࿑ རིགས་ཀྱི་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་མཆོག་སྤྲུལ་༸་གསང་སྔགས་བསྟན་འཛིན་མཆོག་གི་
࿑ རིགས་ཀྱི་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་མཆོག་སྤྲུལ་༸་གསང་སྔགས་བསྟན་འཛིན་མཆོག་གི་
རྣམ་པར་ཐར་པ་མདོར་བསྡུས་སུ་ཚིགས་བཅད་ཀྱི་ལམ་ནས་བཀོད་པ་
བྱིན་རླབས་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་ཅེས་བྱ་བ་བཞུགས་སོ། །
ན་མོ་གུ་ར་ཝེ།
གྲངས་མེད་བསྐལ་བའི་ཡར་མཐའ་ཞིག་ནས་ལུས་སྲོག་གཟན་དུ་བོར་བ་དང་། །
བརྩེ་ཆེན་སྙིང་རྗེས་འགྲོ་བ་སྐྱོབ་པའི་ཐུགས་བསྐྱེད་ཉམས་པ་མེད་པའི་མཐུས། །
བདེན་བཞི་ཆོས་ཀྱི་གསང་ལམ་དེད་ནས་ཞི་བར་གཟིམས་པའི་སྟོན་པ་མཆོག །
ཡང་གཅིག་དྲན་པའི་གདུང་དབྱངས་སྙན་མོ་ཚིག་གི་སྟར་ལ་བརྒྱུས་འདི་གསོན། །
ལྷོ་ནུབ་འོ་མའི་རྒྱ་མཚོའི་ཀློང་གི་མདངས་ལྡན་པདྨའི་གེ་སར་དབུས། །
ངོ་མཚར་འབུམ་གྱི་དགེ་མཚན་དང་བཅས་སྤྲུལ་བའི་ཟློས་གར་ཉེར་བསྒྱུར་བ། །
བོད་ཡུལ་མུན་གླིང་ཐབས་ཀྱིས་འདུལ་ལ་རྒྱལ་བ་ལས་ལྷག་བཀའ་དྲིན་ཅན། །
སངས་རྒྱས་གཉིས་པ་པདྨ་ཀཱ་རའི་ཞབས་སེན་སྐྲ་ཡི་རྩེ་རུ་བཀོད། །
རྨད་བྱུང་ཐུགས་བསྐྱེད་འོ་མཚོ་སྐྱོམ་པའི་ཆོས་བཟང་ལྷ་ཡི་མདུན་ས་ནས། །
ཚར་དུ་དངར་བའི་སྐྱེས་རབས་ཕྲེང་བ་ཉི་ཟླའི་འོད་ྣསྣང་འཛུམ་པ་ལས། །
ཆོས་སྲིད་དབུ་འཕང་དགུང་ལ་མཉམ་པའི་གངས་ཅན་ཁ་བའི་རི་སུལ་དུ། །
ཐུགས་ཀྱི་བཀའ་བབས་ནམ་མཁའི་སྙིང་པོའི་ངོ་མཚར་སྒྱུ་འཕྲུལ་གར་དུ་རྩེན། །
གདོད་ནས་འཕོ་མེད་འཇའ་ལུས་རྡོ་རྗེའི་སྐུ། །
རྣམ་པ་འགྲོ་བའི་དོན་དུ་བཞེངས་མཛད་པའི། །
རིགས་ཀྱི་ཁྱབ་བདག་དཔལ་ལྡན་བླ་མ་ཡི། །
བྱིན་རླབས་ཉི་མ་སྙིང་ལ་འཆར་བར་ཤོག །
འདི་ན་རྟོག་བཟོས་སྒྱུ་འཕྲུལ་མ་ཡིན་པར། །
