March 2020

࿐ སངས་རྒྱས་འཚོ་མོ་རྒྱལ་ལོ།
ཨེ་མ་ཧོ།།
ཚེ་འདིར་བློ་བཏངས་དབེན་པའི་རི་ལ་འགྲིམས།།
བྱང་ཆུབ་སེམས་སྒོམ་རྩེ་གཅིག་སྒྲུབ་ལ་བརྩོན།།
ཆོས་བརྒྱད་དོར་བའི་རྗེ་བཙུན་རྣལ་འབྱོར་མ།།
སངས་རྒྱས་འཚོ་མོའི་ཞབས་ལ་གསོལ་བ་འདེབས།།
བསྟན་འགྲོའི་དོན་ཀུན་བདེ་མྱུར་ལྷུན་གྲུབ་ཤོག།
གདུང་མཆོད་ཕྱིར་དུ་ཤྲཱིས་སྨོན་པར་དགེའོ།། །།

ཨ་ནེ་སངས་རྒྱས་མཚོ་མོའམ་རི་ཁྲོད་ཚེ་མཚམས་མ་ཞེས་བཤད་ན་གནས་ལུགས་དང་མཐུན་པའི་སྐད་ཆ་ཡིན།
གངས་ལྗོངས་རིག་བཅུས།
ནང་དོན་གནད་བསྡུས།
ཡ་་་། ཚང་མས་ཨ་ནེ་སངས་རྒྱས་མཚོ་མོའི་སྐོར་ལ་བགྲོ་གླེང་གནང་བཞིན་འདུག དེ་ཚོ་ཧ་ལས་པའི་ཡག་པོ་རེད། དེང་སང་གི་དུས་འདིར་འཇིག་རྟེན་འཁོར་བའི་ཕུན་ཚོགས་ཡོད་ཚད་བློས་བཏང་སྟེ། ཆོས་ལ་ཡིད་ཕྱོགས་ནས་མི་ཚེ་ཡོངས་རྫོགས་མཇུག་ཕུད་ནུས་པ་ཧ་ཅང་དཀའ་མོ་རེད། དེ་མི་སུ་ཡིན་གང་ཡིན་གྱིས་སྒྲུབ་ཐུབ་པ་ཞིག་མ་རེད།
དེ་ཡིན་ན་མདོ་སྨད་བླ་བྲང་གི་ཕྱོགས་ན་ཚེ་མཚམས་མ་འདི་འདྲ་ཡོད་པ་ནི་ཧ་ལས་པའི་དོན་བཟང་བྱ་གསར། སངས་རྒྱས་ཀྱི་བསྟན་པའི་རྒྱན་དུ་ཆེ་བ་ཞིག་ལ་གོ་བ་ལེན་གི་ཡོད།
སྤྱིར་བཏང་གི་འདི་འདྲ་ལ་དཔྱད་པ་འདྲ་མིན་སྣ་ཚོགས་ཤིག་གཏོང་བ་དེ་འཇིག་རྟེན་གྱི་ཆོས་ཉིད་རེད། དྲང་མོར་བཤད་ན། ཨ་ནེ་ཁོང་གི་རྒྱུ་མཚན་ལ་ལ་ཞིག་གིས་གོ་མདོག་དང་། ཤེས་མདོག་ཁ་བོས་མང་པོ་ཞིག་བཤད་གི་ཡོད་པ་དེ་ཚོ་གནས་ལུགས་ཡོད་པའི་སྐད་ཆ་མ་རེད། ཨ་ནེ་ཁོང་རང་གི་ཁྱིམ་མིས་ཀྱང་གར་སོང་འདིར་སོང་རྩད་མ་ཆོད། མ་ཤེས་པར་ཡུན་རིང་འགོར་མྱོང་བས་མཚོན་རང་གཞན་ཡོངས་སུ་རྫོགས་པ་ལ་གསང་བ་ཞིག་རེད། ང་ཡང་རྒན་གྱའི་བྲག་དཀར་ལ་མང་པོ་འགྲོ་མྱོང་། བླ་མ་གྲྭ་བ་མང་པོ་ཁྲིད་ནས་ཀྱང་འགྲོ་མྱོང་། ཐེངས་རེར་བླ་གྲྭ་དྲུག་ཅུ་བདུན་ཅུ་ཡོད