ་མོ་བསྒྲུབ་པར་བགྱི༔ ལན་གསུམ་ཡན་ལག་བདུན་པ་ནི༔ ཧོཿ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང༔ འཕགས་མ་ལྷ་མོའི་དཀྱིལ་འཁོར་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཡིད་ལས་སྤྲུལ་དང་དངོས་འབྱོར་གྱིས༔ མྱུར་མ་དཔའ་མོའི་དཀྱིལ་འཁོར་མཆོད༔ བཅས་དང་ལྔ་བཞིན་འགལ་བ་ཡི༔ ཉེས་ཚོགས་ཆོས་སྐུའི་ཀློང་དུ་བཤགས༔ རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི༔ བྱང་ཆུབ་སྤྱོད་ལ་རྗེས་ཡི་རང༔ ཕྱོགས་བཅུར་བཞུགས་པའི་རྒྱལ་ཀུན་གྱིས༔ གསུང་དབྱངས་ཆོས་འཁོར་སྐོར་བར་བསྐུལ༔ རྡོ་རྗེའི་སྐུ་བརྙེས་རྒྱལ་བ་རྣམས༔ འཕོ་མེད་ཆེན་པོར་གསོལ་བ་འདེབས༔ དམིགས་བཅས་དམིགས་མེད་དགེ་ཚོགས་ཀུན༔ བཤང་ཆུབ་དམ་པའི་རྒྱུ་རུ་བསྔོ༔ དེ་ནས་བགེགས་ཚོགས་བསྐྲད་པ་ནི༔ ཧཱུཾ་སྣང་སྲིད་འཕགས་མའི་དཀྱིལ་འཁོར་ལ༔ ལོག་པར་འདྲེན་པའི་བདུད་བགེགས་ཚོགས༔ འདོད་ཡོན་གཏོར་མ་འདི་ལོངས་ལ༔ ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ ཧཱུཾ་ཧཱུཾ་བཛྲ་རཀྴ་པྲོ་དྷ་སརྦ་བིགྷནན་མཱ་ར་ཡ་ཧཱུཾ་ཕཊ༔ དེ་ནས་བསྲུང་འཁོར་བསྣོས་པ་ནི༔ ཧཱུཾ༔ ཡེ་ཤེས་ལྷ་ཡི་དཀྱིལ་འཁོར་འདིར༔ གདོད་ནས་བར་ཆད་མཚན་མ་བྲལ༔ ཡེ་ཡིན་ལྷ་སྔགས་ཆོས་ཉིད་རྫོགས༔ འཕོ་མེད་རྡོ་རྗེ་བསྲུང་འཁོར་བསྒོམ༔ བཛྲ་རཀྵ་རཀྵ་ཧཱུཾ་བྷྲཱུཾ༔ དེ་ནས་བྱིན་ཆེན་འབེབས་པ་ནི༔ ཧཱུཾ་ཧྲཱི༔ ཕྱོགས་དུས་རབ་འབྱམས་ཞིང་ཁམས་རྡུལ་རྙེད་ན༔ བཞུགས་པའི་རྒྱལ་རྣམས་ཐུགས་རྗེ་ཆེན་པོ་ཡིས༔ རྗེ་བཙུན་འཕགས་མ་ལྷ་མའི་སྐུར་བཞེངས་ཏེ༔ བདག་རྒྱུད་ཡེ་ཤེས་བྱིན་ཆེན་དབབ་ཏུ་གསོལ༔ བཛྲ་ཛྙཱ་ཧ་ཌཱ་ཀི་ནི་ཨཪྻ་ཏཱ་རེ་ཨ་ཝེ་བུ་ཡ་ཕེཾ་ཕེཾ༔ དེ་ནས་མཆོད་རྫས་བྱིན་རླབས་ནི༔ ཧཱུཾ་ཧྲཱི༔ ཡེ་ཤེས་རང་གདེངས་ཤར་བ་ཡི༔ སྣང་སྲིད་མཆོད་པའི་ཕྱག་རྒྱ་ཆེ༔ འཕགས་མའི་ལྷ་ཚོགས་དགྱེས་སྐོང་ཕྱར༔ འཛད་མེད་མཆོད་པའི་རྣམ་རོལ་གྱུར༔ བཛྲ་ཛྙཱ་ན་སྥ་ར་ན་ཁཾ༔ དངོས་གཞི་ཏིང་འཛིན་ལྷ་བསྐྱེད་ནི༔ ཨཱ༔ ཆོས་ཉིད་གདོད་ནས་རང་བཞིན་སྤྲོས་མཚའ་བྲལ༔ དུས་གསུམ་རྒྱལ་བའི་བ་ཐམས་ཅད་ཀློང་དུ་རྫོགས༔ དེ་ལྟར་མ་རྟོག་འགྲོ་ལ་སྙིང་རྗེ་ཡིས༔ ལྷུན་གྲུབ་དག་པ་ཡེ་ཤེས་སྐུར་སྣང་བ༔ རང་མདུན་ནམ་མཁར་འོད་ལྔའི་ཐིག་ལེའི་དབུས་༔ དཔལ་བེའུ་ཏཱཾ་གྱིས་མཚན་པ་ཡོངས་གྱུར་ལས༔ དོན་ཀུན་གྲུབ་པའི་སྒྲོལ་མ་ལྗང་སེར་མདངས༔ ཞལ་གཅིག་ཕྱག་གཉིས་ཞི་འཛུམ་རྒྱས་པའི་ཉམས༔ ཕྱག་གཡས་མཆོག་སྦྱིན་ཕྱག་འགྲོ་བ་སྐྱོབ༔ ཕྱག་གཡོན་དཀོན་མ་བཅོས་རྒྱུ་ཆ་གསུམ་མཚོན་ཕྱག་རྒྱ་ཡིས༔ ཨུཏྤལ་ལས་གནས་དཔལ་གྱི་བེའུ་སྣམ༔ རིན་ཆེན་པྲོག་ཞུ་སྟོད་གཡོག་སྨད་ཤམས་དང༔ རཏྣའི་རྒྱན་ཕྲེང་ལ་སོགས་ཆས་རྣམས་རྫོགས༔ རོལ་རྩལ་འགག་པ་མེད་པའི་རང་མདངས་ལས༔ འཁོར་དུའཕགས་མ་ལྷ་མོ་ཉེར་གཅོག་དང༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཀུན༔ འཇའ་འོད་ཐིག་ལེ་འོད་ཕུང་ཀློང་དུ་གསལ༔ གནས་གསུམ་ཐུགས་སྲོག་ཏཱཾ་ལས་འོད་འཕྲོས་པས༔ རང་བཞིནགནས་ནས་སྤྱན་དྲངས་དབྱེར་མེད་བསྟིམ༔ སྤྱན་འདྲེན་ནི༔ ཏཱཾ་སྐྱེམེད་ཆོས་སྐུའི་མཁའ་ཀློང་ནས༔ ལྷུན་གྲུབ་འདད་མེད་རྒྱལ་བ་རྣམས༔ འཕགས་མ་ལྷ་མོའི་སྐུར་བཞེངས་ཏེ༔བྱིན་གྱིས་བརླབས་ཕྱིར་གཤེགས་སུ་གསོལ༔ ཨཱཪྻ་ཏཱ་རེ་ས་པ་རི་ཝ་ར་བཛྲ་ས་མ་ཡཱ་ཛ་ཛ༔ དེ་ནས་ཞུགས་སུ་གསོལ་བ་ནི༔ ཧོཿ རང་བཞིན་འགག་པ་མེད་པའི་ཆོས༔ ལྷུན་གྲུབ་ཡེ་ཤེས་ལྷ་ཚོགས་རྣམས༔ འབྲལ་བ་མེད་པའི་ཆོས་ཉིད་གཤིས༔ མཉམ་ཉིད་པློ་དུ་བརྟན་ཉར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ན་མོ༔ དུས་གསུམ་རྒྱལ་བ་མ་ལུས་ཀུན༔ སྤྲོ་བསྡུའི་བདག་ཉིད་བཅོམ་ལྡན་འདས༔ ཡེ་ཤེས་འཕགས་མའི་ལྷ་ཚོགས་ལ༔ རང་ཞལ་མཇལ་བས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ དེ་ནས་མཆོད་པ་ནི༔ ཧཱུཾ་ཧྲཱིཿ སྣང་སྲིད་ཆོས་རྣམས་མཆོད་པའི་སྤྲིན༔ ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ༔ བདག་གི་ཆོགས་གཉིས་རྫོགས་པའི་ཕྱིར༔ འཕགས་མ་ལྷ་མོའི་དཀྱིལ་འཁོར་མཆོག༔ ཨཱཪྻ་ཏཱ་རེ་ས་པ་རི་ཝ་ར་ཨརྒྷཾ་སོགས་ནས་ཤཔྟའི་བར་གྱིས་མཆོད༔ ཧཱུཾ་ཧྲཱིཿ རང་སྣང་ཆོས་ཉིད་རོལ་བ་ལས༔ སྨན་རཀ་གཏོར་གསུམ་ཡེ་ཤེས་ཚོས༔ དགྱེས་བསྐང་མཆོད་པའི་སྤྲིན་ཆེན་པོ༔ འཕགས་མའི་ལྷ་ཚོགས་དགྱེས་ཕྱིར་འབུལ༔ མ་ཧཱ་པཉྩ་རཀྟ་བྷལི་ངྟ་ཁ་ཧི༔ ཧཱུཾ་ཧྲཱིཿ རྣམ་ཀུན་མཆོག་ལྡན་མཁའ་ཀློང་ནས༔ ཐབས་ཤེས་བདེ་སྟོང་ལྷན་སྐྱེས་ཀྱི༔ དགའ་བཞི་ཟུང་འཇུག་མཆོད་སྤྲིན་ཆེས༔ འཕགས་མ་ལྷ་མོ་འཁོར་བཅས་མཆོད་༔ མ་ཧཱ་སུ་ཁ་བོདྷི་ཙིཏྟ་ཧོ༔ དེ་ནས་བསྟོད་པ་ནི༔ ཧཱུཾ་ཧྲཱིཿ འཁོར་འདས་བྱང་ཆུབ་ཀ་དག་ཆོས་སྐུ་ལས༔ ཡེ་ཤེས་འདད་པ་མེད་པའི་སྐུར་སྔངས་བ༔ དཔའ་མོ་ཨཱཪྻ་ཏཱ་རེང་སྐུ་ལབསྟོད༔ སྒྲ་གདངས་གཉུག་མ་ནཱ་ད་ཆོས་ཉིད་གཤིས༔ བཟང་ངན་བརྗོད་པ་ཚིག་གི་མཐའ་ལས་འདས༔ གྲགས་སྟོང་ཆོས་ཉིད་རང་སྒྲའི་གསུང་ལ་བསྟོད༔ འཁྲུལ་མེད་པ་འོད་གསལ་ཆོས་ཉིད་ཁྱབ་གདལ་གཤིས༔ འགྲོ་ལ་དུས་གསུམ་བརྩེ་བའི་བདག་ཉིད་ཅན༔ འཕགས་མ་ལྷ་མོའི་ཐུགས་ལ་བསྟོད་པར་བགྱི༔ དེ་ལྟར་བསྟོད་པས་དེང་ནས་བྱང་ཆུབ་བར༔ རྒྱལ་བའི་ཡུམ་མཆོག་ཁྱེད་དང་མི་འབྲལ་ཞིང༔ རྒུད་པ་ཀུན་ཞི་བཀྲ་ཤིས་དོན་འགྲུབ་ཏེ༔ ཅི་བསམ་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ༔ དེ་ནས་ཕྱག་འཚལ་བ་ནི༔ རང་ལུས་ཞིང་གི་རྡུལ་སྙེད་དུ༔ སྤྲུལ་ནས་འཕགས་མའི་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་བས༔ གཉིས་མེད་ཡེ་ཤེས་ཐོབ་པར་བསམ༔ དེ་ལྷར་རབ་གུས་དྭངས་བ་ཡིས༔ འཕགས་མ་ཉེར་གཅིག་ཕྱག་འཚལ་ནི༔ གཉིས་གསུམ་བདུན་གྱི་བར་དུ་བརྗོད་་་་་གཉིས་ནི་ཉིན་དང་མཚན༔ གསུམ་ནི་ཆོ་ག་ཉིན་ལན་གསུམ་མཚན་ལན་གསུམ༔ བདུན་ནི་ཆོ་ག་ཚར་རེ་ལ་ཕྱག་འཚལ་ཉེར་གཅིག་ཚར་བྡི་རེ་དགོས་པར་གསུང་སྣང༔ མཆན༔ གེ་ལྟར་གསོལ་བ་བཏབ་པའི་མཐུས༔ འཕགས་མ་ལྷ་མོ་དགྱེས་བཞིན་དུ༔ རང་ལ་ཐིམ་པས་རང་ཉིད་ཀྱང༔ སྣང་སྟོང་ལྷ་ཡི་སྐུར་གསལ་བའི༔ ཐུགས་ཀར་ཟླ་སྟེང་དཔལ་བེའུའི་སྦུབ༔ ཏཱཾ་ཡིག་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་འགྲོ་བའི་ལས་ཉོན་སྦྱང༔ ཐམས་ཅད་འཕགས་མའི་སྐུརགྱུར་ཏེ༔ སྔགས་ཀྱི་རང་སྒྲ་སྒྲོག་པར་བསམ༔ ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཞེས་དང་ཉེ་སྙིང་ནི༔ ༀ་ཨཱཪྻ་་ཏཱ་རེ་ཏཱཾ་སྭཱ་ཧཱ༔ ཞེས་དང་ལསབསྙེན་ནི༔ ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཨརྠ་སིདྡྷི་ཀུ་རུ་སྭཱ་ཧཱ༔ དེ་ལྟར་རྩ་བསྙེན་བྱེ་བ་དང༔ ཉེ་བསྙེན་འབུམ་ཕྲག་གསུམ་དང་ནི༔ ལས་བསྙེན་འབུམ་ཕྲག་བཟླས་པ་ཡིན༔ ཅི་བསམ་དོན་ཀུན་ཐོགས་མེད་པར༔ འདོད་པའི་དོན་ལྟར་འགྲུབ་པར་འགྱུར༔ ཁྱད་པར་བཀྲ་མི་ཤིས་པ་དང༔ རླུང་རྟ་རྒུད་པ་ལ་སོགས་པ༔ ཉེས་ཚོགས་དྲི་མ་ཀུན་ཞི་ཞིང༔ བསོད་ནམས་འབྱོར་བ་སྙན་གྲགས་དང༔ ལོངས་སྤྱོད་དབྱར་མཚོ་ལྟར་རྒྱས་ཤིང༔ བསམ་དོན་མ་ལུས་ཆོས་བཞིན་འགྲུབ༔ ནག་ཕྱོགས་འབྱུང་པོ་ཁ་དར་ཞིང༔ དཀར་ཕྱོགས་བཀྲ་མི་ཤེས་པའི་དུས༔ འདི་ལ་ཡི་དམ་མཆོག་དུ་ཟུངས༔ བསོད་ནམས་བཀྲ་ཤིས་ཡོན་ཏན་འཕེལ༔ ལག་ཏུ་བླང་བས་ངེས་ཤེས་འགྱུར༔ ཐེ་ཚོམ་མེད་དོ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྗེས་རིམ་ཚོགས་ཀྱི་འཁོར་ལོ་ནི༔ བཟའ་བཏུང་ལོངས་སྤྱོད་ཚོགས་ཀྱི་རྫས༔ མ་ཚང་མེད་པར་འདུ་བྱས་ལ༔ དེ་ནས་བྱིན་གྱིས་རླབས་པ་ནི༔ ཧཱུཾ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཡི་གེ་རཾཿཡཾཿཁཾཿགསུམ་འཕྲོས༔ གཉིས་འཛིན་བག་ཆགས་བསྲེག་གཏོར་བཀྲུས༔ མཆོད་པའི་རྣམ་འཕྲུལ་དཔག་མེད་གྱུར༔ བཛྲ་སྥ་ར་ཎ་ཁཾ༔ ཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུཾ་ཧྲཱིཿ རང་སྣང་གཡུ་ལོ་བཀོད་པ་ནས༔ དོན་དམ་ཆོས་སྐུ་འཕགས་མའི་ཚོགས༔ རང་བཞིན་བདེ་བ་ཆེན་པོ་ཡི༔ ཤེས་ཚོགས་ལ་སྤྱན་འདྲེན་གཤེགས༔ ག་ན་ཙཀྲ་ཨཱཪྻ་ཏཱ་རེ་ཨེ་ཧྱེ་ཧི་ཛཿ ཧཱུཾ་བཾཧོ༔ ཚོགས་མཆོད་ནི༔ ཧཱུཾ་ཧྲཱིཿ བདེ་བ་ཆེན་པོའི་ཡེ་ཤེས་ཚོགས༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་འདི༔ འཕགས་མ་ལྷ་ཡི་ཚོགས་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ མ་ཧཱ་ག་ན་ཙཀྲ་ཁཱ་ཧི༔ བཤགས་པ་ནི༔ ཧཱུཾ་ཧྲཱིཿ རིག་འཛིན་འཕགས་མའི་ལྷ་ཚོགས་དགོངས༔ ཉོན་མོངས་བག་མེད་འགལ་འཁྲུལ་གྱིས༔ དམ་ཚིག་ཆགས་ཉམས་ནོངས་པ་ཀུན༔ ཚོགས་མཆོད་བསྐང་བས་ཐོལ་བཤགས་བཞེས༔ ག་ན་ཙཀྲ་ས་ཏྭ་སོགས་ནས་ས་ཏྭ་ཨཱ༔ དེ་ནས་བསྒྲལ་བ་ནི༔ སརྦ་བིགྷནན་ཤ་ཏྲུཾ་ཛ་ཧཱུཾ་བཾ༔ ཧཱུཾ་ཧྲཱིཿ བཀྲ་ཤིས་དོན་ཀུན་སྒྲུབ་པ་ལ༔ བར་ཆད་གླགས་ལྟ་བདུད་བགེགས་རྣམས༔ བཀུག་ཏེ་ཡེ་ཤེས་མཚོན་གྱིན་བསྒྲལ༔ འཕགས་མའི་ལྷ་ཚོགས་ཞལ་དུ་བསྟབ༔ མཧཱ་མཾ་པ་རཀྟ་ཙིཏྟ་རུ་ཏྲ་ཡ་བ་ག་ན་ཙཀྲ་ཁཱ་ཧི༔ ཚོགས་ལ་རོལ་ཞེང་ལྷག་མ་ནི༔ བྷྱོ༔ འཕགས་མའི་ཐུགས་ཀྱི་ཡེ་ཤེས་ལས༔ སྤྲུལ་བ་མ་སྲིང་རྒྱ་མཚོའི་ཚོགས༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ དོན་ཀུན་འགྲུབ་པའི་སྡོང་གྲོགས་མཛོད༔ ཌཱ་ཀ་ཌཱ་ཀི་ནི་ཨུཥྩ་ཊ་བྷལིངྟ་ཁཱ་ཧི༔ དེ་ནས༔ རང་རྩལ་འཕགས་མའི་ལྷ་ཚོགས་བཞེངས༔ བར་ཆད་གདོན་བགེགས་ཚར་ཆོད་ལ༔ བཀྲ་ཤིས་དོན་རྣམས་མྱུར་འགྲུབ་མཛོད༔ དེ་ནས་ཆད་ཐོ་ནི༔ ཧཱུཾ་ཧྲཱིཿ ཆོས་ཉིད་དབྱིངས་ཀྱི་ཡེ་ཤེས་ལས༔ འགགས་པ་མེད་པའི་ལྷར་ཤར་ཆེ༔ རྩལ་སྣང་དམ་ཅན་རྒྱ་མཚོའི་ཚོགས༔ མཆོད་གཏོར་ལོངས་ཆད་དོན་སྒྲུབས་༔ དྷརྨ་པཱ་ལ་བྷ་ལིངྟ་ཁཱ་ཧི༔ བརྟན་མ་ནི༔ ཧཱུཾ་ཧྲཱིཿ ར་ཞོ་འབྲེལ་བཅུ་གཉིས་གནས་དག་པའི༔ བདེ་ཆེན་བཅུ་གཉིས་ཌཱ་ཀའི་སྡེ༔ བཤལ་ཆུའི་ཕམ་ཕབ་འདི་རོལ་ནས༔ ཕྲིན་ལས་མཐའ་རྒྱས་མ་གཡེལ་ཞིག༔ མ་མ་དཱ་ཀི་ནི་བྷྱོ་ཛ་ཨི་དཾ་བྷ་ལིངྟ་ཁཱ་ཧི༔ དེ་ནས་རྟ་བྲོ་ནི༔ ཧཱུཾ་ཧྲཱིཿ ཡེ་ཤེས་འཕགས་མའི་ལྷ་ཚོགས་བཞེངས༔ གཉིས་སྣང་བདག་འཛིན་རུ་ཏྲ་ཀུན༔ སྟོང་ཆེན་རི་རབ་ཀློང་དུ་མནན༔ རང་གྲོལ་ཆོས་སྐུའི་བྲོ་རྡུང་ངོ༔ ཛྙཱ་ན་ཙིཏྟ་ས་རྦ་སིམ་པར་མ་ཕོ་སྲན་ཐུད་མའི་ལྷ་ཚོགས་དགོངས༔ རྩེ་གཅིག་ལྷ་མོ་ཁྱོད་སྒྲུབ་ན༔ ཐུགས་རྗེས་ཕྲིན་ལས་བདུད་རྩི་ཡིས༔ བདག་རྒྱུད་པངྨོ་་སིམ་པར་མཛོད༔ ཛྙཱ་ཧ་སརྦ་སིདྡྷི་ཕ་ལ་ཧོ༔ དེ་ནས་ནོངས་བཤགས་ནི༔ ཧོ་འཕགས་མའི་ལྷ་ཚོགས་དགོངས་སུ་གསོལ༔ བསྙེན་སྒྲུབ་ལྷག་ཆད་ཏིང་འཛིན་གཡེལ་༔ དམ་ཚིག་ཉམས་ཆགསའགལ་འཁྲུལ་ཀུན༔ འཕགས་མ་ལྷ་ཡི་ཚོགས་ལ་བཤགས༔ ས་མ་ཡཱ་ཤུདྡྷེ་ཨཱ༔ ཡིག་བརྒྱ་བརྗོད་ཅིང་བསྡུ་ལྡང་ནི༔ ཨཱ༔ རྩལ་སྣང་འཕགས་མའི་ལྷ་ཚོགས་རྣམས༔ ཆོས་སྐུ་སྤྲོས་བྲལ་པློ་དུ་བསྡུ༔ སླར་ཡང་ལྷུན་གྲུ་སྣང་ཆ་ལས༔ གང་འདུལ་སྤྲུལ་སྐུའི་རོལ་གར་སད༔ ཨ་ཨ༔ དེ་ནས་བཀྲ་ཤིས་ནི༔ ཧོ༔ དུས་གསུམ་རྒྱལ་ཀུན་ཕྲིན་ལས་བདག༔ རྗེ་བཙུན་འཕགས་མའི་སྐུ་གསུང་ཐུགས༔ རྣམ་ཀུན་བཀྲ་ཤིས་ཆེན་པོ་དེ༔ མཁའ་མཉམ་འགྲོ་ལ་རྟག་འཆར་ཤོག༔ ཞེས་བརྗོད་རྟེན་འབྲེལ་སྙིང་པོ་བཟླ༔ བསྔོ་སྨོན་ཟབ་མོསམཐའ་བརྒྱན་བྱ༔ ཨེ་མ༔ ཨོ་རྒྱན་ཆེན་པོའི་ཐུགས་ཀྱི་བཅུག༔ མཁའ་འགྲོ་སྟོང་གི་སྙིང་ཁྲག་ཏེ༔ ཟབ་པ་ལས་ཀྱང་ཟབ་པའི་བཀའ༔ བརྒྱུད་ཡི་གེ་མེད་པའི་ཆོས༔ རྗེས་འབངས་རྣམས་ཀྱི་གམ་ན་འཁོད་པའི་རི་མོ་མཁང་བའི་སྲོག༔ ཕྱི་རབས་ལས་སྐལ་ལྡན་ཀུན་གྱིས༔ ཉམས་སུ་ལོངས་དང་དོན་གཉིས་འགྲུབ༔ ཆིག་བརྒྱུད་གབ་པའི་མན་ངག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་མ་དང་མཁའ་འགྲོའི་སྙིང་བཅུད་ཟབ་མོ་འདིའང་གནུབས་བན་ཆེན་པོའི་སྒྱུ་འཕྲུལ་དུ་རློམས་པ་དྲག་གླིང་པས་གཏད་རྒྱ་ཆོས་ཉིད་ཀྱི་དབྱིངས་སྒྲོན་ནས་བསྒྱུར་བ་ལ་ཡི་གེ་པ་ནི་གཏེར་ཆོས་ཡོངས་རྫོགས་ཀྱི་མཛོད་འཛིན་ཆོས་བདག་སྤྲུལ་བའི་སྐུ་ཤཱཀྱའི་དགེ་སློང་བསྟན་འཛིན་དར་རྒྱས་ཀྱིས་མཛད་པས་འགྲོ་རྣམས་བཀྲ་ཤིས་བདེ་ལེགས་ཆེན་པོས་ཡོངས་སུ་སྐྱོང་བའི་རྒྱུར་གྱུར་ཅིག༔ སརྦ་མངྒ་ལཾ༔ དགེའོ༔ གཅིག་བརྒྱུད་ཀྱི་ལུང་ཐོབ༔