འཇམ་མགོན་བླ་མའི་རྣམ་ཐར་གསོལ་
འཇམ་མགོན་བླ་མའི་རྣམ་ཐར་གསོལ་
འདེབས་བཞུགས་སོ།།
འཇམ་དབྱངས་ཆོས་ཀྱི་བློ་གྲོས།
ན་མོ་གུ་རུ་མཉྫུ་ཤྲི་ཡེ།
རྒྱལ་བ་ཀུན་གྱི་མཁྱེན་རབ་གཅིག་བསྡུས་པ།།
འཇམ་མགོན་གཞོན་ནུའི་ཡེ་ཤེས་སྒྱུ་འཕྲུལ་གར།།
ངུར་སྨྲིག་འཛིན་པའི་གཟུགས་སུ་རྣམ་རོལ་བ།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
དང་པོར་མཐའ་ཡས་ཐོས་པའི་གཞུང་ལུགས་སྦྱངས།།
བར་དུ་དེ་དོན་མ་ལུས་རྒྱུད་དང་བསྲེས།།
ཐ་མར་གནས་ལུགས་དགོངས་པ་མངོན་དུ་གྱུར།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
ཐུབ་པའི་བསྟན་པ་སྤྱི་དང་བསྟན་པ་ཡི།།
སྙིང་པོར་གྱུར་པ་འོད་གསལ་སྙིང་པོའི་ལམ།།
ཉིན་དང་མཚན་དུ་བུ་ཡིས་མ་བཞིན་དྲན།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
རྣམ་འདྲེན་རྒྱལ་བ་སྲས་དང་བཅས་པ་དང་།།
ཁྱད་པར་དུ་ཡང་མཉམ་མེད་ཤཱཀྱའི་རྒྱལ།།
མཚན་ཙམ་དྲན་པས་མོས་གུས་འཆི་མ་འཁྲུགས།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
ཟླ་མེད་སྟོན་པ་དེ་དང་དེ་ཡི་སྲས།།
མཁས་མཆོག་རྣམས་ཀྱི་རང་ལུགས་དྲི་མེད་དང་།།
མཁན་སློབ་ཆོས་ཀྱི་རྒྱལ་པོ་རྗེས་སུ་དྲན།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
དེ་ཚེ་ན་ཚོད་ཕྲ་ཡང་ཐབས་གང་གིས།།
འདྲེན་མཆོག་དེ་དག་རྣམས་ཀྱི་དྲིན་གཟོ་རུ།།
རྒྱལ་བསྟན་རིན་ཆེན་སྤེལ་བར་ཡི་དམ་བཅས།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
སྔོན་ལས་སྦྱངས་པའི་ལས་འཕྲོ་བཟང་པོ་ཡིས།།
ཟབ་དང་རྒྱ་ཆེའི་མདོ་དང་བསྟན་བཅོས་དོན།།
བལྟས་པ་ཙམ་གྱིས་བདེ་བླག་ཁོང་དུ་ཆུད།།
དཔལ་ལྡ་བླ་མའི་ཞབས་ལ་གསོལ་བ་འདེབས།།
ཁྱད་པར་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ།།
སྐྱབས་མཆོག་འཇམ་དཔལ་དམར་པོ་ངེས་ཤེས་ནས།།
མི་འབྲལ་སྙིང་གི་ཐིག་ལེར་རྟག་ཏུ་བསྒོམ།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
དེ་ཚེ་ཟབ་མོ་རྟོགས་པར་དཀའ་བ་ཡི།།
ཕྱི་ནང་རིག་གནས་ཀུན་གྱི་གནད་གསང་ལ།།
བློ་ཡང་དེ་ལྟ་དེ་ལྟར་ཟབ་པར་གྱུར།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
སྟོན་པའི་དམ་ཆོས་སྤྱི་དང་ཁྱད་པར་དུ།།
ཟབ་མོ་རྟེན་ཅིང་འབྲེལ་བའི་ཆོས་ཚུལ་ལ།།
ཡིད་ཆེས་ངེས་པ་སྙིང་གི་གཏིང་ནས་འཁྲུངས།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
