་ལག་བཅོ་ལྔ་བ་བཞུགས་སོ།།
སྨོན་ལམ་ཡན་ལག་བཅོ་ལྔ་བ་བཞུགས་སོ།།
༄༅། །མི་མངོན་དབྱིངས་ན་བཞུགས་པ་ཡི།།
བླ་མ་རྒྱལ་བ་སྲས་བཅས་ལ། །
གུས་པས་ཕྱག་འཚལ་གསོལ་བ་འདེབས། །
བདག་སོགས་འགྲོ་ཀུན་བསྐྱབ་ཏུ་གསོལ། །
༡ ༽ ཕྱོགས་བཅུ་ན་བཞུགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཅེས་དགོངས་གསོལ་དང་།
༢༽ བདག་ལ་ཁྱེད་ལས་སྐྱབས་དང་མགོན་གཞན་མ་མཆིས་པས་དུས་ད་ནས་ཇི་སྲིད་བྱང་ཆུབ་སྙིང་བོ་མ་ཐོབ་ཀྱི་བར་དུ། གུས་པས་ཕྱག་འཚལ་ཞིང་སྙིང་ནས་སྐྱབས་སུ་མཆིའོ། །ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ། ཅེས་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་དང་།
༣༽ བདག་གི་ལུས་དང་ལོངས་སྤྱོད་ཐམས་ཅད་དང་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད། འཕགས་པ་ཀུན་ཏུ་བཟང་བོའི་མཆོད་སྤྲིན་ལྟ་བུར་གྱུར་ཏེ། གུས་པས་ཁྱེད་རྣམས་ལ་འབུལ་བར་བགྱིའོ། །ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་བཞེས་སུ་གསོལ། བཞེས་ནས་བདག་སོགས་སེམས་ཅན་ཐམས་ཅད་བྱིན་གྱིས་བརླབ་ཏུ་གསོལ། ཅེས་མཆོད་པ་འབུལ་བ་དང་།
༤༽ བདག་གིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ།སྲོག་བཅད་པ་སོགས་སྡིག་པ་མི་དགེ་བའི་ལས་གང་བྱས་པ་དང་། གཞན་ལ་བྱེད་དུ་བཅུག་པ་དང་། གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་བྱས་པ་དང་། གཞན་ཡང་སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང་། གསང་བ་སྔགས་ཀྱི་དམ་ཚིག་དང་འགལ་སོགས། མདོར་ན། འཁོར་བ་དང་ངན་སོང་གི་རྒྱུ་གང་བགྱིས་པ་དང་། ཐར་བ་དང་ཐམས་ཅད་མཁྱེན་པའི་གེགས་གང་དང་ཅི་མཆིས་པ་ཐམས་ཅད་སྙིང་ནས་མཐོལ་ལོ། །བཤགས་སོ།།ཕྱིན་ཆད་སྡོམ་ཀྱང་པར་བགྱིད་ལགས་སོ། ། ཞེས་སྡིག་པ་བཤགས་པ་དང་།
༥༽ རང་དང་གཞན་གྱིས་དགེ་བ་གང་དང་ཅི་བགྱིས་པ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །སེམས་ཅན་ཐམས་ཅད་ཀྱིས་དུས་ནམ་དུའང་མི་དགེ་བ་ཕྲ་མོ་ཙམ་ཡང་མི་བྱེད་ཅིང་། དགེ་བ་རྒྱ་ཆེན་པོ། མཐའ་ཡས་པ་བྱེད་པར་གྱུར་ཅིག ཅེས་རྗེས་སུ་ཡི་རང་བ་དང་།
༦༽ བླང་དོར་གྱི་གནས་ལ་རྨོངས་པའི་བདག་དང་སེམས་ཅན་ཐམས་ཅད་ལ་དུས་རྟག་པར་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། ཆོས་ཀྱི་འཁོར་ལོ་གང་དང་གང་བསྐོར་བ་ཐམས་ཅད། སེམས་ཅན་ཐམས་ཅད་ཀྱིས་ཐོས་པར་གྱུར་ཅིག ཐོས་ནས་ཉམས་སུ་ལོན་པར་གྱུར་ཅིག ཅེས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་།
