༧སྐྱབས་རྗེ་མཁན་ཆེན་བླ་མ་རིན་པོ་ཆེ།།
བླ་མ་མཁྱེན་ནོ།།
བསླབ་གསུམ་དྲི་མ་མེད་པའི་རྒྱ་མཚོ་ལ།།
མདོ་སྔགས་ཟབ་རྒྱས་གདམས་པའི་བདུད་རྩི་འཁྱིལ།།
གང་བསམ་ཡིད་བཞིན་ནོར་བུ་རིན་པོ་ཆེ།།
མཁན་ཆེན་བླ་མ་དཔལ་དགྱེས་རྡོ་རྗེ་མཁྱེན།།
ཆོས་གོས་རྣམ་གསུམ་མཛེས་པའི་ལྷུན་པོ་ལ།།
གཞན་ཕན་ཕྱིན་དྲུག་འབྲས་བུའི་ཁུར་གྱིས་ཕྱུག།
བཤད་སྒྲུབ་བསྟན་པའི་ཚོགས་ལ་རྟག་བརྩོན་པའི། །
མཚན་ཉིད་ཀུན་ལྡན་མཁན་ཆེན་བླ་མ་མཁྱེན།།
འཆད་པ་ཐོགས་མེད་མཁས་པར་དགའ་བ་སྟེར།།
རྩོད་པ་ཟླ་མེད་ལོག་རྟོག་སེལ་བའི་གཉེན།།
རྩོམ་པ་མཚུངས་མེད་ཟབ་གཏེར་འགྱེད་པའི་མགོན།།
རྩ་བའི་བླ་མ་དཔལ་དགྱེས་རྡོ་རྗེ་མཁྱེན།།
མཐའ་བྲལ་དབུ་མའི་ལྟ་བ་ངེས་ཤེས་འཁྲུངས།།
མི་མེད་དབེན་པའི་གནས་སུ་སྒྲུབ་པ་མཛད།།
རྟེན་འབྱུང་བསླུ་མེད་སྣང་བར་རོལ་རྩེད་འཁན།།
རིག་འཛིན་ཨེ་མ་ཧོ་ལ་གསོལ་བ་འདེབས།།
སྲིད་ལས་ངེས་པར་འབྱུང་ནས་ས་མཐར་བསྐྱོད།།
མཐའ་འཁོབ་ཆོས་ལ་བཀོད་མཁས་བྱང་ཆུབ་སེམས།།
དག་པ་རབ་འབྱམས་རྒྱལ་བའི་ཕྲིན་ལས་ཅན།།
དགེ་ལེགས་ཡར་འཕེལ་ཞབས་ལ་གསོལ་བ་འདེབས།།
ཚུལ་ཁྲིམས་རྣམ་དག་མང་ཐོས་སྡེ་སྣོད་འཛིན།།
ཏིང་འཛིན་ཞི་ལྷག་ཟུང་འབྲེལ་བསྟན་པ་སྐྱོང་།།
སྟོང་ཉིད་སྙིང་རྗེ་རྟེན་འབྲེལ་གཞན་དོན་སྤེལ།།
གྲུབ་དབང་ཆོས་དབྱིངས་བློ་གྲོས་གསོལ་བ་འདེབས།།
ཐེག་རྩེའི་ལྟ་བ་མཐོན་པོ་གངས་རིའི་སྤོར། །
རྨད་བྱུང་སྒོམ་པ་ཆུ་འཛིན་ཁ་བས་བསིལ།།
ཡང་དག་གོ་ལའི་སྲོག་རྩ་འབྱུང་བའི་གནས།།
གཏེར་ཆེན་པདྨ་གླིང་པར་གསོལ་བ་འདེབས།།
སྔོན་བྱོན་མཁས་གྲུབ་དམ་པའི་བཀའ་གཏེར་དང་།།
ད་ལྟའི་ཆོས་ཚན་རིག་གནས་མ་ལུས་ཀུན།།
ཁོང་དུ་ཆུད་པའི་མཁྱེན་རབ་ཕུལ་བྱུང་བ།།
མཁྱེན་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབས།།
འདོད་ཡོན་བདུད་ཀྱི་གཡབ་མོས་མ་ཁུག་ཅིང་།།
ཉིན་མཚན་དབྱེར་མེད་ལུང་རྟོགས་གཉིས་ལ་བརྩོན།།
བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བསྒྲིངས་པའི་མགོན།།
ཆོས་རྗེ་ཡིད་བཞིན་ནོར་བུ་གསོལ་བ་འདེབས།།
དབང་བཞི་ཡོངས་སུ་ཐོབ་པར་བྱིན་གྱིས་རློབས།།
སྒྲིབ་བཞི་ཡོངས་སུ་དག་པའི་དངོས་གྲུབ་སྩོལ།།
ཕྲིན་ལས་རྣམ་བཞི་ཡོངས་སུ་ལྷུན་གྱིས་གྲུབ།།
སྐུ་བཞི་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག།
——-འབྲུག་རྡོ་རྗེ་ཕུན་ཚོགས་ནས་གུས་ཕུལ།།