གཟུར་གནས་བློ་ཡིས་ཇི་ལྟར་དཔོག་པ་བཞིན། །
དམ་པའི་མཛད་རྣམ་ཟུར་ཙམ་སྨྲ་ལགས་ན། །
དབྱངས་ཅན་མགྲིན་པའི་ཀློང་ན་བཞུགས་ཤིག་ཀྱེ། །
པདྨ་དངོས་སྣང་རྡོ་གྲུབ་ཀུན་བཟང་དང་། །
ཌཀྐིའི་གཙོ་མོ་དབུས་གཟའ་མཁའ་འགྲོ་སོགས། །
ཚད་མའི་སྐྱེས་ཆེན་དུ་མས་ཡང་དང་ཡང་། །
འཁྲུལ་མེད་ལུང་བསྟན་འོད་ཐིག་ཁྱེད་ལ་ཕོག །
དེའི་ཕྱིར་སྙིགས་དུས་འགྲོ་བ་སྐྱོབས་སླད་དུ། །
མདོ་ཁམས་ཉག་ཡུལ་འཛིན་མའི་ལྟེ་བ་རུ། །
གང་སྐུ་པད་དཀར་འདབ་མ་བཞད་དང་ལྷན། །
ཡུལ་ཁམས་དགེ་བའི་རྟེན་འབྲེལ་མ་ལུས་འགྲིགས། །
རིགས་བཟང་ཡུམ་གྱི་མངལ་ལས་བཙས་མ་ཐག །
ཁང་ཁྱིམ་ཀུན་ལ་འོད་ཀྱིས་ཁྱབ་པ་སོགས། །
ཐུན་མིན་རྟགས་མཚན་བསམ་ལས་འདས་པ་ཡིས། །
དད་ཅན་འབངས་མིའི་བློ་ཁ་དགེ་ལ་བཀོད། །
དེ་ནས་དབུས་འགྱུར་ལྷ་ཡི་ཞིང་ས་དང་། །
གོང་མའི་གདན་ས་མཁར་ཆུ་ལ་སོགས་པ། །
ཞབས་ཀྱིས་ཉུལ་ཚེ་ཐུན་མིན་དད་གུས་བཅས། །
སྔོན་གནས་རྗེས་སུ་དྲན་པའི་མཛད་པ་རྨད། །
ཁྱད་པར་གྲུབ་པའི་ས་མཐོར་གཤེགས་པ་ཡི། །
གསང་སྔགས་ཆོས་འཕེལ་གང་དེའི་མདུན་དྲུང་ནས། །
སྐུ་སྐྱེས་གོང་མའི་སྒྲུབ་རྟེན་སྣ་ཚོགས་པ། །
སུས་ཀྱང་མ་བསླབ་ངོས་འཛིན་གསར་བོར་མཛད། །
དེ་ནས་བླ་མ་གསང་སྔགས་ཆོས་འཕེལ་མཆོག །
ཐུགས་ཚོར་ཆེན་པོས་ཡང་ཡང་གཤུམ་མཛད་དེ། །
ནམ་སྙིང་སྤྲུལ་སྐུ་ཡིན་ཞེས་དབུགས་དབྱུང་དང་། །
གསང་སྔགས་བསྟན་འཛིན་ཞེས་པའི་མཚན་ཡང་གསོལ། །
མར་པ་ཆོས་ཀྱི་བློ་གྲོས་བཞུགས་གནས་དང་། །
མི་ལའི་སྲས་མཁར་དགུ་ཐོག་མཇལ་བའི་ཚེ། །
ཐུན་མིན་དད་པས་ཐུགས་རྒྱུད་ཡོངས་བརླན་ནས། །
སྤྱན་ནས་མཆི་མའི་ཆར་རྒྱུན་བར་མེད་འཐོར། །
བླ་མཚོ་པདྨ་ཅན་དུ་འབྱོར་བའི་ཚེར། །
འཇའ་འོད་དཀར་པོས་ཡུལ་ཀུན་ཁྱབ་པ་ན། །
དམ་པ་གང་ཉིད་དགྱེས་པའི་ཉམས་དང་བཅས། །