༧ ༽ བདག་དང་སེམས་ཅན་ཐམས་ཅད་ཀྱི་མགོན་དང་། སྐྱབས་དང་། དཔུང་གཉེན་དུ་དུས་རྟག་ཏུ་མྱ་ངན་ལས་འདའ་བའི་ཚུལ་མི་སྟོན་པར་དུས་ནམ་དུའང་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བ་དང་ལྡན་པར་གྱུར་ཅིག ཅེས་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང་།
༨༽ འཁོར་བའི་རྩ་བ་བདག་ཏུ་འཛིན་པའི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་གསལ་སྟོང་ཟུང་དུ་འཇུག་པའི་ལྟ་བ་མཆོག བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྟོགས་པར་བྱའོ།།རྟོགས་ནས་ཀྱང་བསྒོམ་པ་མཐར་ཕྱིན་པར་བྱའོ། ། ཞེས་དོན་དམ་བྱང་སེམས་བསྒོམ་པར་དམ་བཅའ་བ་དང་།
༩༽ མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་གཏན་གྱི་བདེ་བ་བླ་ན་མེད་པ་དང་། དེའི་རྒྱུ་དགེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག དེ་དང་ལྡན་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་རློབས་ཤིག བདག་གིས་སེམས་ཅན་ཐམས་ཅད་གཏན་གྱི་བདེ་བ་བླ་ན་མེད་པ་ལ་འགོད་པར་བྱའོ། ། ཞེས་བྱམས་པ་བསྒོམ་པ་དང་།
༡༠༽ མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་མཐའ་དག་དང་། སྡུག་བསྔལ་གྱི་རྒྱུ་མི་དགེ་བ་དང་ཡོངས་སུ་འབྲལ་བར་གྱུར་ཅིག དེ་དང་འབྲལ་བར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་རློབས་ཤིག དེ་ཡང་ སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་དང་བཅས་པ་ལས་བདག་གིས་འབྲལ་བར་བྱའོ། ། ཞེས་སྙིང་རྗེ་བསྒོམ་པ་དང་།
༡༡༽ བདག་གིས་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱའོ། ། དེ་ལ་འགལ་རྐྱེན་དང་བར་ཆད་མེད་ཅིང་། དུས་རིང་བོར་མི་ཐོགས་པར་མྱུར་དུ་འཐོབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། ཅེས་སྨོན་པ་སེམས་བསྐྱེད་བསྒོམ་པ་དང་།
༡༢༽ སངས་རྒྱས་ཀྱི་གོ་འཕང་དེ་ཉིད་འཐོབ་པའི་ཕྱིར་དམ་པའི་ཆོས་རྣམ་པར་དག་པ་བསྒྲུབ་པར་བགྱིའོ། ། དེ་ལ་འགལ་རྐྱེན་དང་བར་ཆད་མི་འབྱུང་ཞིང་། ཚུལ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། ཅེས་འཇུག་པ་སེམས་བསྐྱེད་བསྒོམ་པ་དང་།
