• May 2019

    མ་ཧཱ་གུ་རུ་པདྨ་ཀ་རའི་གསུང་གི་ཐོ་ཡིག་བཞུགས་སོ།།

    མ་ཧཱ་གུ་རུ་པདྨ་ཀ་རའི་གསུང་གི་ཐོ་ཡིག་བཞུགས་སོ།། བཀྲ་ཤིས་གཡང་གི་བྱིན་ཆགས་པའི།།གངས་ལྡན་འཛིན་མའི་དཀྱིལ་འཁོར་ལ།།དགེ་བའི་ལོ་ཏོག་སྨིན་མཛད་པའི།།དཔལ་ལྡན་རྫོགས་པའི་སངས་རྒྱས་རྒྱལ།། ཡུལ་ལ་རྒུད་པ་འབྱུང་བའི་སྔ་ལྟས་སམ།།ནང་ལ་འཁྲུགས་རྩོད་བྱེད་པའི་གཡོ་ཇུས་སྟེ།།གང་ཡིན་ངེས་པ་མེད་པའི་སྐུར་འདེབས་དང་།།ལོག་པར་སྨྲ་རྣམས་རང་རིགས་ཕུང་བའི་རྒྱུ།། འོན་ཀྱང་དུས་རབས་གསར་བའི་སྦྲང་རྩི་ཡིས།།སེམས་ཁམས་གཏིང་ནས་མྱོས་པའི་ན་གཞོན་དག།ཆུ་སྣ་གར་ཁྲིད་ཕྱོགས་སུ་རྒྱུགས་པ་ལྟར།།ཅི་ཐོས་བདེན་པར་འཛིན་པའི་ཉེན་ཁ་ཡོད།། དེ་བས་དེ་ལ་ཕན་པའི་སླད།།གསལ་བཤད་གཡུ་སྦྲང་གཞོན་ནུ་མ།།གངས་ཅན་ཡངས་བའི་སྐྱེད་ཚལ་དུ།།ཅི་འདོད་གར་གྱིས་འཕུར་ལ་བྲེལ།། ཤེས་ལྡན་སྤྱན་དཀྱུས་ཡངས་བ་དག་ལ་ངལ་བ་འདི་དག་གཞལ་ཡང་མི་དགོས་མོད། གསར་བུ་ཅི་སྨྲས་གཏམ་གྱིས་ཐེ་ཚོམ་གྱི་གནས་ལ་ལྷུང་བར་འགྱུར་བ་དག་ལ་ཕན་པའི་སླད་དུ་སློབ་དཔོན་གུ་རུ་རིན་པོ་ཆེ་བཀའ་དྲིན་ཅན་གྱི་གསུང་ཟབ་མོ་གཏེར་མ་དང་། ད་ལྟའི་དུས་ན་འགྲོ་བ་མིའི་འདུལ་བྱ་ལ་དངོས་སུ་མི་སྣང་ཞིང་། ལྷ་ཀླུ་གནོད་སྦྱིན་གྱི་ཡུལ་ན་བཞུགས་པ་དག་མ་ཡིན་པར་ད་ལྟ་ཡང་ང་ཚོ་སོ་སྐྱེ་རྟོག་གེ་བ་དག་ལ་དངོས་སུ་སྣང་བའི་གསུང་རྩོམ་རྣམས་ངོ་སྤྲོད་ཅུང་ཟད་བགྱིད་པར་འདོད། དེ་ཡང་འོག་ཏུ་གཞུང་སོ་སོའི་མཚན་ནམ་མིང་དང་། གཞུང་སོ་སོའི་མཛད་བྱང་ངམ་མཇུག་བྱང་དང་། ད་ལྟ་དཔར་དང་དེབ་གང་དུ་བཞུགས་མིན་རེ་རེ་ནས་འགོད་པས་གོ་རིམ་དང་མཐུན་པར་གཟིགས་པས་འཐུས་པར་འགྱུར་རོ།། འོ་ན་སློབ་དཔོན་ཆེན་པོ་ལ་གསུང་འབུམ་མེད་པ་ཅི་ཡིན་སྙམ་ན། གསུང་འབུམ་ཞེས་པ་བོད་རང་གི་བླ་མ་འགའ་རེས་ཕྱིས་སུ་སྲོལ་བཏོད་ནས་དར་བ་ཞིག་ཡིན་པ་ལས་རྒྱ་གར་རང་དུ་སྡེ་དང་ཚོགས་སོགས་སུ་འབོད་པ་མ་གཏོགས་གསུང་འབུམ་ཞེས་པའི་འབོད་སྲོལ་དེ་ཡོད་པར་མ་མཐོང་ཞིང་།སློབ་དཔོན་རྒྱ་གར་གྱི་པཎྜི་ཏ་ཡིན་སྟབས་གསུང་དང་ཕྱག་དཔེ་དག་བཀའ་བསྟན་གྱི་ནང་དུ་བཞུགས་པ་ལས་གསུང་འབུམ་ལོགས་སུ་མེད་པ་ཡིན། དཔེར་ན་མགོན་པོ་ཀླུ་གྲུབ་ཀྱི་གསུང་འབུམ་ཞེས་པ་ཞིག་མེད་པ་བཞིན་ནོ།། གཞུང་གི་མིང་།༼འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཀྱི་མན་ངག་རྒྱ་ཆེར་བཤད་པའི་འགྲེལ་པ།༽གཞུང་གི་མཇུག་བྱང་། ༼མཆོག་ར་བ་སྙིང་པོ་རྩ་བའི་མན་ངག་པདྨ་འབྱུང་གནས་ཀྱིས་མཛད་པའི་འགྲེལ་པ་རྫོགས་སོ།།༽སྡེ་དགེ་བསྟན་འགྱུར་༼ཛི༽དུམ་པར་བཞུགས། གཞུང་གི་མིང་།༼དམ་ཚིག་ལྔ་པ། ༽གཞུང་གི་མཇུག་བྱང་། ༼དམ་ཚིག་ལྔ་པ་ཞེས་བྱ་བ་སློབ་དཔོན་དཔལ་པདྨ་འབྱུང་གནས་ཞབས་ཀྱིས་མཛད་པ་རྫོགས་སོ།།༽སྡེ་དགེ་བསྟན་འགྱུར་༼ཉ༽དུམ་པར་བཞུགས། གཞུང་གི་མིང་།༼རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་རྣམ་པར་བཤད་པ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ། ༽གཞུང་གི་མཇུག་བྱང་།༼གསང་སྔགས་མཐའ་དག་ལ་མངའ་བརྙེས་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའོ།།༽སྡེ་དགེ་བསྟན་འགྱུར་༼ཐུ༽དུམ་པར་བཞུགས། གཞུང་གི་མིང་།༼དཔལ་འཇིག་རྟེན་མགོན་པོ་མཁའ་ལ་སྤྱོད་པའི་སྒྲུབ་ཐབས་ཞེས་བྱ་བ།༽གཞུང་གི་མཇུག་བྱང་།དཔལ་ལྡན་འཇིག་རྟེན་མགོན་པོ་ཁར་ས་པཱ་ཎའི་སྒྲུབ་ཐབས་ཞེས་བྱ་བ་གྲུབ་ཆེན་པདྨ་འབྱུང་གནས་ཞབས་ཀྱིས་མཛད་པ་རྫོགས་སོ།།སྡེ་དགེ་བསྟན་འགྱུར་༼ནུ༽དུམ་པར་བཞུགས། གཞུང་གི་མིང་།༼རྡོ་རྗེ་རྣམ་པར་འཇོམས་པའི་ཐེམ་ཡིག་གསང་བ་ཞེས་བྱ་བ།༽གཞུང་གི་མཇུག་བྱང་།༼རྡོ་རྗེ་རྣམ་པར་འཇོམས་པའི་ཐེམ་ཡིག་གསང་བ་ཞེས་བྱ་བ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ།།༽ སྡེ་དགེ་བསྟན་འགྱུར་༼པུ༽དུམ་པར་བཞུགས། གཞུང་གི་མིང་།༼ཁོར་ཡུག་མངར་བའི་སྒྲུབ་ཐབས་ཞེས་བྱ་བ། ༽གཞུང་གི་མཇུག་བྱང་།༼ཁོར་ཡུག་མངར་བའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ།༽ སྡེ་དགེ་བསྟན་འགྱུར་༼ཕུ༽དུམ་པར་བཞུགས། གཞུང་གི་མིང་།༼ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས།༽གཞུང་གི་མཇུག་བྱང་།༼ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ།།༽སྡེ་དགེ་བསྟན་འགྱུར་༼མུ༽དུམ་པར་བཞུགས། གཞུང་གི་མིང་།༼གཞལ་ཡས་ཁང་གསལ་བར་བྱེད་པའི་མངོན་རྟོགས་མུན་སེལ་སྒྲོན་མ་བཞུགས།༽གཞུང་གི་མཇུག་བྱང་།༼གཞལ་ཡས་ཁང་གསལ་བའི་མངོན་རྟོགས་མུན་སེལ་སྒྲོན་མ་ཞེས་བྱ་བ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ།།༽སྡེ་དགེ་བསྟན་འགྱུར་༼ཙུ༽དུམ་པར་བཞུགས། ༼ལྟ་བའི་ཕྲེང་བ་ཞེས་བྱ་བའི་མན་ངག་༽སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བོད་ཡུལ་ནས་སླར་གཤེགས་ཀར་བྲག་དམར་མཚོ་མོ་འགུལ་གྱི་ནེ་ཐང་དུ་དགུང་གསུམ་བཞེས་ནས་ལྷ་སྲས་ཁྲི་སྲོང་ལྡེ་བཙན་དང་རྗེ་འབངས་ལ་འགྱེས་ཕྱག་གི་དུས་སུ་མཛད་པ་རྫོགས་སོ།། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་པཎྜི་ཏ་མཛད་ནས་བསྒྱུར་བའི་བཀའ་བསྟན་གྱི་སྐོར། དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ཅེས་བྱ་བ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་སློབ་དཔོན་པདྨ་འབྱུང་གནས་དང་། བོད་ཀྱི་ལོ་ཙྪ་བ་བདག་བཻ་རོ་ཙ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བླའི་ཕྱག་དཔེ་ལ་ཞལ་བཤུས་པ་ལས་བརྒྱུད་པའོ།། དེ་ཁོ་ན་ཉིད་སྒྲོན་མ་ཞེས་བྱ་བའི་རྒྱན། བླ་མའི་མན་ངག་རྒྱུད་མ་ཆད་པ། དེ་ཁོ་ན་ཉིད་ཉི་ཟླ་སྣང་བ་ཞེས་བྱ་བའི་སྒྲུབ་ཐབས་ཆེན་པོ་དགེ་སློང་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་གུ་རུ་པདྨ་འབྱུང་གནས་དང་། ལོ་ཙཱ་བ་གླང་དཔལ་གྱི་སེང་གེས་བསྒྱུར་རོ།།༢༠༡༩ལོའི་བོད་ཟླ་དང་པོའི་ཚེས་བཅུ་དྲུག་ལ་ཨ་དཔལ་གྱིས་སྤེལ་བའོ།།