ངོ་མཚར་ལྟ་བའི་རྒྱང་གླུ་སྣ་ཚོགས་བླངས། །
ངོ་མཚར་རྟགས་མཚན་དུ་མས་ཐབས་དང་བཅས། །
མཐོང་ཐོས་འབྲེལ་ཚད་དད་པའི་ལམ་བཀོད་ནས། །
ཞབས་ཟུང་གསེར་གྱི་འཁོར་ལོ་རྨད་པོ་ཆེ། །
སླར་ཡང་རང་ཡུལ་ཉག་གི་ཕྱོགས་སུ་བསྒྱུར། །
འབྱུང་ཁུངས་དགོན་དུ་ཡི་གེ་སློབ་པའི་ཚེར། །
ཡབ་གཅིག་གྲུབ་དབང་བླ་མ་དེར་ཕེབས་ཏེ། །
བདག་པོ་མེད་པའི་དགོན་དང་སྤྲུལ་སྐུ་གཉིས། །
མ་སྒྲིག་ལས་ཀྱིས་འགྲིགས་ཞེས་ལུང་བསྟན་གནངས། །
ཚེ་རབས་ལས་ཀྱིས་འབྲེལ་བའི་བླ་སློབ་གཉིས། །
ཐོག་མའི་གསེར་ཞལ་དེ་ནས་མཇལ་བ་དང་། །
བསྟན་འགྲོར་སྨིན་པའི་མཛད་པ་རླབས་ཆེན་པོས། །
རྟེན་འབྲེལ་དབུ་ཁྱུད་ཐོག་མའང་དེ་ནས་བྲིས། །
གཏེར་ཆེན་ཨོ་རྒྱན་དྲག་རྩལ་གླིང་པ་ཡི། །
བཀའ་བཞིན་གུ་དྲག་བསྙེན་སྒྲུབ་མཛད་པའི་ཚེ། །
རྨི་ལམ་དུ་ཡང་ཕ་གཅིག་ཨོ་རྒྱན་རྗེ། །
ཡང་ཡང་དྲན་བཞིན་ཐུགས་ཡིད་གཅིག་ཏུ་འདྲེས། །
དེས་ནས་དགུང་གྲངས་བཅུ་གཅིག་བཞེས་པའི་ཚེ། །
གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་ནས། །
ཆོས་རྗེ་འཇིགས་མེད་ཕུན་ཚོགས་མཇལ་བའི་ཚེ། །
དགྱེས་བརྩེའི་ཞལ་ཏ་དང་བཅས་རྗེས་སུ་བཟུང་། །
ཡོངས་རྫོགས་འདུས་པའི་དབང་གི་གྲལ་འཁོད་ཚེ། །
བླ་མའི་བཀའ་བཞིན་དབང་འགྲིམ་བྱོན་པ་ན། །
གསང་དབང་བདུད་རྩི་བྲི་བ་མེད་པ་ཡི། །
ངོ་མཚར་རྟགས་ཀྱིས་རྗེ་གང་རབ་ཏུ་མཉེས། །
འཁོར་བ་མི་གཙང་འདམ་དུ་ངེས་པ་ཡི། །
སྐྱོ་ཤས་ཆེན་པོས་ཡང་ཡང་སྐུལ་དང་བཅས། །
མཁན་ཆེན་སྒེག་པའི་མདུན་ནས་རབ་བྱུང་སྟེ། །
བག་ཡོད་བླངས་དོར་གནས་ལ་ཤིན་ཏུ་གུས། །
དགུང་གྲངས་བཅུ་གཉིས་བཞེས་ཚེ་ཁྲོཾ་ལྗོངས་སུ། །
ཁུ་བོའི་ལྷན་དུ་ཞབས་སོར་འཁོད་པ་ན། །
ཁྲོཾ་སྤྲུལ་ཨ་རིག་རྡོ་རྗེ་འཆང་ཉིད་ཀྱིས། །
ནམ་སྙིང་སྤྲུལ་སྐུ་ཡིན་ཞེས་དབུགས་དབྱུང་མཛད། །
