༄༅།།འཇའ་ལུས་འཕོ་ཆེན་འགྲུབ་པའི་སྨོན་ལམ་
༄༅།།འཇའ་ལུས་འཕོ་ཆེན་འགྲུབ་པའི་སྨོན་ལམ་
སྦས་ཡུལ་སྟག་ཚང་གི་སྒྲ་དབྱངས།།
རྒྱལ་བ་ཀུན་བཟང་ཡབ་ཡུམ་ལ་ཕྱག་འཚལ་ལོ།།
གདོད་མའི་ངོ་བོ་གནས་ལུགས་སྤྲོས་བྲལ་ངང་།།
འོད་གསལ་རང་བཞིན་སྙིང་པོ་ཀུན་ཏུ་བཟང་།།
ཟུང་འཇུག་ཐུགས་རྗེ་དཔལ་ཡོན་ཀུན་ཁྱབ་བདག།
འཇམ་མགོན་བླ་མས་ཚེ་རབ་ཀུན་ཏུ་སྐྱོངས།།
ཁྱད་ཆོས་དྲུག་ལྡན་ཀུན་བཟང་དགོངས་པའི་མཐིལ།།
སྣང་སྲིད་རྣམ་དག་འཇའ་གུར་ཐིག་ལེ་དབུས།།
ཞི་ཁྲོ་རབ་འབྱམས་སྣང་བཞིའི་རྩལ་ཤར་བའི།།
ཐོད་རྒལ་གཞི་ཡི་གནས་ལུགས་རྟོགས་པར་ཤོག།
ངོ་བོ་ཀ་དག་རྟག་མཐའ་གཞི་མེད་གྲོལ།།
རང་བཞིན་ལྷུན་གྲུབ་ཆད་པའི་མུ་དང་བྲལ།།
ཐུགས་རྗེ་དབྱེར་མེད་སྣ་ཚོགས་སྤྲུལ་པའི་སྐུ།།
འཇའ་ལུས་འཕོ་ཆེན་རྒྱལ་བའི་སྐུ་ཐོབ་ཤོག།
ཡེ་ནས་རྣམ་དག་ལྟ་བའི་ངོ་བོ་མཐོང་།།
རང་རིག་ཡང་དག་སྒོམ་པའི་རང་བཞིན་གསལ།།
གང་འདུལ་མཛད་བཟང་སྤྱོད་པའི་ཕྲིན་ལས་རྒྱས།།
འཇའ་ལུས་འཕོ་ཆེན་འབྲས་བུ་མཐར་ཕྱིན་ཤོག།
ཅེས་པ་འདི་ཡང་རབ་གནས་མེ་སྤྲེལ་ལྷ་བབས་དུས་ཆེན་ཟླ་བའི་ཡར་ངོའི་ཚེས་པ་བཅུའི་ཉིན་དམ་པས་བཀོད་བསྒྲིགས་བཞིན་སྤ་གྲོ་སྟག་ཚང་དུ་དད་གུས་ལྡན་པའི་སྐལ་བཟང་སློབ་བུ་རྣམ་པ་ལ་ཁྲིད་ཡིག་ཡེ་ཤེས་བླ་མའི་ཁྲིད་དབང་དང་ཚོགས་མཆོད་སྐབས་སུ་སྦས་ཡུལ་དེ་ཉིད་གུ་རུ་གསུང་འབྱོན་མའི་མདུན་ནས་གང་ཤར་དུ་རིག་འཛིན་ཨེ་མ་ཧོས་སྙིང་ནས་སྨོན་པར་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ།། །།