་དུས་ཀྱང་ཡོད་ལ་ཉིན་གཅིག་དང་གཉིས་ཙམ་ལ་བསྡད་པའང་ཡོད། ཡིན་ནའང་ཨ་ནེ་ཁོང་རི་མགོའི་རི་དྭགས་དང་འདྲ་བར་མི་མཐོང་དུས་བྲོས་འགྲོ་བ། མི་དང་ཉེ་བར་མི་གཅར་བ་དེ་འདྲ་ཞིག་རེད། ཕར་བཙལ་ནས་འཕྲད་ཀྱང་མི་དང་སྐད་ཆ་མི་ལབ་པ་དེ་འདྲ་ཞིག་ཡིན།
ཁོང་ཆོས་པ་ཚོ་དེ་འདྲ་རེད། འཇིག་རྟེན་དང་མཐུན་འཇུག་མི་བྱེད་པ། མིའི་སྤྱོད་པ་དང་མི་མཐུན་པ་རེད། བུད་སྙེགས་ཐོབ་གསུམ་སྟེ། མི་གྲལ་ནས་བུད། ཁྱི་གྲལ་དུ་སྙེགས། ལྷ་གྲལ་ཐོབ། ཅེས་པ་ལྟར་དང་། བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུགས་གྲོག་ལ་གཏད། ཅེས་པ་དེ་འདྲ་བ་ལ་སྙན་གྲགས་བསྙེན་བཀུར་ཞིག་རྩ་བ་ནས་དགོས་པ་མ་རེད། འཇིག་རྟེན་གྱི་བྱ་བ་མཐའ་དག་བསྐྱུར་ནས་ཡོད་པས། གཞན་དོན་དུའང་མི་ཞིག་ལ་བཀའ་བགོ་བྱིན་རླབས་བྱེད་པའང་མ་རེད། མི་གྲལ་ནས་བུད་དེ་མིའི་སྤྱོད་པ་མ་བྱས་ན། ཁ་དཔེ་ལ། གྲུབ་ཆེན་ཟེར་ན་སྨྱན་ནེ་སྨྱོན་ནེ། རྣལ་འབྱོར་ཟེར་ན་ལྡ་ངེ་ལྡང་ངེ་། ཟེར་བ་ལྟར་འཇིག་རྟེན་པའི་སྣང་ངོར། སྨྱོན་པ་ལྟ་བུར་ཆགས་ཡོད་པ་རེད། རྗེ་བཙུན་མི་ལ་རས་བས་ཀྱང་། ལར་འཇིག་རྟེན་པ་རྣམས་ངོ་ཚ་མི་དགོས་པ་ལ་ངོ་ཚ། ཞེས་ཁྱོད་ཚོས་ངོ་ཚ་དགོས་པ་དང་མི་དགོས་པའི་ཁྱད་ཤེས་ཀྱི་མི་འདུག་གསུངས་པ་དེ་འདྲ་རེད།
ཁ་སང་དེ་རིང་མ་གཏོགས་རྒན་གྱའི་བྲག་དཀར་ན་དེ་འདྲའི་གནས་ཚུལ་ཞིག་ཡོད་པ་ཡོངས་གྲགས་རྩ་བ་ནས་མ་རེད། ངེད་ཀྱི་ཉེ་ཟུར་གྱི་མི་ཚོས་ཀྱང་དེ་འདྲ་ཡོད་པ་གོ་བ་ཙམ་མ་གཏོགས་དེ་དུས་ན་མཐོང་ཆེན་བྱེད་ཀྱིན་མེད། ཨ་ནེ་ཁོང་ཡང་དམན་ས་བཟུང་ནས་ཁོ་མོས་ཅི་ཡང་མི་ཤེས། ཁོ་མོ་རང་བཞིན་གྱི་བུད་མེད་ཅིག་ཡིན། ཞེས་མི་མངོན་པའི་ཚུལ་གྱིས་བཞུགས་བསྡད་པ་དེ་འདྲ་རེད། སྐུ་གཤེགས་པའི་རྗེས་སུ་ད་གཟོད་རྩ་ཆེན་དུ་མཐོང་བ་ཁོ་ན་ཡིན། དེ་གནས་ལུགས་ངོ་མ་ཡིན།
