ཤྲཱིཿདོ་ཧ་སྤྲིན་གྱི་སྒྲ་དབྱངས།།
ཤྲཱིཿདོ་ཧ་སྤྲིན་གྱི་སྒྲ་དབྱངས།།ན་མོ་མ་ཧཱ་གུ་རུ་ཨེ་མ་ཧོ།།ཀ་དག་གཉུག་མའི་ངོ་བོ་ཆོས་སྐུ་ལས་མ་འདས།།འོད་གསལ་སྙིང་པོའི་རང་བཞིན་ལོངས་སྐུ་ཡི་ཞིང་སྣང།།སྣ་ཚོགས་བདེ་གཤེགས་ཐུགས་རྗེ་སྤྲུལ་སྐུ་ཡི་ཕྲིན་ལས།།ཀུན་འདུས་ཡིད་བཞིན་ནོར་བུ་བླ་མ་རྗེ་མཁྱེན་ནོ།།ནམ་མཁའ་ཡངས་པའི་ལྟ་བ་རྒྱ་ཆད་དང་བྲལ་བས།།རྒྱ་མཚོའི་གཏིང་བཞིན་སྒོམ་པ་གཡོ་མེད་དུ་གནས་ཕྱིར།།བཟང་པོ་སྤྱོད་པའི་མཛད་པ་མཁའ་ཁྱབ་ཏུ་ཁྱབ་གདལ།།ཡིད་བཞིན་ནོར་བུའི་འབྲས་བུ་ཀུན་བཟང་ལ་སྨིན་སོང་།།མཁན་ཆེན་པདྨ་དབང་རྒྱལ་བི་མ་དང་མཉམས་སོང་།།པཎ་ཆེན་པདྨ་ཚེ་དབང་ལྷུན་གྲུབ་ཏུ་ཕྱིན་སོང་།།བྱ་བྲལ་པདྨ་ཆོས་དབྱིངས་ཁྱབ་གདལ་དུ་ཕེབས་སོང་།།རྒྱལ་དབང་ཀ་རའི་དགོངས་དོན་ཉིད་དུ་རྙེད་སོང་།།ཀུན་མཁྱེན་ཀློང་ཆེན་རབ་འབྱམས་གསང་མཛོད་ལ་དབང་ཞིང་།།འཇིགས་མེད་མཁྱེན་བརྩེའི་ནུས་མཐུའི་རྟེན་འབྲེལ་འཛོམས་པས།།རྒྱལ་སྲས་རྒྱལ་བའི་མྱུ་གུའི་ཕྲིན་ལས་ལ་འབྱོར་བས།།འཇའ་ལུས་འཕོ་ཆེན་ཐོབ་པའི་དངོས་གྲུབ་ཅིག་གནང་སོང་།།ཞེས་པ་རབ་གནས་ས་ཕག་ཆོ་འཕྲུལ་ཟླ་བའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ལ་ཤྲཱིཿསྨྱོན་གང་ཤར་ཐོལ་བྱུང་བགྱིས་པར་དགེའོ།། །།
རྨི་ལམ་འོད་གསལ་དང་མངོན་སུམ།
རྨི་ལམ་འོད་གསལ་དང་མངོན་སུམ།ཨེ་མ་ཧོ།།ལྷ་བླ་མ་ལ་གསོལ་འདེབས་དྲག་ཏུ་བསྙེན་ནས།།མ་ཡི་དམ་ཉིད་ཐུགས་དམ་བཞུགས་པའི་སྐབས་སུ།།གཉིད་འོད་གསལ་ངང་ཟངས་མདོག་དཔལ་རིའི་དབུས་སུ།།མགོན་པད་འབྱུང་ཉིད་གསང་གསུམ་ལྷང་ངེ་མཇལ་སོང་།།གཞི་སྣང་སྟོང་ལ་ངོ་བོ་འཕོ་འགྱུར་ཀུན་བྲལ།།ལམ་བདེ་སྟོང་ལ་རང་བཞིན་གསལ་བཞག་ལྷུན་གྲུབ།།དོན་རིག་སྟོང་ལ་ཐུགས་རྗེ་ཀུན་ཏུ་བཟང་པོ།།གནད་གསང་གསུམ་ཉིད་མི་འགྱུར་གཡུ་དྲུང་དཀར་པོ།།ཆོས་རྒྱལ་མཚན་གྱི་རྒྱལ་རྔ་ཕྱོགས་ཀུན་ཁྱབ་པ།།བསང་དུད་པ་ཡི་འཇའ་སྤྲིན་བར་སྣང་གང་བས།།མ་མཚན་ལྡན་གྱི་ཀུན་བཟང་སྨོན་ལམ་མཛད་ཕྱིར།།བུ་རིག་འཛིན་རྣམས་དཀྱིལ་འཁོར་གཅིག་ཏུ་འཚོགས་འདུག།ཤར་མཛེས་ལྡན་གྱི་རིག་མ་གཡང་དུ་འཁོར་ཅིང་།།ནུབ་བདེ་ལྡན་དུ་འཇའ་འོད་སྣ་ལྔ་བཀྲ་ཤིས།།བྱང་སྤྲིན་ནག་གི་ན་བུན་མཁར་རུ་སངས་ཏེ།།ལྷོ་རིག་འཛིན་གྱི་ཚོམས་ཆེན་དར་རྒྱས་བྱུང་སོང་།།སེང་མི་འཇིགས་པ་ངར་སྐད་གངས་རིར་སྒྲོག་ནས། ཁྱུང་གཡུལ་རྒྱལ་གྱི་བ་དན་ཕྱོགས་ལས་རྣམ་རྒྱལ།།སྟག་དཔའ་རྒོད་ཀྱི་རུ་མཚོན་ཆུ་ལ་ཤོར་བས།།འབྲུག་ཕོ་ཐང་དེ་དགུང་སྔོན་དབྱིངས་ནས་གྲགས་སོང་།།བརྡ་ཆོས་གླུ་ཉིད་རྨི་ལམ་འོད་གསལ་ངང་དུ།།དབྱིངས་ཟག་མེད་ཀྱི་ཕྱག་རྒྱ་ཆེན་པོའི་རོལ་བར།།ལས་རབ་འབྱམས་ཀྱི་ཕྲིན་ལས་ཀུན་ཏུ་བཟང་པོ།།ཕྱོགས་ཀུན་ཁྱབ་ཀྱི་འགྲོ་འདུལ་འདྲེན་པར་རྒྱལ་ལོ།།རྨི་ལམ་འོད་གསལ་ངང་གི་བདེ་སྐྱིད་དང་རིག་འཛིན་ནམ་མཁའ་རྒྱ་མཚོ་རིན་པོ་ཆེས་བརྡ་གླུས་སྐུལ་བ་བཞིན་རིག་འཛིན་ཨེ་མ་ཧོས་ཨེ་ཝཾ་དཔལ་རིའི་དུར་ཁྲོད་ཆེན་པོ་ཀུ་ཤུའི་མེ་ཏོག་བཞད་པའི་ནགས་ཀློང་ནས་བགྱིས་པར་དགེའོ།།
ཨ་མ་ལ་ཀ་རྩོམ་རྒྱུ་འབྲས་མན་ངག་བདུན་གྱི་མེ་ལོང་།།
ཨ་མ་ལ་ཀ་རྩོམ་རྒྱུ་འབྲས་མན་ངག་བདུན་གྱི་མེ་ལོང་།།ཨེ་མ་ཧོ།ཨ་མ༵འི་བརྩེ་དུང་ངོ་ཤེས༵་ཨ་དོན་ཉིད།།ཧ་ཅང་དཀའ་སྤྱད་ཅན་གྱི་ཨ་མ་ནི།།ས་སྟེང་མི་ལུས་ཡིད་བཞིན་ནོར་བུའི་དཔལ།།ཤ་ཞེན་བུ་ལ་གནང་སྦྱིན་མཆོག་ཏུ་བཟང་།།ལ་རྒྱའི་དྲིན༵་གྱིས་སྐྱོང་བའི་རྣམ་པར་ཐར།།ར་བ་གངས་རིས་བསྐོར་བའི་ཞིང་ཁམས་སུ།།ཡ་མཚན་རྟོགས་པའི་ཡེ་ཤེས་རྒྱས་མཛད་མ།།འ་འུར་མིན་པར་སྙིང་ནས་བཀའ་དྲིན་དྲན༵།།ཟ་མའི་ཟས་མཆོག་གཅེས་པའི་བུ་ལ་གནང་།།ཞྭ་བཞིན་གཙུག་ཏུ་བསྐུར་བའི་སྙིང་བརྩེ་ཅན།།ཝ་ལེར་སེམས་ཀྱི་རང་གཤིས་འགྱུར་མེད་པ།།ཛ་ཡའི་ཆོས་སྒོར་ཞུགས་པ་དྲིན༵་ལན༵་བཟོ༵ས།།ཚ་གྲང་ཐེག་པའི་གོས་བཟང་རྒྱན་ཏུ་གསོལ།།ཙ་རིའི་གནས་ལ་ཡིད༵་འོང༵ས་བྱམས༵་སེམས་ཅན།།མ་གྱུར་འགྲོ་རྣམས་འདྲེན་པའི་ཐུགས་དམ་ལ།།བ་བེའུའི་འཚོ་ལྟར་སྦྱིན་པའི་བདག་པོ་བྱས།།ཕ་མཆོག་བླ་བརྒྱུད་དད་པའི་རྣལ་འབྱོར་མས།།པ་ཏྲའི་བཀྲ་ཤིས་བརྩེ༵་བའི༵་སྙིང༵་རྗེ༵་དང་།།ན་རཀ་བདེ་ལེགས་མཛད་པའི་ཕྱག་རྒྱ་ཆེས།།ད་གདོད་རྫོགས་པ་ཆེན༵་པོ༵འི་བསྟན་པ་སྤེལ།།ཐ་དག་སྡུག་ཀུན་བསལ་བའི་ལྷག༵་བསམ༵་དང་།།ཏ་ཐཱ་ག་ཏཱའི་ལམ་བཟང་རྣམ༵་པར་དག༵།ཉ་གང་ཟླ་བཞིན་ཨ་མའི་དགོངས་པར་སྒྲུབ།།ཇ་བཟང་དཔལ་བཞིན་ལང་ཚོའི་དབང་ཐང་བརྟས།།ཆ་ཅན་ཀུན་ཏུ་བཟང་པོའི་རང༵་འབྲས༵་ལ།།ཅ་དག་བླ༵་ན་མེད༵་པའི་བརྩོན་འགྲུས་ཀུན།།ང་རྒྱལ་མིན་པར་བྱང༵་ཆུབ༵་ལ༵་དམིགས༵་པ༵།།ག་བུར་དབང་ལྟར་ཨ་མའི་དགོངས་པ་རྫོགས།།ཁ་བ་གངས་ཅན་མེས་པོའི་ཡ་རབས་སྲོལ།།ཀ་དག་གཉུག་མའི་འཁོར་འདས་མཛེས་པའི་རྩལ།།ཨོ་རྒྱན་པདྨའི་རང་ལུགས་འཛིན་མཁས་པ།།ཨེ་མ་ཧོ་ཞེས་ངེས་དོན་སངས་རྒྱས་ལེགས།།ཨུ་དུམ་ཝཱ་ར་ལྟ་བུའི་མི་ལུས་དཔལ།།ཨི་ཤོ་མ་ཏིའི་དགྱེས་པའི་འབེལ་གཏམ་རྒྱུན།།རང་བྱུང་རྡོ་རྗེའི་ཀློང་ནས་ཤར་བ་རྣམས།།མ་སྦས་སྙིང་གི་གྲོགས་ལ་ཤྲཱིས་གདམས།།སྤྱི་ལོ་༢༠༡༩ ཟླ་༡ ཚེས་༢༩་ལ་དབྱིན་ཡུལ་ཛྙཱ་ན་གུ་རུའི་ལྷ་ཁང་དུ་བགྱིས་པར་དགེའོ།། །།
དབྱངས་གསལ་གྱི་སྦྲང་ཆར་ཟིལ་མ།