རྗེ་ཉིད་ཀུན་སྤངས་བྱ་བྲལ་ཡིན་པས་ན། །
སྣ་མང་མཛད་སྒོའི་མཐུན་རྐྱེན་དབེན་ན་ཡང་། །
ཕྱིང་དཀར་གྲུ་བཞིའི་སྟེང་དུ་བཞུགས་གསོལ་ནས། །
ཁྲི་སྟོན་ཡིན་ཞེས་དགྱེས་བརྩེས་མངའ་གསོལ་མཛད། །
སྔོན་གྱི་ཐུགས་བསྐྱེད་དཀར་པོའི་རྟེན་འབྲེལ་དང་། །
བླ་མའི་བཀའ་གསུང་ལྡོག་ཏུ་མ་གཏུབ་པས། །
རབ་མཛེས་སྐུ་ཡི་བཀོད་པ་ཉི་མའི་ཟེར། །
ཁྲོཾ་ལྗོངས་ཡུལ་ལ་འཕྲོས་པའི་སྐལ་བཟང་ཐོབ། །
ཡབ་རྗེ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་མཆོག །
མཉེས་པ་གསུམ་གྱིས་ལེགས་པར་བསྟེན་ནས་སུ། །
འབུམ་ལྔ་བསགས་སྦྱོང་ནས་བཟུང་ཞལ་གདམས་ཀུན། །
མ་ལུས་ཐུགས་ཀྱི་བུམ་པར་ལེགས་པར་བསྟིམས། །
གར་ཐིག་དབྱངས་སོགས་ཆོ་གའི་ཕྱག་ལེན་དག །
བརྒྱུད་པ་གོང་མའི་ཕྱག་སྲོལ་ཇི་བཞིན་དུ། །
འཁྲུལ་མེད་ལག་ལེན་གནད་ལ་འབྱོར་བ་ཡི། །
ཐུབ་བསྟན་གཞི་རྩ་འཛིན་ལ་རབ་ཏུ་མཁས། །
འོད་གསལ་གསང་བ་སྙིང་གི་ཐིག་ལེ་ཡི། །
ཁྲེགས་ཆོད་གདམས་པ་ཟླ་ཕྱེད་ཙམ་སྒོམ་པས། །
ཉམས་རྟོགས་ཡོན་ཏན་མ་ལུས་རྒྱས་པའི་མཐུས། །
གྲུབ་དབང་བླ་མས་བསྔགས་བརྗོད་ཡང་ཡང་མཛད། །
ཁྱད་པར་འོད་གསལ་ཐོད་རྒལ་གསང་ལམ་ནས། །
གཞན་སེམས་ཤེས་སོགས་གྲུབ་རྟགས་སྣ་ཚོགས་དང་། །
དབྱིངས་སྣང་ཞི་ཁྲོའི་ལྷ་སྐུར་འབྱམས་ཀླས་ཀྱང་། །
ཐམས་ཅད་ཆོས་ཉིད་གཅིག་གི་ངོ་བོར་བསྡུས། །
སྐུ་གསུམ་བླ་སྒྲུབ་མཚམས་ལ་བཞུགས་པའི་ཚེ། །
ཟངས་མདོག་དཔལ་རིར་བྱོན་པའི་ཉམས་སྣང་དང་། །
དངོས་གྲུབ་ལེན་སྐབས་མཆོད་མེ་རང་འབར་སོགས། །
ཐུན་མིན་རྟགས་མཚན་རྒྱུད་སྡེའི་གཞུང་དང་མཐུན། །
དེ་སོགས་དག་པའི་སྣང་བ་འཆར་ཚུལ་དང་། །
ས་ལམ་མངོན་རྟོགས་བསམ་ལས་འདས་ན་ཡང་། །
མདོར་བསྡུས་ཚིག་གི་ལམ་ནས་གསལ་བ་ལས། །
ཡོད་ཚད་འབྲི་བའི་སྤོབས་སེམས་མ་མཆིས་སོ། །