རྗེས་ནས་བལྟས་དུས་ཁོང་གིས་སྐུ་ཚེ་གང་བོར་མཛད་པ་དེ་འདྲ་བསྐྱངས་ནས་ཡོང་བ་ངོ་མ་ཡ་མཚན་རྨད་དུ་བྱུང་བ་ཞིག་རེད། ངས་སྔོན་ནས་ཀྱང་རྒྱུས་ལོན་བྱས་མྱོང་བ་ཡིན་མོད།
ང་ཚོས་འདི་ལ་གཅིག་ནས་རྩི་འཇོག་དང་གཉིས་ནས་དོ་སྣང་བྱས་པ་རེད་མ་གཏོགས། མཇལ་བ་བསོད་ནམས་ཆེ་བ་དང་མ་མཇལ་དུས་བྱིན་རླབས་ཀྱིས་འདང་གི་མེད་པ་དེ་འདྲ་ཞིག་ཁྱོན་ནས་མ་རེད།

ཆོས་པ་རྣམ་དག་ཡིན་མིན་ཡང་། སངས་རྒྱས་ཡིན་མིན་བྱས་རྗེས་ལ་ལྟོས། ཟེར་བ་བཞིན་མཛད་རྗེས་ལ་བལྟ་དགོས་པ་རེད། ཁོང་རང་གི་མི་ཚེ་སོང་ཚར་དུས་ད་གཟོད་དེ་ལ་བྱས་རྗེས་ཅི་ཡོད་ཧ་གོ་བ་རེད། དེའི་བར་དུ་ཅི་ཡང་ཤེས་རྒྱུ་མེད་ལ། ཤི་སོང་དུས་བསྟོད་པ་བྱེད་ཀི་ཡོད་པ་ཙམ་མ་རེད་དེ། ཡིན་ནའང་དེའི་མི་ཚེ་དེ་མཇུག་མ་རྫོགས་བར་དུ་དེ་ལ་བྱས་རྗེས་ཅི་ཡོད་ཡོངས་སུ་རྫོགས་པ་རྟོགས་མི་ཐུབ།
དེའི་ཕྱིར་ན་མི་ཚེ་སོང་ཚར་སོང་ན། དེ་ལ་བྱས་རྗེས་ཅི་ཡོད་དང་། སྤྱི་ཚོགས་ཀྱིས་ཁས་ལེན་དང་། གདེང་འཇོག་ཅི་འདྲ་ཡོད། ཁོང་གི་མཛད་པ་དེས་སྤྱི་ཚོགས་ལ་ཤན་ཤུགས་ཅི་ཙམ་ཞིག་ཐེབ་ཐུབ་མིན། ཆོས་འདི་བསྒྲུབ་དགོས་པ། ཆོས་བསྒྲུབ་ན་བཟང་བའི་མིག་དཔེ་ཡག་པོ་ཞིག་བཞག་པ་དེ། ཁོང་གི་མཛད་རྗེས་ཡིན་རེད་མ་གཏོགས། ཁོང་གིས་ཉམས་ལེན་ཁོ་ན་ལས་གཞན་ལ་ཕན་པ་སྒྲུབ་པའི་མཛད་རྗེས་ཀྱང་ཡོད་པ་མ་རེད། འདི་ཚང་མ་རིགས་འདྲ་བ་མ་རེད། ཚེ་མཚམས་པ་ཞིག་ལ་མཚོན་ན་ཉམས་ལེན་གྱི་རིན་ཐང་ཡོད་པ་རེད་མ་གཏོགས།
གདུལ་བྱ་རྗེས་སུ་བཟུང་བའི་ལོ་རྒྱུས་མེད་ལ། གདུལ་བྱ་ཡོད་མེད་ཀྱི་སྟེང་ནས་རིན་ཐང་ཚད་གཞལ་གྱིས་གོང་ཚོད་གཅོད་པའམ་ཚོད་དཔག་བྱ་རྒྱུ་མེད།
དེ་འདྲ་ཡིན་ཙ་ན། ངས་གོང་དུ་བརྗོད་བྱ་ཞིག་བཞག་པ་དེ་ཡིན། ཨ་ནེ་སངས་རྒྱས་མཚོ་མོ། ཞེས་ཞུ་ན། མིང་དེ་བསྟོད་པའི་མཆོག་ཏུ་གྱུར་པ། མིང་སྙན་མོ། མིང་ཆེན་པོ་དེ་འདྲ་ཞིག་རེད།