༡༣༽ བདག་ན་བ་དང་ཚ་བ་སོགས་མི་འདོད་པའི་རྐྱེན་གང་དང་ཅི་བྱུང་བ་འདིས། ཚེ་རབས་སྔ་མ་རྣམས་སུ་གཞན་ལ་གནོད་པ་བྱས་པའི་ལས་ངན་པ་གང་བསགས་པ་དང་། བུ་ལོན་ཇི་སྙེད་བསགས་པ་ཐམས་ཅད་ཡོངས་སུ་སོད་པར་གྱུར་ཅིག ཡོངས་སུ་ཟད་པར་གྱུར་ཅིག བདག་གི་ལུས་དང་སེམས་ལ་སྡུག་བསྔལ་བ་འདི་འདྲ་བ་གཞན་སུ་ལའང་འབྱུང་བར་མ་གྱུར་ཅིག སེམས་ཅན་སུ་ལ་ཡང་འདི་ལྟར་བྱུང་དང་འབྱུང་བར་འགྱུར་བ་ཐམས་ཅད་བདག་ན་བ་དང་ཚ་བ་འདིས་གོ་ཆོད་པར་གྱུར་ཅིག སེམས་ཅན་གཅིག་གིས་ཀྱང་དེ་ལྟར་མྱོང་མི་དགོས་པར་གྱུར་ཅིག སེམས་ཅན་དེ་ཐམས་ཅད་བདག་གིས་སྐྱོབས་ནུས་པར་གྱུར་ཅིག ཅེས་སྡུག་བསྔལ་ལམ་ཁྱེར་བསྒོམ་པ་དང་།
༡༤༽ བདག་ཇི་སྲིད་སངས་མ་རྒྱས་ཀྱི་བར་དུ་འཕགས་པ་བཟང་བོ་སྤྱོད་པའི་སྨོན་ལམ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སོགས་ལས་ཇི་ལྟར་བྱུང་བ་བཞིན་འགྲོ་བ་རྣམས་ཀྱི་དོན་མཐའ་ཡས་པ། རྒྱ་ཆེ་བ། བསམ་གྱིས་མི་ཁྱབ་པ། བརྗོད་ཀྱིས་མི་ལངས་པ་ཁོ་ན་བྱེད་པར་གྱུར་ཅིག མངོན་པར་རྫོགས་པར་སངས་རྒྱས་ནས་ཇི་སྲིད་འཁོར་བ་མ་སྟོང་བར་དུ་འགྲོ་བ་རྣམས་ཡོངས་སུ་འདྲེན་པར་མཛད་དེ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ཡོངས་སུ་སྐེམ་ནུས་པར་གྱུར་ཅིག ཅེས་སྨོན་ལམ་འདེབས་པ་དང་།
༡༥༽ བདག་གིས་འདི་ལྟར་སྨོན་ལམ་བཏབ་པའི་དགེ་བ་དང་གཞན་དུས་གསུམ་དུ་བསགས་དང་བསག་འགྱུར་གྱི་དགེ་བ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་ཏེ། སེམས་ཅན་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བའི་རྒྱུ་རུ་ཡོངས་སུ་བསྔོ་བར་བགྱིའོ། ། ཞེས་དགེ་བ་བསྔོ་བའོ། །
བླ་མ་མཆོག་གསུམ་བདེན་པའི་བྱིན་རླབས་དང་།།
རྒྱུ་འབྲས་བསླུ་བ་མེད་པའི་རྟེན་འབྲེལ་དང་།།
བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས།།
ཇི་ལྟར་སྨོན་ལམ་བཏབ་ཚད་མྱུར་འགྲུབ་ཤོག།
སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་།།
ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་།།
དགེ་འདུན་མི་བྱེད་འདུན་པའི་བྱིན་རླབས་ཀྱིས།།
ཅི་བཏབ་བསྔོ་བ་སྨོན་ལམ་འགྲུབ་གྱུར་ཅིག །
དེ་ལྟ་བུའི་སྨོན་ལམ་འདིའང་བདག་གི་སྤུན་དཔལ་འབྱོར་སྟོབས་ལྡན་ལ་ནད་གཞི་ལྕི་བ་ཞིག་བྱུང་སྐབས་ཁོ་དང་གཞན་དང་གཞན་ལ་ཕན་པའི་སེམས་ཀྱིས་རབ་གནས་ཆུ་སྟག་ལོའི་ཟླ་༢ཚེས་༡༨ཉིན་དྷཱིཿཕུ་དཔལ་ལྡན་གྱིས་འཕྲལ་མར་བྲིས་པས་གཞན་འགྲོ་བ་མང་བོ་ལ་ཕན་རྒྱ་ཆེན་པོ་ཐོགས་པར་གྱུར་ཅིག། །།