ཨོ་རྒྱན་གུ་རུ་རིན་པོ་ཆེ་མཁྱེན་ནོ།།ཨེ་མ་ཧོ།།ཀ་དག་ཀུན་བཟང་སྟོན་པ་གུ་རུ་རྗེ།།ལྷུན་གྲུབ་འཇའ་ལུས་ཁྱབ་བདག་གུ་རུ་རྗེ།།ཟུང་འཇུག་སྤྲུལ་པའི་སྐུ་མཆོག་གུ་རུ་རྗེ།།སྐུ་གསུམ་ཀུན་འདུས་གུ་རུ་རིན་པོ་མཁྱེན།།དུས་གསུམ་སངས་རྒྱས་ཀུན་འདུས་གུ་རུ་རྗེ།།མདོ་སྔགས་དམ་ཆོས་ཀུན་རྫོགས་གུ་རུ་རྗེ།།འཕགས་པའི་དགེ་འདུན་སྤྱི་གཟུགས་གུ་རུ་རྗེ།།དཀོན་མཆོག་ཀུན་འདུས་གུ་རུ་རིན་པོ་མཁྱེན།།བསླུ་མེད་གཏན་གྱི་སྐྱབས་མཆོག་གུ་རུ་རྗེ།།རེ་ས་གཞན་ན་མེད་དོ་གུ་རུ་རྗེ།།མཆོག་ཐུན་དངོས་གྲུབ་སྩོལ་ཅིག་གུ་རུ་རྗེ།།ཐུགས་ཡིད་དབྱེར་མེད་མཛོད་ཅིག་གུ་རུ་རྗེ།།རྩ་བརྒྱུད་བླ་མའི་ངོ་བོ་གུ་རུ་རྗེ།།ཡི་དམ་ཞི་དྲག་རང་བཞིན་གུ་རུ་རྗེ།།མཁའ་འགྲོ་ཆོས་སྐྱོང་ཐུགས་རྗེ་གུ་རུ་རྗེས།།བསྟན་འགྲོའི་དཔལ་མགོན་ཨོ་རྒྱན་རིན་པོ་མཁྱེན།།ལུས་ལ་འགྱུར་མེད་བདེ་ཆེན་ཕྱག་རྒྱ་འཆང་།།ངག་ལ་འགགས་མེད་ཚངས་དབྱངས་བདུད་རྩི་འཁྱིལ།།སེམས་ལ་འཁྲུལ་མེད་རིག་པའི་རྩ་དབང་བསྐུར།།ཨོ་རྒྱན་པདྨས་སྒོ་གསུམ་སྨིན་གྲོལ་མཛོད།།ཨོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།།རབ་གནས་ས་ཕག་མགོ་ཟླའི་ཡར་ངོའི་ཚེས་བཅུ་ལ་ཨེ་ཝཾ་ཛྙཱ་ན་གུ་རུའི་ལྷ་ཁང་ནས་ཤྲཱིཿསྨྱོན་ཨེ་མ་ཧོའི་རིག་ཀློང་ལས་ཤར་བ་བཞིན་དུ་ཡི་གེར་སྤེལ་བར་དགེའོ།། །།
ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཁྱེན་ནོ།།ཨེ་མ་ཧོ།།ཞེ༵་མཐུན་རྫོགས་པ་ཆེན༵་པོའི་མཁའ་དབྱིངས་ནས།།རབ༵་འབྱམས༵་འོད་གསལ་ཉི་ཟླ་རིན༵་པོ༵་ཆེ༵།།འགྱུར༵་མེད༵་དམ་ཆོས༵་མི་ཡི་སེང༵་གེ༵་གང་།།འཁོར་འདས་ཁྱབ་བདག་ཆེན་པོར་གསོལ་བ་འདེབས།།བསྟན་འགྲོའི་དོན་ཆེན་བདེ་མྱུར་ལྷུན་གྲུབ་སྨོན།།རབ་གནས་ས་ཕག་མགོ་ཟླའི་ཡར་ཚེས་བཅུ་ལ་བླ་མ་དྲན་པའི་མོད་ལ་ཤྲཱིས་སྨོན་པར་དགེའོ།། །།