ཨ་ནེའམ་ཇོ་མོ་ཟེར་ན། མ་ཅིག་ལབ་ཀྱི་སྒྲོལ་མ་ལའང་ཨ་མ་ཇོ་མོ་ལབ་ཀྱི་སྒྲོལ་མ་ཟེར་བ་རེད། ཇོ་མོ་ཟེར་བ་འདི་བུད་མེད་ཀྱི་ཞེ་སའི་མིང་རེད། བུད་མེད་ཚུལ་ཁྲིམས་དང་ལྡན་པ་ལ་ཇོ་མོ་ཟེར།
དེ་བཞིན་དུ། ལྷ་སའི་ཇོ་བོ་ལའང་ཇོ་བོ་རིན་པོ་ཆེ་ཟེར་ཏེ། དེ་ནི་སྟོན་པ་སངས་རྒྱས་ལ་ཇོ་བོ་ཟེར་བའི་དོན་རེད། ཡང་། དཔལ་ལྡན་ཨ་ཏི་ཤ་ལ་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ ཞེས་ཇོ་བོ་ཞེས་བྱ་བ་ནི། ཕུ་བོའམ་གཅེན་པོའི་ཞེ་ས་ཡིན་ལ། ཨ་ཇོ་ཡང་ཟེར། དེ་མི་ཆོས་ཀྱི་བཤད་སྟངས་ཤིག་རེད།
ཇོ་མོ་ཞེས་བྱ་བའང་བུད་མེད་ཀྱི་ནང་ནས་དགེ་ཚུལ་སློང་གི་ཚུལ་ཁྲིམས་དང་ལྡན་པའི་ཞེ་ས་རེད། ང་ཚོས་ཇོ་མོ་ལ་ཨ་ནེ་ཟེར་བའང་བུད་མེད་རབ་བྱུང་བའམ་བཙུན་མ་ལ་གོ་དགོས་པ་རེད། ཡང་ལ་ལ་ཞིག་གིས་ཇོ་མོ་ཞེས་པའི་མིང་དེ། མིང་སྙན་མོ་ཞིག་ཡིན་པ་མ་གོ་བར། དམན་ཚིག་ཅིག་ཡིན་པར་གོ་བ་ལེན་མོད། གོ་བ་ལེན་མ་ཤེས་པ་རེད། དེ་ནོར་བ་རེད། ཨ་ནེའམ་ཇོ་མོ་ཞེས་པའི་མིང་འདི་རང་བཞིན་གྱི་བུད་མེད་དགེ་ཚུལ་སློང་གི་སྡོམ་པ་མེད་མཁན་ཞིག་ལ་ཟེར་བ་མ་རེད། བུད་མེད་དགེ་ཚུལ་སློང་། ཡང་ན། བུད་མེད་སྡོམ་ལྡན་བཙུན་མའི་རིགས་ལ་ཨ་ནེའམ་ཇོ་མོ་ཟེར།
ང་ཚོ་བོད་ལ་དགེ་སློང་མའི་སྡོམ་རྒྱུན་མེད་ཀྱང་། རབ་ཏུ་བྱུང་ནས་དགེ་ཚུལ་མའི་ཚུལ་ཁྲིམས་དང་ལྡན་པ་ལ་ཇོ་མོ་ཟེར།
དེས་ན། འདིར་ཨ་ནེ་སངས་རྒྱས་མཚོ་མོ་ཞེས་ཟེར་ན་དེ་ལས་ལྷག་པའི་མཚན་སྙན་མོ་ཞིག་མེད་ཀི ད་རྣལ་འབྱོར་མ་དང་མཁའ་འགྲོ་མ། བྱ་བྲལ་བ་སོགས་ཀྱི་ཁ་ཚར་སྣ་ལོང་མང་པོ་འདོགས་དགོས་ཀྱི་མ་རེད།