དེ་ནས་རང་དོན་མཐའ་རུ་ཕྱིན་ལགས་ཀྱང་། །
གང་འདུལ་གདུལ་བྱ་སྐྱོང་བའི་དོན་དགོངས་ནས། །
སླར་ཡང་གསེར་ལྗོངས་བླ་མ་རུང་དུ་ཕེབས། །
མདོ་སྔགས་གཞུང་ལ་གསན་བསམ་གནད་སྨིན་མཛད། །
ཉིན་ཞིག་རི་རྩེར་སྐྱོ་སངས་ཕེབས་པའི་ཚེ། །
ལྷོ་ནུབ་མཚམས་ནས་ཙོ་ཟླའི་རྩེར་མཐོང་བས། །
ཕ་གཅིག་གྲུབ་དབང་བླ་མ་དྲན་པ་ཡིས། །
ཤུགས་དྲག་དད་པའི་སྤྱན་ཆབ་ཡང་ཡང་བསིལ། །
གཞན་ཡང་མཁན་ཆེན་དམ་པ་མུན་སེལ་དང་། །
འཇམ་དཔལ་ལེགས་བཤད་ཆོས་ཀྱི་ཉི་མ་དང་། །
ཁྲོཾ་སྤྲུལ་བདེ་ཆེན་རྡོ་རྗེ་ལ་སོགས་པ། །
ངེས་དོན་དམ་པ་མང་པོའི་ཞབས་ལ་གཏུགས། །
རིགས་ཀྱི་བདག་པོ་གྲུབ་དབང་བླ་མ་ཡིས། །
འཁོར་སློབ་འདུས་པ་སྟོང་ཚོ་དུ་མའི་དབུས། །
ཉིད་ཀྱི་རྒྱལ་ཚབ་ཡིན་ཞེས་དབུགས་དབྱུང་ནས། །
བསྟན་པའི་བྱ་བ་ཡོངས་རྫོགས་ཁྱེད་ལ་གཏད། །
དེ་ནས་བཟུང་སྟེ་ཉིན་མཚན་མི་དལ་བར། །
བསྟན་འགྲོའི་དོན་ལ་གཅིག་ཏུ་འབད་པ་དང་། །
སྨིན་ཁྲིད་གདམས་པའི་ཕྱག་བཞེས་མ་ནོར་བར། །
ཁྲི་ཕྲག་རྣམ་བཞིའི་འཁོར་ལ་ཕངས་མེད་བསྩལ། །
དེ་ཡང་ཆོས་བརྒྱད་མཛེས་ཆོས་ཙམ་མིན་པར། །
ལོ་སྣེ་ཟླ་དང་ཟླ་སྣེར་ཞག་མཐུད་དེ། །
བསྟན་ལ་གཅེས་པའི་ལྷག་བསམ་དཀར་པོ་ཡིས། །
ཉམས་རྟོགས་ཕུལ་བྱུང་བུ་སློབ་གསོ་སྐྱོང་མཛད། །
ཡིད་དཔྱོད་ཚིག་གི་ཡི་གེའི་ནག་འགྲོས་དང་། །
གཞན་ཟེར་བཤད་ཡམ་ཙམ་དུ་མ་ལུས་པར། །
ཉམས་མྱོང་གནད་ཀྱི་མན་ངག་འཆད་པ་ལ། །
དམ་པ་ཁྱེད་འདྲར་མེད་ཅེས་ཡོངས་སུ་གྲགས། །
ཁྱད་པར་གྲུབ་དབང་བླ་མ་རིན་པོ་ཆེ། །
ཞིང་ཁམས་གཞན་དུ་གཤེགས་པའི་ཚུལ་བསྟན་ཚེ། །
མྱ་ངན་གདུང་བས་ས་ཆེན་ཁྱབ་ན་ཡང་། །
ཐུགས་སྟོབས་བརྒྱ་འགྱུར་ངང་ནས་བསྟན་པ་སྤེལ། །
མི་གཞི་ཀུན་སྤྱོད་ནས་བཟུང་ལུགས་གཉིས་ཀྱི། །
ཡ་རབ་སྤྱོད་བཟང་དགོས་པའི་ཞལ་ཏ་དང་། །