དེ་རིང་འདི་ནས་སྙིང་ནས་བཀའ་དྲིན་ཆེ་ཞུ་བ་ཞིག་ལ་༧སྐྱབས་རྗེ་དམ་པ་རིག་འཛིན་ནམ་མཁའ་རྒྱ་མཚོ་རིན་པོ་ཆེས་དད་དམ་འགྱུར་བ་མེད་པར་བདག་གི་ཨ་མ་དྲིན་ཆེན་མའི་སྐུ་གདུང་མཆོད་རྟེན་བཞེང་གནས་སུ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་དང་གསུང་བཛྲ་གུ་རུའི་བསྙེན་སྔགས་དང་ཐུགས་རྟེན་ཨོ་རྒྱན་ཏཱ་རའི་མཆོད་རྟེན་གནང་འཆར་གསུང་པས་གུས་པའ་སྙིང་ནས་བཀའ་དྲིན་བརྗེད་མེད་ཞུ། རྒྱ་ནག་རྡོ་དཀར་ལས་བཟོས་པའི་སྦྱིན་བདག་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ལ་ཡང་བཀའ་དྲིན་ཆེ་ཞུ་དང་། ཉེར་གཅིག་དམ་བཅའི་རེ་བ་བསྐང་བའི་སྨོན་ལམ་དང་། སྙིང་གི་དྲིན་ཆེན་ཨ་མའི་ས་ལམ་མཐར་ཕྱིན་ལྷུན་གྲུབ་དང་། སླར་ཡང་བསྟན་འགྲོའི་དཔལ་མགོན་དུ་ཡང་སྲིད་མྱུར་བྱོན་སྨོན་གསོལ་བཅས་ཤྲཱིས་སོ།།
དུས་ཚོད་བཟང་ངན་གྱི་འབེལ་གཏམ།།ཨེ་ཀྱེ་ཧོ།།བསྐལ་པ་ཡུན་གྱི་ནམ་ཟླ་རིང་མོར།དབྱར་དགུན་སྟོན་དཔྱིད་འགྱུར་བ་ཇི་བཞིན།དུས་ཚོད་ཉིན་ཞག་འགྱུར་བ་ཕྱིན་པས།།དུས་རབས་འདི་ཡང་མྱུར་ཏུ་འགྱུར་སོང་།།དང་པོ་སྤྲུལ་སྐུ་ཡིན་རབས་ཟེར་ནས།།གསེར་ཁྲི་དངུལ་ལོས་བརྫིག་ར་ངོམས་ཏེ།།རྒྱ་བོད་འགྲོ་ལ་མགོ་བསྐོར་བཏངས་ཀྱང་།།ཆོས་མིང་འོག་ནས་འཁྲབ་སྟོན་བྱས་སོང་།།བར་དུ་སྐྱེ་བ་སྔ་ཕྱིར་བརྗེད་ནས།།དགུན་གསུམ་ཁ་བའི་བཟི་ངར་ཇི་བཞིན།།རླུང་ཚུབ་བུ་ཡུག་འུར་འུར་ལྡང་བས།།སྐྱེ་སྤྲུལ་འདེམས་ཁ་འགྱུར་བ་བཏངས་སོང་།།ཐ་མ་བཤད་བཤད་ཀུ་རེ་ཡིན་ཟེར།།ཕྱོགས་ཀུན་སྨག་རུམ་གཏུམ་ཞིང་འཇིགས་རུང་།ཡབ་མེས་སྤུ་རྒྱལ་དར་ཆེན་འགྱེལ་བས།།སྤྲུལ་མིང་རྣམ་ཤེས་རླུང་ལ་སྤུར་སོང་།།སྙིང་རྗེའི་ལྷ་ལ་དམར་མཆོད་དར་ནས།།བཅོ་བརྒྱད་འཁྲི་ཤིང་མེ་ལ་སྒྲོན་ཀྱང་།།ཧ་ཧ་གད་མོའི་གནམ་ས་བསྐང་བས།།ནག་ཕྱོགས་དཔའ་བོའི་རུ་དར་འཕྱར་སོང་།།གནས་ཡུལ་ཉམ་ཆུང་རྩེད་མོ་རྩེས་ནས།།མ་ཉེས་ཚད་མེད་ས་བདག་འཁྲུགས་ཏེ།།ཐན་བྱའི་ཐན་སྐད་རི་ལུང་བཀངས་སོང་།།འཚོ་བའི་གྲུབ་ཆ་ཟམ་པ་ཆད་དེ།།ཕྱི་ནང་བོད་མིའི་ལྟ་སྤྱོད་འགྱུར་ཏེ།།ནམ་མཁའ་དྭངས་པར་སྤྲིན་པ་མེད་ཀྱང་།།འབྲུག་སྒྲ་ཟང་ཟིང་འུར་སྒྲ་སྒྲོག་སོང་།།འུར་གཏུམ་ཀི་སྒྲ་ཕུ་མདར་ཁྱབ་པས།།ཐལ་རླུང་ཐན་སྐད་ཡུལ་བདེ་དཀྲུགས་པ།།སྨག་རུམ་ཉི་འོད་བཅོམ་ཐབས་ཟད་ནས།།མེས་པོའི་གཟི་བརྗིད་འཕྲོག་བརླགས་ཤོར་སོང་།།གངས་རི་བརྗིད་ཉམས་རང་མདངས་ཤོར་ནས།།མ་དགོན་བུ་དགོན་སོ་ཁ་གྱེས་ཏེ།།ཡིད་བཞིན་ནོར་བུའི་རང་གཤིས་མ་ཤེས།།མེ་བསྲེག་གཏོང་བའི་སྲོལ་རྒྱུན་དར་སོང་།།ཕྱི་ནང་དཀར་ནག་མདུད་པ་མ་ཁྲོལ།།ནང་དམེ་དམར་འཛིང་སྒྲུང་རིང་བརྩམས་ཏེ།།འབངས་མི་འཆིང་རྒྱའི་དྲྭ་བར་བཅུགས་ནས།།རྨོངས་དད་རྨོག་ངན་རང་མགོ་གཡོགས་སོང་།།ཁྲེལ་ཡོད་བོད་པའི་ཞིང་ས་གཤིན་པོ།།དགུན་འཁྱག་ངར་མའི་འགྱུར་བ་ཟབ་མོས།།སྲིད་པའི་ཞིང་ས་སད་ལ་ཁྱེར་ནས།།འབྲུ་དྲུག་སྔོན་མོའི་རྩ་བ་རལ་སོང་།།མདུང་སོ་ནང་ལ་བསྐོར་བའི་དུས་ངན་ཤར་སྟེ།།དཔའ་མཛངས་ལྡན་པའི་མི་རིགས་རྣལ་མ་ཤི་བས།།སྟོད་སྨད་དཀར་ནག་རྒྱ་དབྱིན་བྲན་དུ་གྱུར་ཡང་།།དབུ་མའི་སྟུག་དྲིས་རང་གོས་རང་གིས་བརྫེད་སོང་།།དད་གུས་དམ་ཚིག་རྩེད་མོར་སོང་ན།།སྐྱེ་བ་སྔ་ཕྱི་དོན་མེད་འགགས་ཏེ།།ནོར་གླིང་ཕྱིན་པ་ཆུད་ཟོས་ཕྱིན་པ།།ལས་འབྲས་ཟབ་མོར་གྱེས་བརྡ་བསྟན་སོང་།།ཕག་ནག་གཉང་ཞགས་གངས་ལ་གཏོར་བས།།གཡུ་རལ་མཛེས་པ་མི་གཙང་འབགས་ནས།།བཅུ་ཕྲག་རིག་པའི་བང་མཛོད་ཐོར་བ།།རྒྱལ་སྤྱིར་གྲགས་པ་ངན་པས་ཁྱབ་སོང་།།རྐྱེན་ཞིག་གིས་ཤྲཱིཿསྨྱོན་ཨེ་མ་ཧོས།།
༄།།མཆོག་སྤྲུལ་རིག་འཛིན་༧དཔལ་ལྡན་དབང་ཕྱུག་ལ་ཞབས་བརྟན་དུ་སྨོན་པ་འཁོར་འདས་རྒྱལ་བའི་རྒྱལ་རྔ་རིན་པོ་ཆེ།།ན་མོ་གུ་རུ་བུདྡྷ་ཛྙཱ་ན་པདྨ་ཀ་ར་ཡེ།།ཀ་དག་ངོ་བོ་ཀུན་བཟང་ཆོས་སྐུའི་དཔལ།།ལྷུན་གྲུབ་རང་གསལ་བདེ་ཆེན་ལོངས་སྤྱོད་ལྡན