ཆེད་དུ་བཅོས་པ་མིན་ཡང་སྡུག་བསྔལ་གྱི།།
རྒྱ་མཚོར་གཡེང་བ་སྲིད་པའི་འགྲོ་བ་ཀུན།།
ནམ་ཡང་མི་གཏོང་སྙམ་པའི་སྙིང་རྗེ་རྒྱས།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
རང་གི་བློ་དང་ལྷག་པའི་ལྷ་ཡི་མཐུས།།
ན་ཚོད་ཕྲ་ཡང་གནས་ལྔ་རིག་པའི་གཞུང་།།
བསྒྲིམ་མི་དགོས་པར་རྩེད་མོའི་ཞར་ལས་ཤེས།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
འཕགས་བོད་མིང་ཚིག་ཡི་གེའི་བརྡའ་སྤྲོད་གཞུང་།།
ལུས་པ་མེད་པར་བློ་ཡི་རྒྱ་མཚོར་ཆུད།།
དབྱངས་གསལ་ངག་གི་རྟེན་འབྲེལ་གནད་ཀྱང་རྟོགས།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
ཡན་ལག་བརྒྱད་ལྡན་གསོ་བ་རིག་པ་ཡི།།
གཞུང་དང་ལག་ལེན་མཐའ་དག་མ་ནོར་རྟོགས།།
འཚོ་བྱེད་གཞོན་ནུ་གཉིས་པར་ཡོངས་སུ་གྲགས།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
སྣ་ཚོགས་བཟོ་གནས་ཤེས་བྱའི་རྒྱ་མཚོ་ལ།།
བློ་མཆོག་ངང་མོ་གཞོན་ནུ་དལ་གྱིས་རོལ།།
ལེགས་བཤད་སྒྲ་དབྱངས་སྟོང་གི་ཉམས་ཀྱིས་མཛེས།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
ཁྱད་པར་ཚུར་མཐོང་ཚད་མའི་རིག་པ་ལ།།
འགྲན་ཟླ་མེད་པའི་བློ་གྲོས་སྒོ་ཆེན་ཕྱེས།།
ཆོས་ཀྱི་གྲགས་པའི་མཁྱེན་རབ་སྙིང་ལ་ཤར།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
བློ་ལྡན་མགུ་བར་བྱེད་པའི་སྙན་ངག་གི།།
ལེགས་བཤད་བདུད་རྩིའི་རྦ་རླབ་ཁ་ནས་གཡོ།།
དབྱངས་ཅན་མགྲིན་པར་ཆགས་པའི་རྣམ་དཔྱོད་ཅན།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
སྐར་ནག་རྩིས་རིགས་རྒྱ་མཚོ་ཆེན་པོའི་འཇིང་།།
ཆ་ཙམ་ལུས་པ་མེད་པར་བློ་ཡིས་མཐོང་།།
ཟབ་མོའི་མན་ངག་གནད་ལ་རང་བྱན་ཚུད།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
ཐེག་མཆོག་སྤྲོས་བྲལ་ལྟ་བའི་གནད་སྟོན་པ།།
རྒྱས་འབྲིང་བསྡུས་པ་ལ་སོགས་མདོ་ཡི་དོན།།
འཆང་ལ་མི་ཞུམ་ཟབ་མོའི་བློ་གྲོས་རྒྱས།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
ཀླུ་སྒྲུབ་རིག་པའི་ཚོགས་དང་ཟླ་བའི་གཞུང་།།
སྤྲོས་པ་རྣམ་པར་གཅོད་པའི་བསྟན་བཅོས་ལ།།
དཔྱིས་ཕྱིན་རྟོགས་པའི་བློ་གྲོས་ལྷག་པར་རྒྱས།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
རྒྱ་ཆེའི་ཆོས་ཀྱི་མཚན་ཉིད་ལེགས་སྟོན་པའི།།
མངོན་པའི་མདོ་དང་དགོངས་འགྲེལ་བསྟན་བཅོས་ཀྱི།།