  • May 2019

    རྨི་ལམ་འོད་གསལ་དང་མངོན་སུམ།

    རྨི་ལམ་འོད་གསལ་དང་མངོན་སུམ།ཨེ་མ་ཧོ།།ལྷ་བླ་མ་ལ་གསོལ་འདེབས་དྲག་ཏུ་བསྙེན་ནས།།མ་ཡི་དམ་ཉིད་ཐུགས་དམ་བཞུགས་པའི་སྐབས་སུ།།གཉིད་འོད་གསལ་ངང་ཟངས་མདོག་དཔལ་རིའི་དབུས་སུ།།མགོན་པད་འབྱུང་ཉིད་གསང་གསུམ་ལྷང་ངེ་མཇལ་སོང་།།གཞི་སྣང་སྟོང་ལ་ངོ་བོ་འཕོ་འགྱུར་ཀུན་བྲལ།།ལམ་བདེ་སྟོང་ལ་རང་བཞིན་གསལ་བཞག་ལྷུན་གྲུབ།།དོན་རིག་སྟོང་ལ་ཐུགས་རྗེ་ཀུན་ཏུ་བཟང་པོ།།གནད་གསང་གསུམ་ཉིད་མི་འགྱུར་གཡུ་དྲུང་དཀར་པོ།།ཆོས་རྒྱལ་མཚན་གྱི་རྒྱལ་རྔ་ཕྱོགས་ཀུན་ཁྱབ་པ།།བསང་དུད་པ་ཡི་འཇའ་སྤྲིན་བར་སྣང་གང་བས།།མ་མཚན་ལྡན་གྱི་ཀུན་བཟང་སྨོན་ལམ་མཛད་ཕྱིར།།བུ་རིག་འཛིན་རྣམས་དཀྱིལ་འཁོར་གཅིག་ཏུ་འཚོགས་འདུག།ཤར་མཛེས་ལྡན་གྱི་རིག་མ་གཡང་དུ་འཁོར་ཅིང་།།ནུབ་བདེ་ལྡན་དུ་འཇའ་འོད་སྣ་ལྔ་བཀྲ་ཤིས།།བྱང་སྤྲིན་ནག་གི་ན་བུན་མཁར་རུ་སངས་ཏེ།།ལྷོ་རིག་འཛིན་གྱི་ཚོམས་ཆེན་དར་རྒྱས་བྱུང་སོང་།།སེང་མི་འཇིགས་པ་ངར་སྐད་གངས་རིར་སྒྲོག་ནས། ཁྱུང་གཡུལ་རྒྱལ་གྱི་བ་དན་ཕྱོགས་ལས་རྣམ་རྒྱལ།།སྟག་དཔའ་རྒོད་ཀྱི་རུ་མཚོན་ཆུ་ལ་ཤོར་བས།།འབྲུག་ཕོ་ཐང་དེ་དགུང་སྔོན་དབྱིངས་ནས་གྲགས་སོང་།།བརྡ་ཆོས་གླུ་ཉིད་རྨི་ལམ་འོད་གསལ་ངང་དུ།།དབྱིངས་ཟག་མེད་ཀྱི་ཕྱག་རྒྱ་ཆེན་པོའི་རོལ་བར།།ལས་རབ་འབྱམས་ཀྱི་ཕྲིན་ལས་ཀུན་ཏུ་བཟང་པོ།།ཕྱོགས་ཀུན་ཁྱབ་ཀྱི་འགྲོ་འདུལ་འདྲེན་པར་རྒྱལ་ལོ།།རྨི་ལམ་འོད་གསལ་ངང་གི་བདེ་སྐྱིད་དང་རིག་འཛིན་ནམ་མཁའ་རྒྱ་མཚོ་རིན་པོ་ཆེས་བརྡ་གླུས་སྐུལ་བ་བཞིན་རིག་འཛིན་ཨེ་མ་ཧོས་ཨེ་ཝཾ་དཔལ་རིའི་དུར་ཁྲོད་ཆེན་པོ་ཀུ་ཤུའི་མེ་ཏོག་བཞད་པའི་ནགས་ཀློང་ནས་བགྱིས་པར་དགེའོ།།