།།རོལ་པ་ཐུགས་རྗེ་སྣ་ཚོགས་སྤྲུལ་པའི་གར།།ཀུན་འདུས་པདྨ་ཀ་རས་དགེ་ལེགས་སྩོལ། ། མྱང་འདས་དགེ་ལེགས་བྱེ་བའི་དཔལ༵་དང་ལྡན༵།།འཁོར་བའི་ཕུན་ཚོགས་རིག་པའི་མངའ་དབང༵་ཕྱུག༵།བསྟན་སྲིད་ཡིད་བཞིན་ནོར་བུའི་ཕྲིན་ལས་ཅན།།མཆོག་སྤྲུལ་དམ་པའི་སྐུ་ཚེ་བརྟན་གྱུར་ཅིག། འཁོར་བའི་ཚན་རྩལ་མཁས་པའི་འབུམ་རམས་པ།།དམ་ཆོས་དེ་ཉིད་རྟོགས་པའི་སྤྲུལ་པའི་སྐུ།།ལུང་རྟོགས་བསྟན་པའི་ཁྱབ་བདག་འགྲོ་བའི་མགོན།།འཁོར་འདས་དམ་ཆོས་འཁོར་ལོ་བསྐོར་གྱུར་ཅིག། ཚེ་རབས་ཀུན་ཏུ་པདྨས་རྗེས་སུ་བཟུང་།།ཡི་དམ་རྡོ་རྗེ་ཕུར་བའི་དངོས་གྲུབ་ཐོབ།།མཁའ་འགྲོའི་བདེ་ཆེན་དབང་ཕྱུག་ཧེ་རུ་ཀ།ཆོས་སྐྱོང་ཐུགས་དམ་དམ་པར་ཞབས་བརྟན་ཤོག། རིག་འཛིན་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་སྟོབས་མཐུས། །བདག་གི་ལྷག་བསམ་སྨོན་པའི་དོན་དམ་ཀུན།།གེགས་མེད་བདེ་བླག་ཡིད་བཞིན་འགྲུབ་གྱུར་ཅིག །ཅེས་པ་འདི་ཡང་རབ་གནས་ས་ཕག་མགོ་ཟླའི་ཡར་ཚེས་བརྒྱད་ལ་དད་གུས་དམ་ཚིག་འགྱུར་བ་མེད་པའི་མཆོག་སྤྲུལ་དམ་པའི་ལེགས་རྩོམ་དེ་དབྱིན་ཡུལ་ནས་ལེགས་མཐར་ཕྱིན་པར་གྲུབ་པའི་དགའ་རྟགས་སུ་སྨོན་ཚིག་དྲང་སྲོང་བདེན་ཚིགས་སུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པའི་ཡིད་མཚོ་ལས་བྱུང་བ་བཞིན་ལེགས་སྐྱེས་སུ་དབྱིན་ཡུལ་ཨེ་ཝཾ་ཛྙཱ་ན་གུ་རུ་ལྷ་ཁང་ནས་སྤེལ་བར་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ།། །།
༧ཕུབ་རྡོ་རྗེ་དབང་འདུས་ཀྱི་བརྟན་གསོལ་ནོར་བུའི་ཕྲེང་བ།Garland of Jewels: A Long Life Prayer for P’ub Dorjé Wangdü (phub rdo rje dbang ‘dus kyi brtan gsol nor bu’i khreng ba) by Khenchen Lama Rinpoche, Pelgyeypa Dorjé (mkhan chen bla ma rin po che, dpal dgyes pa rdo…
Alt Sidebar
Search