ངས་ཁ་སང་བཤད་དུས་ཀྱང་། མཚན་མང་པོ་བཏགས་མེད། ཁ་བྱང་ལ་རི་ཁྲོད་ཚེ་མཚམས་མ་སངས་རྒྱས་མཚོ་མོ། ཞེས་བརྗོད་ཡོད། དེ་རིང་ཡང་དེ་ཡིན། ད་ཚེ་གང་བོར་རི་ཁྲོད་ནས་བསྡད་བཞག་པ་དེ་ལས་ཆེ་བསྟོད་དགོས་ཀྱི་མ་རེད། སུའི་རྒྱུད་ན་སྡོམ་དམ་ཚིག་སོགས་ཚུལ་ཁྲིམས་གཙང་མ་ཡོད་པ་དེ་ཡ་མཚན་པ་རེད། སུ་ཡིན་ཡིན་ལ་སྡོམ་དམ་ཚིག་ཡོད་པ་མ་རེད། སུ་ཡིན་ཡིན་གྱིས་སྡོམ་དམ་ཚིག་ཡག་པོ་སྲུང་ཐུབ་ཀི་མ་རེད།
དེའི་ཕྱིར་ན། ཨ་ནེ་ཞེས་བརྗོད་པ་དེ་ཁོང་གི་ཆེ་བརྗོད་ཡ་མཚན་ཞིག་ཡིན། ཚང་མས་གོ་བར་གྱིས།

འཇིག་རྟེན་གྱི་ཁ་དཔེ་ལ་ཡང་། བསྟོད་མི་ཤེས་མཁན་ཞིག་གིས་བསྟོད་པ་ལས། སྨད་མི་ཤེས་མཁན་ཞིག་གིས་སྨད་པས་དགའ། ཟེར་བ་བཞིན་མཁའ་འགྲོ་མ་ཟེར་ནས། བསྟོད་ཁུལ་འདྲ་བྱས་ཀྱང་། མཁའ་འགྲོ་མ་ལ་བཟང་ངན་ཀུན་ཡོད་ལ། མཁའ་འགྲོ་མ་ཟེར་བའི་མིང་དེ་གང་ནས་ཡོང་བའི་ཁུངས་ནི། སྔོན་རྒྱ་གར་ནས་ཡོང་བ་རེད། རྒྱ་གར་ལེགས་སྦྱར་སཾསྐྲྀཏའི་སྐད་ཀྱིས་མཁའ་འགྲོ་མ་ལ་ཌཱ་ཀི་ནི་ཟེར་བ་རེད།
ཌཱ་ཀི་ནི། ཞེས་པ་བོད་སྐད་དུ་བསྒྱུར་ན་མཁའ་འགྲོ་མ་རེད། མཁའ་འགྲོ་མའི་ནང་ན་བཟང་པོའང་ཡོད་ལ། ངན་པའི་རིགས་ཤིག་ཀྱང་ཡོད་པ་རེད། དཔེར་མཚོན་ཙམ་ཞུས་ན།
མཁའ་འགྲོ་སྲིན་པོ་ལ་སོགས་པ། །
སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག །
ཅེས་རྒྱལ་སྲས་ཞི་བ་ལྷས་གསུངས་པ་དེ། བུད་མེད་ངན་སྔགས་ལ་བསྟེན་ནས་སེམས་ཅན་ལ་གནོད་བྱེད་པ། མི་ཤ་རློན་པ་ཁྲག་ཙ་རེར་ཡོད་པ་ཟ་བ། རྒྱ་གར་དང་བལ་ཡུལ་སོགས་ན་ཡོད། ངན་སྔགས་བྱེད་མཁན་གྱི་བུད་མེད་དེ་འདྲ་ལ་གོ་བ་ལེན་པའང་ཡོད།
དེ་ནས་མཁའ་འགྲོ་མའི་ནང་ན་བཟང་བོ་ཡོད་པ་བཤད་ན། སྔགས་ཀྱི་དངོས་གྲུབ་ལ་བརྟེན་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་ཐུབ་པ་དེ་འདྲ་ལ་མཁའ་འགྲོ་མ་ཟེར་བ་རེད།