དབྱངས་གསལ་གྱི་སྦྲང་ཆར་ཟིལ་མ།ན་མོ་གུ་རུ་ཨ་མྲི་ཏ་ཡེ།འབྱུང་བཞིའི་བསྐལ་པ་ཆགས་འཇིག་མ་བྱུང་གོང་།།གཉུག་མའི་ཡེ་ཤེས་གསལ་སྒྲིབ་མ་མཆིས་སྐབས།།ང་དང་ཁྱོད་ཀྱི་ཐ་སྙེད་མ་འདོགས་སྔོན།།ཀུན་བཟང་པདྨའི་བདུད་རྩི་ཨེ་མ་ཧོ།།ཤ་ཆང་རོ་བཅུད་ལྗགས་ལ་མ་སིམ་པར།།ངན་སོང་སྡུག་བསྔལ་སེམས་ལ་མ་ཚོར་བར།།དྲིན་ཆེན་ཕ་མའི་བྱམས་བརྩེ་མངར་མོས་བཅུད།།དལ་འབྱོར་ཡིད་བཞིན་ནོར་བུ་ཨེ་མ་ཧོ།།མཚོ་བྱུང་ལྷ་མོའི་ཞལ་རས་མ་མཇལ་སྔོན།།པི་ཝཾ་དབྱངས་རྟས་ལྷིང་འཇགས་མ་སད་ངང་།།དབྱངས་གསལ་མཛེས་མའི་འོ་འཛིན་རོལ་བའི་ཚེ།།གཏིང་མཐའ་བྲལ་པའི་དགའ་བདེ་ཨེ་མ་ཧོ།།ཕྱི་ནང་སྒྱུ་རྩལ་དག་ཞིང་མ་མཇལ་གོང་།།གྲོང་ཁྱིམ་སྒོ་ལམ་ཕྱུགས་དང་མ་བྲལ་སྔོན།།ཟབ་དོན་ལྟ་སྒོམ་བློ་ལ་མ་འཆར་ཡང་།།དྭངས་གཙང་སེམས་གཤིས་རིན་ཆེན་ཨེ་མ་ཧོ།།འཇིག་རྟེན་ཆོས་བརྒྱད་བློ་ལ་མ་འཁོར་དུས།།འཕགས་པའི་ནོར་བདུན་རྒྱུད་ལ་རང་འབྱོར་ནས།།ཕ་རོལ་ཕྱིན་དྲུག་སྤྱོད་པའི་ཕྲིན་ལས་དཔལ།།སྨན་ཆར་བདུད་རྩིས་འཁོར་འདས་མཛེས་གྱུར་ཅིག།ཞེས་པ་འདི་ཡང་རབ་གནས་ས་ཁྱིའི་རྒྱལ་ཟླའི་སྟོང་བ་གསུམ་པར་ཤྲཱིཿཨེ་མ་ཧོ་ནུབ་གླིང་ཝེལ་སི་གངས་ལྡན་རི་བོའི་ལྷོ་ངོགས་ཨེ་ཝཾ་རྫོགས་ཆེན་དུས་འཁོར་འོད་གསལ་རི་ཁྲོད་དུ་སྦྱར་བ་དགེའོ།། སྤྱི་ལོ་༢༠༡༩ ཟླ་༡ ཚེས་༤་ལའོ།།
༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་རྒྱལ་ལོ།།
༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་རྒྱལ་ལོ།།ཨེ་མ་ཧོ།།རྒྱ་དམར་དགྲ་རུ་བཟུང་ནས་མ་སྡང་ཞིང་།།བོད་མི་གཉེན་དུ་བརྩིས་ནས་མ་དཀྲུགས་བར།།བདེན་པའི་རང་ཚུགས་ཟིན་པའི་ཞྭ་དམར་པའི།།ཡང་སྤྲུལ་ཉི་མ་ཤར་བས་དགའ་