
ཉེར་ལྔ་མཁའ་འགྲོའི་དུས་ཆེན་བསུའོ།།
ཉེར་ལྔ་མཁའ་འགྲོའི་དུས་ཆེན་བསུའོ།།
བདེ་འཚམས་ངང་དབྱིན་ཡུལ་ལ་ཐོན་ཐལ།
ཨེ་མ་ཧོ༔
དགའ་ཡུལ་ཕ་ཁྱིམ་གཉིས་པའི་གླིང་ཀ་རུ།།
དགྱེས་དགུ་དཔལ་ལ་སྤྱོད་མཁས་ཤྲཱིཿ སྨྱོན་པ།།
འགྱུར་མེད་རྡོ་རྗེའི་ཟློས་གར་ཅི་ཡང་བསྒྱུར།།
ཨ་ལ་ལ་ཧོ་ཆོས་མཆེད་བཀའ་དྲིན་ཆེ།།
༼༡༽
སངས་རྒྱས་ལྷ་མོས་ཞབས་བརྟན་དབྱངས་སུ་འགུགས།།
རྡོ་རྗེ་ལྷ་མོས་ཚེ་སྲོག་མདའ་དར་སྒྲོན།།
རིན་ཆེན་ལྷ་མོས་གཡང་གི་ནོར་བུ་སྟེར།།
པདྨ་ལྷ་མོས་སྒྲུབ་པ་ཚད་དུ་ཕྱིན།།
༼༢༽
ཀརྨ་ལྷ་མོས་ཕྲིན་ལས་ཕྱོགས་ཀུན་བརྡལ།།
ཛྙཱ་ན་ལྷ་མོས་དབུ་མའི་གོ་བར་བཤད།།
བདེ་ཆེན་ལྷ་མོས་ཕྱག་རྒྱའི་དངོས་གྲུབ་གནང་།།
གུ་རུ་ལྷ་མོས་རྫོགས་ཆེན་བསྟན་པ་སྤེལ།།
༼༣༽
མཆོད་ཡོན་ལྷ་མོས་བདུད་རྩི་ཆབ་གཙང་འབུལ།།
ཞབས་བསིལ་ལྷ་མོས་སྒོ་གསུམ་དྲི་མ་སྦྱངས།།
མེ་ཏོག་ལྷ་མོས་སྤྱན་གཟིགས་སྒྱུ་རྩལ་ངོམས།།
བདུག་སྤོས་ལྷ་མོས་དྲི་ཞིམ་མཆོད་སྤྲིན་བཤམས།།
༼༤༽
མར་མེ་ལྷ་མོས་འོད་ཟེར་ཀུན་ནས་སྤྲོས།།
དྲི་ཆབ་ལྷ་མོས་བཀྲག་མདངས་གཟི་བྱིན་བསྐྱེད།།
ཞལ་ཟས་ལྷ་མོས་བཟའ་གཏུང་ཚོགས་འཁོར་བསྐོར།།
རོལ་མོ་ལྷ་མོས་སྙན་དབང་ཡིད་གར་འོང་།།
༼༥༽
ཟློས་གར་ལྷ་མོས་གླུ་བྲོ་དགྱེས་པར་བསྐངས།།
རེག་བྱ་ལྷ་མོས་ཁམས་བཟང་བདེ་ཆེན་སྦྱིན།།
རོ་མཆོག་ལྷ་མོས་ཞིམ་མངར་ལུས་ཁམས་གསོ།།
རྔ་སྒྲ་ལྷ་མོས་ཕྱོགས་ལས་རྣམ་རྒྱལ་མཛད།།
༼༦༽
ཀུན་བཟང་ལྷ་མོས་སྙིང་ནས་བརྩེ་སེམས་གནང་།།
གར་དབང་ལྷ་མོས་རྟེན་འབྲེལ་སྒོ་འཕར་འགྱེད།།
སྟོང་ཉིད་ལྷ་མོས་འོད་གསལ་ལམ་དུ་ཕྱིན།།
རྒྱལ་དབང་ལྷ་མོས་ཞི་བདེའི་ལམ་སྣ་འདྲེན།།
༼༧༽
དཔལ་ལྡན་ལྷ་མོས་ཅི་གསུང་བཀའ་བཞིན་སྒྲུབ།།
ཉེར་ལྔའི་ལྷ་མོའི་ཉེར་ལྔའི་དུས་དྲན་བྱས།།
བཅོལ་བའི་ཕྲིན་ལས་བདེ་མྱུར་ལྷུན་གྱིས་གྲུབ།།
འཁོར་འདས་དག་པ་རབ་འབྱམས་དབང་ཐོབ་ཤོག།
ཤྲཱིཿ གླིང་པས་དབྱིན་ཡུལ་ཨེ་ཝྃ་བདེ་མཆོག་ཕོ་བྲང་ནས་གླུ་རུ་བླངས་པར་དགེའོ།།
13/1/2026
བདེ་གཤེགས་སྲས་བཅས་ཀུན་གྱི་ཐུགས་བསྐྱེད་དང་།
མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ།
བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ།།
དེ་འདྲ་ཁོ་ན་བདག་སོགས་འགྱུར་བ་ཤོག།