འཕྲལ་ཕུགས་དགེ་བའི་གདམས་པ་རེ་རེ་ཡིས། །
བགྲང་ཡས་དད་ལྡན་ལེགས་པའི་ལམ་ལ་བཀོད། །
རླབས་ཆེན་བསྟན་པའི་བྱ་བ་བྱེད་པའི་ཚེ། །
གསར་རྙིང་གྲུབ་མཐའི་འཐེན་ཁྱེར་མི་མཛད་པར། །
ཕྱོགས་མེད་དག་སྣང་ལྷ་རེག་གཙང་མ་ཡིས། །
བོད་ཁམས་ཡུག་གཅིག་ཁྱབ་པའི་མཛད་པ་རྨད། །
ཐོས་པ་དགྲ་ལྟར་ལྟ་ལ་མི་དགྱེས་ཤིང་། །
སྒོམ་པ་ཨུ་ཚུགས་སྨྲ་ལ་མི་སྤྲོ་བར། །
ཐོས་སྒོམ་ཟུང་དུ་འབྲེལ་བའི་ལམ་མཆོག་ནས། །
རྒྱལ་བསྟན་འཛིན་སྐྱོང་སྤེལ་ལ་གཅིག་ཏུ་བརྩོན། །
སྙིགས་ལྔའི་མུན་པ་བདོ་བའི་མར་གཤམ་ནས། །
སྒོམ་ཁང་སྤྱིལ་བུས་རི་ལུང་གང་བ་ཡི། །
ནོར་འཛིན་དོག་པོར་བགྱིས་པའི་ཆོས་སྡེ་འདི། །
ཁྱེད་ཀྱི་ཐུགས་རྗེའི་འོད་ཞགས་གཅིག་གིས་བསྡམས། །
དབྱར་དགུན་དུས་ཀྱི་དཀྱོག་མཚམས་རེ་རེ་ནས། །
གཞན་དག་ཆོས་མཚམས་གྲོལ་བའི་དུས་ཡོད་ཀྱང་། །
ཁྱེད་ཀྱིས་ཇ་ཡུན་ཙམ་ཡང་མི་ཁོམ་པར། །
སྐུ་ཚེའི་མཛད་པ་སློབ་བུའི་དོན་དུ་གཏོང་། །
ཆེ་ལ་ངོ་བསྟོད་གཡོ་སྒྱུའི་སྤྲེལ་ལད་མེད། །
དམའ་ལ་ངན་དམོད་ཚིག་གིས་སྨ་འབེབས་མེད། །
བྱམས་བརྩེའི་ཐུགས་རྗེར་ཉེ་རིང་མི་མངའ་བའི། །
སེམས་དཔའ་ཁྱེད་ལ་མི་དད་སུ་ཞིག་མཆིས། །
དེ་སོགས་དཔག་ཡས་རྣམ་ཐར་རྒྱ་མཚོའི་འཇིངས། །
མ་ལུས་གཞལ་བའི་བློ་གྲོས་ན་ཕྲ་ཡང་། །
རྩྭ་རྩེར་བླངས་པའི་ཆུ་ཡི་ཟེེགས་མ་ཙམ། །
བདག་བློར་སོན་པ་ཙམ་འདིས་གློ་བ་དགའ། །
ཡངས་པའི་ས་ཆེན་འདི་ཡི་མཐའ་སྐོར་ཞིང་། །
སྐལ་བའི་ཡུན་ལ་བཙལ་ཀྱང་རྙེད་དཀའ་བའི། །
གང་སྐུ་མཐོང་གྲོལ་གསེར་གྱི་ལྷུན་པོ་འདི། །
མཇལ་བ་ཙམ་གྱིས་བདག་ཡིད་རབ་ཏུ་ཚིམས། །
ཐུབ་པའི་བསྟན་ལ་ཐུབ་པ་གཉིས་པ་བཞིན། །
མཁྱེན་བརྩེའི་ཡོན་ཏན་ཕ་མཐའ་ཡས་པ་གང་། །
རིགས་ཀྱི་བདག་པོར་གྱུར་པའི་དགའ་བ་འབུམ། །
སྟོང་གསུམ་སྣོད་དུ་བྱས་ཀྱང་ཆུད་པར་དཀའ། །