སྤྲོ་བརྟས།།གཉུག་མར་གནས་པའི་དགེ་སློང་མ་སྨད་ཅིང་།།སྨོན་ལམ་ཕ྄ེབས་པའི་སེར་ཁྱིམ་མ་བསྐྲད་པར།།ཀུན་ལ་དག་སྣང་མཛད་པའི་ཞྭ་དམར་པའི།།མཆོག་སྤྲུལ་ཟླ་བ་གཞོན་ནུ་བྱོན་པར་ལེགས།།སེར་དམག་དྲག་པོས་དཔུང་བ་མ་ངོམས་ཞིང་།།རྒྱ་བོད་སྲིད་དོན་ཁ་ལག་མ་འདྲིས་པར།།ཆོས་བཞིན་སྤྱོད་པའི་ཞྭ་དམར་རིན་པོ་ཆེ།།རྒྱུ་སྐར་དབུས་སུ་མཛེས་པར་དགའ་བསུ་ཞུ།།ཀཾ་ཚང་མཁན་པོ་གཞན་ཕན་ངོར་ཤྲཱིཿཨེ་མ་ཧོས་བགྱིས་པར་དགེའོ།།
སྨོན་ལམ་དྲང་སྲོང་གི་བདེན་ཚིག
སྨོན་ལམ་དྲང་སྲོང་གི་བདེན་ཚིགཨེ་མ་ཧོ།།ལས་སྨོན་རྟེན་འབྲེལ་དཔག་བསམ་ལྗོན་པ་ལས།།ལས་འབྲས་བསླུ་མེད་དགོས་འདོད་ལོངས་སྤྱོད་ཀུན།།ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་རྣམ་དག་ཚོགས།།ཚོགས་གཉིས་རིན་ཆེན་རྒྱས་པའི་དཔལ་དུ་འབུལ།།མཆོད་མཆོད་ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད།།བཞེས་བཞེས་རྒྱལ་བ་སྲས་དང་བཅས་པས་བཞེས།།འདྲེན་འདྲེན་མ་ལུས་འགྲོ་བ་ཐམས་ཅད་འདྲེན།།རྒྱལ་རྒྱལ་དཀོན་མཆོག་རིན་ཆེན་རྣམ་གསུམ་རྒྱལ།།མཚན་དཔེ་བདེ་ཆེན་འགྱུར་མེད་བཞད་པའི་དཔལ།།ཚངས་དབྱངས་ཟབ་རྒྱས་མཚུངས་མེད་དགྱེས་པའི་གར།།རྣམ་མཁྱེན་སྟོབས་བཅུ་འཇིགས་མེད་རྡོ་རྗེའི་ཆོས།།འཇའ་ལུས་ཆོས་སྐུར་འགྲུབ་པའི་དངོས་གྲུབ་སྩོལ།།ཞེས་པ་འདི་ཡང་རབ་གནས་ས་ཁྱིའི་རྒྱལ་ཟླའི་དབང་ཕྱོགས་རྒྱལ་བ་གསུམ་པར་མཁའ་འགྲོ་རིག་འཛིན་དབྱངས་ཅན་ལྷ་མོས་ངོར་གང་ཤར་དུ་རིག་འཛིན་ཨེ་མ་ཧོས་ཨེ་ཝཾ་ཀུན་གསལ་ཆོས་གླིང་ནས་སྨོན་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ། ཤྲཱིཿསརྦ་མངྒ་ལཾ་བི་ཛ་ཡནྟུ།། །།
Alt Sidebar
Search