  • May 2019

    ཨ་མ་ལ་ཀ་རྩོམ་རྒྱུ་འབྲས་མན་ངག་བདུན་གྱི་མེ་ལོང་།།

    ཨ་མ་ལ་ཀ་རྩོམ་རྒྱུ་འབྲས་མན་ངག་བདུན་གྱི་མེ་ལོང་།།ཨེ་མ་ཧོ།ཨ་མ༵འི་བརྩེ་དུང་ངོ་ཤེས༵་ཨ་དོན་ཉིད།།ཧ་ཅང་དཀའ་སྤྱད་ཅན་གྱི་ཨ་མ་ནི།།ས་སྟེང་མི་ལུས་ཡིད་བཞིན་ནོར་བུའི་དཔལ།།ཤ་ཞེན་བུ་ལ་གནང་སྦྱིན་མཆོག་ཏུ་བཟང་།།ལ་རྒྱའི་དྲིན༵་གྱིས་སྐྱོང་བའི་རྣམ་པར་ཐར།།ར་བ་གངས་རིས་བསྐོར་བའི་ཞིང་ཁམས་སུ།།ཡ་མཚན་རྟོགས་པའི་ཡེ་ཤེས་རྒྱས་མཛད་མ།།འ་འུར་མིན་པར་སྙིང་ནས་བཀའ་དྲིན་དྲན༵།།ཟ་མའི་ཟས་མཆོག་གཅེས་པའི་བུ་ལ་གནང་།།ཞྭ་བཞིན་གཙུག་ཏུ་བསྐུར་བའི་སྙིང་བརྩེ་ཅན།།ཝ་ལེར་སེམས་ཀྱི་རང་གཤིས་འགྱུར་མེད་པ།།ཛ་ཡའི་ཆོས་སྒོར་ཞུགས་པ་དྲིན༵་ལན༵་བཟོ༵ས།།ཚ་གྲང་ཐེག་པའི་གོས་བཟང་རྒྱན་ཏུ་གསོལ།།ཙ་རིའི་གནས་ལ་ཡིད༵་འོང༵ས་བྱམས༵་སེམས་ཅན།།མ་གྱུར་འགྲོ་རྣམས་འདྲེན་པའི་ཐུགས་དམ་ལ།།བ་བེའུའི་འཚོ་ལྟར་སྦྱིན་པའི་བདག་པོ་བྱས།།ཕ་མཆོག་བླ་བརྒྱུད་དད་པའི་རྣལ་འབྱོར་མས།།པ་ཏྲའི་བཀྲ་ཤིས་བརྩེ༵་བའི༵་སྙིང༵་རྗེ༵་དང་།།ན་རཀ་བདེ་ལེགས་མཛད་པའི་ཕྱག་རྒྱ་ཆེས།།ད་གདོད་རྫོགས་པ་ཆེན༵་པོ༵འི་བསྟན་པ་སྤེལ།།ཐ་དག་སྡུག་ཀུན་བསལ་བའི་ལྷག༵་བསམ༵་དང་།།ཏ་ཐཱ་ག་ཏཱའི་ལམ་བཟང་རྣམ༵་པར་དག༵།ཉ་གང་ཟླ་བཞིན་ཨ་མའི་དགོངས་པར་སྒྲུབ།།ཇ་བཟང་དཔལ་བཞིན་ལང་ཚོའི་དབང་ཐང་བརྟས།།ཆ་ཅན་ཀུན་ཏུ་བཟང་པོའི་རང༵་འབྲས༵་ལ།།ཅ་དག་བླ༵་ན་མེད༵་པའི་བརྩོན་འགྲུས་ཀུན།།ང་རྒྱལ་མིན་པར་བྱང༵་ཆུབ༵་ལ༵་དམིགས༵་པ༵།།ག་བུར་དབང་ལྟར་ཨ་མའི་དགོངས་པ་རྫོགས།།ཁ་བ་གངས་ཅན་མེས་པོའི་ཡ་རབས་སྲོལ།།ཀ་དག་གཉུག་མའི་འཁོར་འདས་མཛེས་པའི་རྩལ།།ཨོ་རྒྱན་པདྨའི་རང་ལུགས་འཛིན་མཁས་པ།།ཨེ་མ་ཧོ་ཞེས་ངེས་དོན་སངས་རྒྱས་ལེགས།།ཨུ་དུམ་ཝཱ་ར་ལྟ་བུའི་མི་ལུས་དཔལ།།ཨི་ཤོ་མ་ཏིའི་དགྱེས་པའི་འབེལ་གཏམ་རྒྱུན།།རང་བྱུང་རྡོ་རྗེའི་ཀློང་ནས་ཤར་བ་རྣམས།།མ་སྦས་སྙིང་གི་གྲོགས་ལ་ཤྲཱིས་གདམས།།སྤྱི་ལོ་༢༠༡༩ ཟླ་༡ ཚེས་༢༩་ལ་དབྱིན་ཡུལ་ཛྙཱ་ན་གུ་རུའི་ལྷ་ཁང་དུ་བགྱིས་པར་དགེའོ།། །།