དེ་ལ་ཡང་ཞིང་སྐྱེས་མཁའ་འགྲོ་མ། སྔགས་སྐྱེས་མཁའ་འགྲོ་མ། ལྷན་སྐྱེས་མཁའ་གྲོ་མ་ཟེར་བའི་རིགས་གསུམ་ཡོད།
དེ་ཡང་། ཌཱ་ཀི་ཤྭ་ར། ཞེས་པ་མཁའ་འགྲོ་མའི་དབང་ཕྱུག ཅེས་བྱ་བའང་ཡོད།
དེ་བཞིན་དུ། རྣལ་འབྱོར་མ། ཞེས་བྱ་བ་ཡང་། རྒྱ་གར་སྐད་དུ་ཡོ་གི་ནཱིའམ་ཡོ་ག་མཱ། ཞེས་བྱ་ལ། བོད་སྐད་དུ་རྣལ་འབྱོར་མ་རེད། དེའི་དོན་ནི། སེམས་ཀྱི་གཤིས་ལུགས་རྣལ་མ་ལ་དབང་འབྱོར་བས་ན། རྣལ་འབྱོར་ཟེར། སེམས་ཀྱི་གནས་ལུགས་ལ་རང་དབང་འབྱོར་བ་དེ་དཀའ་མོ་ཞིག་རེད།
དེ་ཙམ་དུ་མ་ཟད། སེམས་ཕྱི་རོལ་དུ་གཡེང་བ་ཞི་ནས་ནང་དུ་དམིགས་པ་ལ་རྩེ་གཅིག་ཏུ་ཅུང་ཙམ་གནས་དགོས་ཀྱང་། སེམས་ཀྱི་གནས་ངན་ལེན་དང་ལུས་ཀྱི་གནས་ངན་ལེན་སོགས་དང་མ་བྲལ་ན། ལུས་སེམས་གཉིས་ཀ་དགེ་བ་ལ་ཅི་འདོད་འདོད་དུ་བཀོལ་འདོད་ཀྱང་། བཀོལ་ཐུབ་པ་མ་རེད། དེའི་སྟབས་ཀྱིས་ཞི་གནས་བསྒྲུབ་དགོས་པ་རེད། དེ་བསྒྲུབ་པ་ལའང་སེམས་གནས་དགུ་སྟོབས་དྲུག་གིས་འགྲུབ་ལུགས་སོགས་ཡོད་ལ། དེའི་སྟེང་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་དོན་ལ་དཔྱད་ནས་དེའི་དོན་ལྷག་པར་མཐོང་བ་ལ་ལྷག་མཐོང་སྟེ། ཞི་གནས་དང་ལྷག་མཐོང་གི་ཡོན་ཏན་རྒྱུད་ལ་སྐྱེ་དགོས་པའི་ཕྱིར་ན། རྣལ་འབྱོར་མ་ཟེར་བའི་མིང་འདི་སུ་གང་ཡིན་ལ་སྦྱོར་རྒྱུ་ཞིག་མ་རེད།
དེ་བཞིན་དུ། བྱ་བྲལ་བ་ཡང་། དགེ་ཚུལ་སློང་ལྟ་བུ་ཡོན་ཏན་ཆེན་པོ་ཅན་ལ་འདོགས་པ་སྟེ། བྱ་བྲལ་དགེ་འདུན་ཕུན་ཚོགས་ལྟ་བུ། དགའ་ལྡན་ཁྲི་རབས་ལྔ་བཅུ་བ་རྒྱལ་བ་རང་ཉིད་ལྷར་བྱོན་པ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་གུང་ཐང་ཚང་གི་སྐུ་ཕྲེང་དང་པོ་རེད། ཁོང་ལ་བྱ་བྲལ་དགེ་འདུན་ཕུན་ཚོགས། ཞེས་ཞུ། དེའི་ཕྱིར་ན་བྱ་བྲལ་ཟེར་བ་དེ་འདྲ་ཞིག་ལ་སྦྱོར།