ཟིན་མེད་འཁོར་བའི་མཚོ་ལས་ཡིད་ཕྱུང་ནས། །
གཏན་བདེའི་ལམ་མཆོག་འཚོལ་ལ་འབད་པའི་ཚེ། །
འབྲེལ་ཚད་ཞི་བའི་ལམ་ལ་འགོད་མཛད་པའི། །
དམ་པ་ཁྱེད་ལས་སྐྱབས་གཞན་རེ་ཐག་ཆད། །
མཁས་པའི་ཐ་སྙད་ལག་གིས་འཛིན་པ་ཡི། །
ལས་དང་སྐལ་བ་བདག་ལ་མི་ལྡན་ཡང་། །
དད་པའི་སེམས་ཁ་ནམ་ཡང་མི་དམའ་བར། །
མཆོག་གསུམ་སྐྱབས་སུ་བཀུར་འདི་ཁྱེད་ཀྱི་དྲིན། །
ཉིན་མཚན་དུས་དྲུག་ངལ་མེད་རྩེ་གཅིག་ཏུ། །
ལྔ་རིག་གནས་ལ་འབད་པ་མ་ནུས་ཀྱང་། །
མི་ཚེའི་ཚེ་ནོམ་ཆོག་པའི་གཞུང་དག་ལ། །
བློ་ཁ་ཅུང་ཙམ་ཕྱོགས་འདི་ཁྱེད་ཀྱི་དྲིན། །
ཁྲེགས་ཆོད་ཐོད་རྒལ་གསང་ལམ་ལ་བརྟེན་ནས། །
སྣང་སྲིད་དག་མཉམ་འཆར་བར་མ་ནུས་ཀྱང་། །
གསོལ་འདེབས་རྒྱང་གླུ་ངག་ཏུ་གྱེར་ཤེས་པའི། །
མོས་གུས་མ་བོར་ཙམ་འདི་ཁྱེད་ཀྱི་དྲིན། །
འཁོར་བ་མེ་ཡི་འོབས་སུ་གོ་བ་ཡི། །
བཅོས་མིན་ངེས་འབྱུང་རྒྱུད་ལ་མ་སྐྱེས་ཀྱང་། །
ཚབ་ཆེན་སྡིག་པའི་ལས་ལ་འཛེམས་ཤེས་པ། །
བསམ་ཞིང་བསམ་ན་ཁྱེད་ཀྱི་དྲིན་ཁོ་ན། །
ཕྱོགས་མེད་བསྟན་ལ་དག་སྣང་འབའ་ཞིག་གིས། །
རླབས་ཆེན་བྱ་བཞག་སྒྲུབ་པར་མ་ནུས་ཀྱང་། །
དོན་མེད་བཀུར་འདེབས་བྱེད་ལ་སྐྲག་ཤེས་པ། །
འདི་ཡང་ཁྱེད་ཀྱི་ཐུགས་རྗེའི་དྲིན་ལས་བྱུང་། །
ད་ནས་བཟུང་སྟེ་ཚེ་རབས་ཕྲེང་བ་ཀུན། །
མགོན་པོ་ཁྱེད་ཀྱི་བྲན་དུ་བདག་གྱུར་ཏེ། །
རླབས་ཆེན་བསྟན་འགྲོའི་དོན་ཆེན་སྒྲུབ་པ་ལ། །
ལུས་དང་སྲོག་ཀྱང་ཕངས་མེད་གཏོང་ནུས་ཤོག །
རབ་འབྱམས་ཞིང་ཁམས་ཀུན་ལ་ཉུལ་བ་ཡི། །
དཔག་མེད་ཡོན་ཏན་བདག་ལ་མངའ་ན་ཡང་། །
མགོན་པོ་ཁྱེད་ཀྱི་ཞབས་རྡུལ་ཕྲ་མོ་ཡང་། །
གུས་པས་སྤྱི་བོའི་རྒྱན་ཏུ་ལེན་ནུས་ཤོག །
ནམ་ཞིག་བདག་ཉིད་ངན་འགྲོའི་གནས་སྐྱེས་ཤིང་། །
བཟོད་མེད་ལྕགས་སྲེག་ཐང་དུ་ཉལ་དགོས་ཀྱང་། །