  • May 2019

    ༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་རྒྱལ་ལོ།།

    ༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་རྒྱལ་ལོ།།ཨེ་མ་ཧོ།།རྒྱ་དམར་དགྲ་རུ་བཟུང་ནས་མ་སྡང་ཞིང་།།བོད་མི་གཉེན་དུ་བརྩིས་ནས་མ་དཀྲུགས་བར།།བདེན་པའི་རང་ཚུགས་ཟིན་པའི་ཞྭ་དམར་པའི།།ཡང་སྤྲུལ་ཉི་མ་ཤར་བས་དགའ་སྤྲོ་བརྟས།།གཉུག་མར་གནས་པའི་དགེ་སློང་མ་སྨད་ཅིང་།།སྨོན་ལམ་ཕ྄ེབས་པའི་སེར་ཁྱིམ་མ་བསྐྲད་པར།།ཀུན་ལ་དག་སྣང་མཛད་པའི་ཞྭ་དམར་པའི།།མཆོག་སྤྲུལ་ཟླ་བ་གཞོན་ནུ་བྱོན་པར་ལེགས།།སེར་དམག་དྲག་པོས་དཔུང་བ་མ་ངོམས་ཞིང་།།རྒྱ་བོད་སྲིད་དོན་ཁ་ལག་མ་འདྲིས་པར།།ཆོས་བཞིན་སྤྱོད་པའི་ཞྭ་དམར་རིན་པོ་ཆེ།།རྒྱུ་སྐར་དབུས་སུ་མཛེས་པར་དགའ་བསུ་ཞུ།།ཀཾ་ཚང་མཁན་པོ་གཞན་ཕན་ངོར་ཤྲཱིཿཨེ་མ་ཧོས་བགྱིས་པར་དགེའོ།།

  • May 2019

    སྨོན་ལམ་དྲང་སྲོང་གི་བདེན་ཚིག

    སྨོན་ལམ་དྲང་སྲོང་གི་བདེན་ཚིགཨེ་མ་ཧོ།།ལས་སྨོན་རྟེན་འབྲེལ་དཔག་བསམ་ལྗོན་པ་ལས།།ལས་འབྲས་བསླུ་མེད་དགོས་འདོད་ལོངས་སྤྱོད་ཀུན།།ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་རྣམ་དག་ཚོགས།།ཚོགས་གཉིས་རིན་ཆེན་རྒྱས་པའི་དཔལ་དུ་འབུལ།།མཆོད་མཆོད་ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད།།བཞེས་བཞེས་རྒྱལ་བ་སྲས་དང་བཅས་པས་བཞེས།།འདྲེན་འདྲེན་མ་ལུས་འགྲོ་བ་ཐམས་ཅད་འདྲེན།།རྒྱལ་རྒྱལ་དཀོན་མཆོག་རིན་ཆེན་རྣམ་གསུམ་རྒྱལ།།མཚན་དཔེ་བདེ་ཆེན་འགྱུར་མེད་བཞད་པའི་དཔལ།།ཚངས་དབྱངས་ཟབ་རྒྱས་མཚུངས་མེད་དགྱེས་པའི་གར།།རྣམ་མཁྱེན་སྟོབས་བཅུ་འཇིགས་མེད་རྡོ་རྗེའི་ཆོས།།འཇའ་ལུས་ཆོས་སྐུར་འགྲུབ་པའི་དངོས་གྲུབ་སྩོལ།།ཞེས་པ་འདི་ཡང་རབ་གནས་ས་ཁྱིའི་རྒྱལ་ཟླའི་དབང་ཕྱོགས་རྒྱལ་བ་གསུམ་པར་མཁའ་འགྲོ་རིག་འཛིན་དབྱངས་ཅན་ལྷ་མོས་ངོར་གང་ཤར་དུ་རིག་འཛིན་ཨེ་མ་ཧོས་ཨེ་ཝཾ་ཀུན་གསལ་ཆོས་གླིང་ནས་སྨོན་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ། ཤྲཱིཿསརྦ་མངྒ་ལཾ་བི་ཛ་ཡནྟུ།། །།