ཕྲ་ཞིང་ཕྲ་བའི་གནད་ཀྱང་མ་ནོར་རྟོགས།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
ཤེར་ཕྱིན་སྦས་དོན་མངོན་པར་རྟོགས་པའི་གཞུང་།།
སྤྱི་དང་བྱེ་བྲག་རྟོགས་དཀའི་གནས་རྣམས་ལ།།
འཁྲུལ་བྲལ་མཁྱེན་པའི་བློ་གྲོས་ཁྱད་དུ་འཕགས།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
བྱམས་ཆོས་ཕྱི་མ་རྣམས་དང་ཐོགས་མེད་མཆེད།།
ཤཱནྟེ་དེ་ཝ་ལ་སོགས་འཕགས་ཡུལ་ཀྱི།།
མཁས་པའི་གཞུང་ལུགས་ཀུན་ལ་བློ་གྲོས་རྒྱས།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
བསྟན་རྩ་འདུལ་བའི་སྡེ་སྣོད་རིན་པོ་ཆེ།།
དགོངས་འགྲེལ་བཅས་པའི་གཞུང་ལུཊ་མཐའ་དག་ལ།།
རྣམ་དཔྱོད་བློ་གྲོས་གཙང་མའི་སྤོབས་པ་རྒྱས།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
མཚུངས་མེད་རྒྱལ་བའི་གསུང་རབ་མཐའ་དག་དང་།།
རྒྱ་བོད་མཁས་པའི་ལེགས་བཤད་གང་མཐོང་ལ།།
རིང་དུ་འདྲིས་པར་བྱས་ཤིང་གནད་ཀྱང་རིག།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
ཕྱི་ནང་རིག་གནས་ཀུན་གྱི་ཟབ་མོའི་གནད།།
བལྟས་པ་ཙམ་གྱིས་བདེ་ལེགས་ཉིད་དུ་རྟོགས།།
མཁྱེན་རབ་ཐེ་ཚོམ་སྦུབས་ལས་རྣམ་པར་གྲོལ།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
ཇི་ལྟ་ཇི་ལྟ་ཟབ་མོའི་གནད་ཡོད་པ།།
དེ་ལྟ་དེ་ལྟ་བློ་གྲོས་སྤོབས་པ་ཡིས།།
ངེས་ཤེས་ཤིན་ཏུ་འདྲེན་པ་ཉིད་གྱུར་པ།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
དཔལ་ལྡན་རྒྱལ་བའི་བསྟན་པ་མཐའ་དག་ཀུན།།
ཕན་ཚུན་འགལ་མེད་གྲོགས་སུ་ཤེས་པ་ཡི།།
བློ་གྲོས་དྲི་མེད་ཡིད་གཉིས་སྨག་དང་བྲལ།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
དམ་པའི་གཞུང་ལུགས་དེ་དང་འགྲོགས་པ་ཡིས།།
སྣང་བས་མུན་བཞིན་ཆེད་དུ་མ་བསྒྲིམ་པར།།
ཀུན་ཉོན་འཁོར་བའི་བག་ཆགས་ངང་གིས་འགག།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
མེ་ཏོག་ཚལ་ལ་བུང་བ་ཇི་བཞིན་དུ།།
མི་ལྡོག་ཡིད་ཀྱིས་བསོད་ནམས་གནས་ལ་དད།།
རྟག་ཏུ་མཆོད་དང་སྦྱིན་པའི་ལས་ལ་བརྩོན།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
གཙང་ཤིང་གྱ་ནོམ་མཐོང་དགའི་མཆོད་ཚོགས་རྣམས།།
མཉམ་པར་བཞག་པའི་ཡིད་ཀྱིས་རོལ་མོ་སྤེལ།།
འཇམ་པའི་རྡོ་རྗེ་སྲས་བཅས་རྒྱལ་ལ་མཆོད།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
བསོད་ནམས་མཆོད་སྤྲིན་ཡེ་ཤེས་དེ་བསྐྱེད་ནས།།
ཐུབ་བསྟན་དྲི་མེད་སྤྱི་དང་ཁྱད་པར་དུ།།
བསྟན་པའི་སྙིང་པོ་རྒྱས་པའི་སྨོན་ལམ་བྱས།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
ལུས་ཀྱི་ཕྱག་འཚལ་བཀུར་སྟིས་བསྐོར་བ་དང་།།
ངག་གིས་བཟླས་བརྗོད་ཡིད་ཀྱིས་གཏད་སོ་ཀུན།།
སྐྱབས་མཆོག་འཇམ་པའི་རྡོ་རྗེ་ཁོ་ནར་མོས།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
ཐུབ་པ་མཆོག་གི་རྗེས་སུ་རབ་བྱུང་ནས།།
ཁས་བླང་ཚུལ་ཁྲིམས་ཅུང་ཟད་ཟོལ་མེད་ཀྱི།།
དག་པའི་སྤྱན་གྱིས་མཐོང་བ་སྙིང་ནས་བསྲུང་།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
ཕྱི་ནང་འདུ་ཤེས་ཕུང་པོ་ལྔ་ཡི་ཚོགས།།
སྐད་ཅིག་མི་སྡོད་གཡོ་བའི་ངང་ཚུལ་དུ།།
ཐག་ཆོད་སེམས་ཀྱིས་སྣང་ཞེན་ལྷོད་པོར་གྱུར།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
སྒྱུ་མ་རྨི་ལམ་ཆུ་ཟླའི་ཚུལ་མཚུངས་པའི།།
སྣང་ཞིང་སྲིད་པའི་ཆོས་ལ་ལེགས་བརྟགས་ནས།།
སྒྱུ་མའི་བློ་སྦྱོང་ཉིན་དང་མཚན་དུ་བྱས།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
སྣང་ཚད་སྒྱུ་མར་རོལ་པའི་བློ་གྲོས་དང་།།
སྒྱུ་འདྲ་སྲིད་པའི་ཁམས་ལ་སྙིང་རྗེ་བ།།
ཕན་ཚུན་འགྲན་པ་བཞིན་དུ་འཕེལ་བར་འགྱུར།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
རང་བྱུང་གཞིར་གནས་གཉུག་མའི་ཡེ་ཤེས་ལ།།
ངེས་ཤེས་མཆོག་དུ་བརྟན་པ་རྙེད་གྱུར་པས།།
དབང་བཞིའི་ཡེ་ཤེས་རང་གི་རྒྱུད་ལ་ཐེབ།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
ཕྱོགས་དུས་རྒྱལ་བའི་ཡེ་ཤེས་སྐུ་གཅིག་པུ།།
འཇམ་དཔལ་དཔའ་བོའི་བསྐྱེད་རིམ་རོལ་མོ་ཡིས།།
སྣང་སྲིད་གཞིར་བཞེང་ཕྱག་རྒྱའི་ཏིང་འཛིན་སྤེལ།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
འདི་ཡན་རྗེ་བླ་མ་ཉིད་ཀྱི་གསུང་ཡིན་ནོ།།
ཙིཏྟ་རང་བྱུང་ཐུགས་ཀྱི་དཔལ་བེའུ་རུ།།
འཇམ་དཔལ་བདེ་བའི་རྡོ་རྗེ་ཐིག་ལེ་ཆེ།།
མི་འགྱུར་རྟག་པ་དམ་པའི་སྲོག་ཏུ་ཞུགས།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
སྐུ་གསུམ་ལྷུན་གྲུབ་འཇམ་དཔལ་གཞོན་ནུའི་གདངས།།
དཀར་འཇམ་རྩ་ཡི་ལམ་བརྒྱུད་སྒྲོན་མར་ཐོན།།
དག་པ་དབྱིངས་ཀྱི་མཁའ་ལ་བརྡལ་བ་ཡི།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
འོད་གསལ་སྐུ་དང་ཞིང་ཁམས་མཐའ་ཡས་པར།།
ཤེས་རབ་རིག་པ་རང་བྱུང་སྐུར་སྨིན་ཞིང་།།
འཇམ་དཔལ་རིགས་ལྔའི་ཚོམ་བུར་ལོངས་སྤྱོད་པ།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
རྡོར་བཟླས་རླུང་སྔགས་སེམས་དབེན་ཟབ་མོ་དང་།།
སྒྱུ་མའི་སྐུ་དང་འོད་གསལ་ཟུང་འཇུག་བརྙེས།།
སོར་བསམ་སྲོག་འཛིན་རྗེས་ཏིང་མཐར་ཕྱིན་པ།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
སྙིང་གའི་ཕྲ་ཐིག་ཟབ་མོའི་རིམ་པ་དང་།།
མེ་རླུང་སྦྱོར་བས་བདེ་ཆེན་ཞུ་བའི་རྒྱུན།།
ལུཊ་འབྱུང་ལུག་ལྡོག་དགའ་བཞིའི་འགྲོས་མཐར་སོན།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
རང་ལུས་བཀོད་པ་གདན་གསུམ་ཚང་བར་རྫོགས།།
རྒྱུ་རྐྱེན་འབྲས་བུའི་རྣལ་འབྱོར་རྩེ་མོར་གཤེགས།།
འཁོར་ལོ་ཚོགས་ཆེན་ས་མཆོག་མངོན་བརྙེས་པ།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
ཆོས་ཅན་སྣང་བ་ཆོས་ཉིད་དབྱིངས་སུ་ཟད།།
ནང་དབྱིངས་ཀ་དག་གཞོན་ནུའི་བུམ་སྐུའི་སྦུབས།།
འབྲས་བུའི་རྒྱལ་པོ་ཚེ་འདིར་མངོན་སུམ་བརྙེས།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
མངོན་དགའ་ལ་སོགས་དག་དང་མ་དག་ཞིང་།།
སྤྲུལ་པའི་རྣམ་རོལ་བསམ་ལས་འདས་པ་ཡི།།
མཛད་པ་ཕྲིན་ལས་རྒྱུན་ཆད་མི་མངའ་བ།།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།
སངས་རྒྱས་ཀུན་གྱི་མཁྱེན་རབ་གཅིག་བསྡུས་པ།།
བླ་མ་ཁྱབ་བདག་འཇམ་དཔལ་རྡོ་རྗེ་ཡི།།
སྐྱེ་བ་ཀུན་ཏུ་འབྲལ་མེད་རྗེས་བཟུང་ནས།།
ཐེག་མཆོག་ཆོས་ཀྱི་དགའ་སྟོན་སྤྱོད་པར་ཤོག།
ཐུབ་བསྟན་སྤྱི་དང་སྔ་འགྱུར་རྡོ་རྗེ་ཐེག།
བཤད་དང་སྒྲུབ་པས་ཉིན་མོར་བྱེད་ནུས་པའི།།
ཟབ་རྒྱས་བློ་གྲོས་སྤོབས་པའི་གཏེར་མཛོད་བརྡོལ།།
ཕྱོགས་ལས་རྣམ་རྒྱལ་གྲགས་པའི་དཔལ་ཐོབ་ཤོག།
ཅེས་པའང་རྗེ་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་ཞལ་གསུང་རྣམ་ཐར་གསོལ་འདེབས་མཛད་འཕྲོ་ལུས་པར་འདི་མན་འཇམ་དཔལ་སྒྲོན་དྲུག་རྫོགས་རིམ་དང་། གཞན་རྫོགས་རིམ། དེ་མཐར་ཉམས་མྱོང་འབྲས་བུ་རྣམས་ཀྱི་ཁ་བསྐངས་དགོས་རྒྱུའི་རྩ་ཐོ་གནང་བཞིན་ཁྱེད་ནས་ཁ་འགེངས་གྱིས་ཤིག་ཅེས་མཁན་ཆེན་བཀའ་དྲིན་ཅན་ཀུན་བཟང་དཔལ་ལྡན་གྱིས་གསུང་བསྐུལ་བཞིན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྨོངས་ཚིག་ཁ་ཤས་བསྣན་པ་ཉེས་འགལ་མཆིས་ན་བཤགས་ཤིང་དགེ་བས་དཔལ་ལྡན་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག མངྒ་ལཾ།། །།