ཡང་། དེ་བཞིན་དུ་ཀུན་སྤོང་བ། ཀུ་ས་ལི། ཨ་ཝ་བྷུ་ཏི་སོགས་འབོད་ཚུལ་མང་པོ་ཡོད། ད་དུང་སྦས་པའི་རྣལ་འབྱོར་བ་སྟེ། སྦས་པ་ནི་གསང་བའི་དོན་རེད།
དེས་ན། ཨ་ནེ་ཁོང་ནི་སྦས་པའི་རྣལ་འབྱོར་མ་རེད། མི་རེ་ཟུང་མ་གཏོགས་མང་པོས་མཇལ་དུ་ཡོད་པ་མ་རེད། ཁ་སང་དེ་རིང་ད་གཟོད་གདུང་མཇལ་དུ་ཡོང་གི་ཡོད་པ་དེ་འདྲ་རེད།
རྒན་གྱའི་བྲག་དཀར་དགོན་པའི་དཔེ་ཁྲིད་དགེ་རྒན་གཙོ་བོ་ཞིག་གིས་ང་ལ་བརྙན་བསྐུར་ཡོང་ཐལ། ཁོང་ཚོས་དེ་རིང་འདི་ན་མཁའ་སྤྱོད་མའི་བདག་འཇུག་སོགས་བཏོན་ནས་ཡོད་དེ། མཇལ་བའང་རྒྱུན་མི་འཆད་པ་ཞིག་འདུག ཅེས་གསུངས་སོང་།
ཨ་ནེ་འདི་བའི་གནས་ཚུལ་ཁ་སང་དེ་རིང་གཟོད་ཤེས་བཞིན་པ་རེད་མ་གཏོགས། སྔོན་མ་གནས་དེ་ན་སེམས་ཁམས་མི་དྭངས་བ་འདྲ་འདྲ། སྨྱོན་མ་ཞིག་ཡིན་པ་འདྲ་འདྲ་ཟེར་བ་མ་གཏོགས། དེ་ལ་བཀའ་བགོ་བྱིན་རླབས་ཞུ་མཁན་དང་། དེ་ལ་ཞབས་ཕྱི་བ། མདུན་འདུག་པའི་གྲྭ་བ་སོགས་གང་ཡང་ཡོད་མཁན་ཞིག་མ་རེད།

འོ་་་། སྐད་ཆ་བདེན་པ་བདེན་དྲང་གིས་བཤད་ན། ཁོང་རང་གིས་ང་ཚོ་ལ་མཛད་པ་དེ་འདྲ་མངོན་སུམ་དུ་བསྟན་བཞག་ཡོད་པ་དེ་རེད། ཚེ་གང་ལ་རི་ཁྲོད་ནས་མཚམས་ལ་བསྡད་བཏང་བ་ནང་བཞིན་བཞུགས་ཐུབ་སོང་བ་འདི། ཁོང་གི་ཡོན་ཏན་རེད།
མིག་མཐོང་ལག་ཟིན་གྱི་མཛད་པ་འདིའི་སྟེང་ནས་ང་ཚོའི་ནང་བ་སངས་རྒྱས་པའི་ཆོས་དང་འབྲེལ་ནས་བཤད་ན་གནས་ཚུལ་འདི་འདྲ་ཡོད་འདུག ཅེས་གོ་བ་དེ་འདྲ་ལེན་ཚུལ་བཤད་པ་ཡིན་མ་གཏོགས། ཨ་ནེ་ཁོང་ཞལ་བཞུགས་དུས་སུ་མི་གྲལ་མ་ཟད་ཁྱི་གྲལ་ལའང་འཇོག་གི་ཡོད་པ་མ་རེད།
སུས་ཀྱང་དོ་སྣང་བྱེད་ཀྱིན་མེད། དེར་སོང་ནས་ཆོས་འབྲེལ་འཇོག་པ་སོགས་གང་ཡང་མེད་ལ། ངས་ཀྱང་སྔོན་མ་དེ་ན་ཁོང་ཡོད་པ་ཤེས་ཀྱི་ཡོད་མ་གཏོགས་དད་པས་མཇལ་བ་སོགས་ཀྱི་དོ་སྣང་གང་ཡང་མེད། ཡིན་ན་ཡང་དེ་དུས་སུ་རྒྱུས་ལོན་རེ་བྱེད་ཨེ་ཐུབ་བལྟས་པ་ཡིན། དེང་སྐབས་ཁོང་གི་ཚེ་ཆོས་མཐར་ཕྱིན་ནས། བློ་ཆོས་སུ་སོང་། ཆོས་ལམ་དུ་སོང་།