ཁྱེད་ལ་དད་པའི་བློ་ཁ་མི་འགྱུར་བར། །
ཡིད་སྤྲོའི་སྣང་བ་རྒྱུན་ཆད་མེད་པར་ཤོག །
མདོར་ན་མཐོ་དམན་དཀར་ནག་གང་སྐྱེས་ཀྱང་། །
རེ་ས་ཁྱེད་ལས་མེད་པའི་སློབ་བུ་ལ། །
བྱམས་པའི་སྤྱན་ཟུང་ནམ་ཡང་མི་ཟུམ་ཞིང་། །
བརྩེ་བ་ཆེན་པོས་རྗེས་སུ་འཛིན་པར་ཤོག །
འདི་འབད་དགེ་བའི་དངོས་པོ་གང་མཆིས་པ། །
དཔལ་ལྡན་བླ་མ་མཉེས་པའི་རྒྱུར་གྱུར་ཞིང་། །
འགལ་དང་མ་འབྲེལ་ཉེས་པའི་ཚོགས་མཐའ་དག །
གཟུར་གནས་མཁས་པའི་སྤྱན་སྔར་སྙིང་ནས་འཆགས། །
སླད་ནས་མགོན་ཁྱེད་སྐུ་ཚེ་རབ་བརྟན་ཅིང་། །
ཐུགས་བཞེད་གང་དག་འབད་མེད་ལྷུན་འགྲུབ་ནས། །
སྟོན་འཁོར་ཚོགས་པའི་གྲལ་རིམ་མི་འཐོར་བར། །
དགེ་འདུན་འདུས་པས་ས་ཆེན་ཁྱབ་གྱུར་ཅིག །
ཅེས་པ་འདི་ཡང་ཚེ་རབས་ཀུན་ཏུ་ཕ་གཅིག་གྲུབ་དབང་ཡབ་སྲས་རྣམ་གཉིས་ཀྱི་བྲན་དུ་སྨོན་པའི་གུས་འབངས་ཐ་ཤལ་བ་ཚེ་དབང་རྡོ་རྗེའམ་ཡོངས་གྲགས་སུ་ཆབ་རི་ཚེ་དབང་དུ་འབོད་པ་དེས་བོད་རབ་རྒྱན་ལྕགས་གླང་ལོའི་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་རྫོགས་པ་དང་པོའི་ཉིན་མཁན་ཡེ་ཤེས་དོན་རྟོགས་ཀྱིས་མཛད་པའི་མཆོག་སྤྲུལ་༧་གསང་སྔགས་བསྟན་འཛིན་གྱི་རྣམ་ཐར་བསྡུས་པ་དད་གསུམ་པདྨོ་འབྱེད་པའི་ཉིན་བྱེད་ལ་གཞི་བཅོལ་ནས་འབྲི་ཁུལ་བགྱིས་པས། འདིར་འབད་རྣམ་དཀར་དགེ་བའི་ཆ་ཅི་མཆིས་པ་ཀུན་བདག་ལ་དྲིན་གྱིས་བསྐྱངས་བའི་ཕ་མ་གཉིས་གཙོར་བྱས་པའི་འབྲེལ་ཐོགས་སེམས་ཅན་ཐམས་ཅད་གནས་སྐབས་ནད་མེད་བདེ་དགས་འཚོ་བ་དང་། མཐར་ཐུགས་ཕ་གཅིག་གྲུབ་དབང་ཡབ་སྲས་གཉིས་ཀྱི་འཁོར་དུ་སྐྱེས་ནས་རྫོགས་སྨིན་སྦྱངས་བ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་སྙིང་ནས་སྨོན་ན་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག ། དགེའོ་དགེའོ།། །།