ལམ་ལ་བར་ཆད་མེད་པར་མི་ལོ་དགུ་བཅུའི་རིང་གི་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ཀྱང་བརྟག་ཐུབ་པ། ཐོག་མའི་ཀུན་སློང་དང་། ཐ་མའི་མཛད་པ་མཚུངས་པ། ལོ་བཅུ་དྲུག་ཡས་མས་ནས་བློ་ཁ་ཆོས་ལ་ཕྱོགས་ཏེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། དགེ་ཚུལ་གྱི་བསླབ་པ་རྒྱུད་ལ་བླངས་ཏེ་ཇོ་མོ་བྱས་ནས། གྱོང་ལྟོ་གོས་གཏམ་གསུམ་ལ་གྱོང་བཀུར་ཞིང་།
མི་ལོ་དགུ་བཅུའི་བར་འབྱུང་བཞི་ནད་སོགས་ཉེར་འཚེ་གང་གིས་ཀྱང་མ་ཚུགས་པར་བར་ཆད་ཅི་ཡང་མེད་པར་འཚོ་ཞིང་ཡང་སྒོས་རི་ཁྲོད་དུ་བཞུགས་ཐུབ་སོང་བ་དེ་ཡ་མཚན་པའི་མཛད་པ་རེད།
སྤྱིར་ན་རང་རེ་བོད་ཀྱིམཐོ་སྒང་གི་ས་ཆ། དགུན་གྱི་དུས་སུ་གྲང་ངར་ཆེ་ས་འདི་ནས། ཆ་རྐྱེན་གང་ཡང་མེད་པར་བརྟན་པོར་སྡོད་ཚུགས་པ་དེའང་ཡ་མཚན་པ་ཞིག་རེད།
དེང་སང་ཚེ་ལོ་བཞི་བཅུའི་དུས་སུའང་ཁོང་ཚང་དགུང་ལོ་དགུ་བཅུར་བཞུགས་བཏང་བ་དེ་ཚོ་ཁོང་གི་ལུས་སེམས་ཀྱི་གནས་ངན་ལེན་ཟད་སོང་བའི་རྟགས་དང་ཡོན་ཏན་ཆེན་པོ་ཞིག་རེད།
ཨ་ནེ་ཁོང་སྐུ་གཤེགས་སོང་བའི་རྗེས་སུ་ཡོན་ཏན་འདི་དག་དངོས་ཡོད་ཀྱི་གནས་ཚུལ་མིག་མཐོང་ལག་ཟིན་ཁོ་ནའོ།
འོ། བཤད་ཟིན་ཏོ། བཀའ་དྲིན་ཆེ།
སྒྲིག་པ་བོས་ཆེད་དུ་ཞུ་སྙིང་། འདིར་ཁོང་གི་གསུང་བཤད་ཀྱི་སྒྲ་ཆ་ཚང་བཀོད་པའི་ཐོག་བརྗོད་དོན་ཡང་གནད་བསྡུས་ཤིག་ཡི་གེར་ཕབ་ཡོད་པ་འདི་ལ་ནོར་འཁྲུལ་ཡོད་ངེས་པས། ཀློག་པ་བོ་དང་ཉན་པ་བོ་དག་གིས་དག་བཅོས་གནང་བའི་རེ་བ་ཡོད།
ཞེས་དབུས་སྨྲའི་གསར་འགྱུར་ཚན་ཆུང་ནས།
སྤྱི་ལོ་༢༠༢༠ ལོའི་ཟླ་༣པའི་ཚེས་༢༦ཉིན།

Leave a Reply

Your email address will not be published. Required fields are marked *