༄༅།།གནོད་སྦྱིན་ཙིའུ་དམར་པོའི་གསོལ་བསྡུས་
༄༅།།གནོད་སྦྱིན་ཙིའུ་དམར་པོའི་གསོལ་བསྡུས་ སྣང་སྲིད་དབང་དུ་སྡུད་པའི་ལྕགས་ཀྱུ་ ཞེས་བྱ་བ་བཞུགས་སོ། ཧཱུྃ་ཧྲཱི་ཧཱུྃ།། འཇིགས་རུང་བཙན་ཡུལ་ཟངས་ཐང་དམར་པོ་ནས།། འཇིགས་བྱེད་བཙན་རྒོད་རོལ་བ་སྐྱ་བདུན་ཚོགས།། འཇིགས་མེད་རྟུལ་ཞུགས་སྤྱོད་པའི་གར་སྟབས་བཅས།། མ་རུང་བསྟན་དགྲ་སྒྲོལ་བའི་འཕྲིན་ལས་མཛོད།། ཨོྃ་ཧྲཱིཿ པདྨ་ཏཱ་ཏྲི་ཏ་ཧཱུྃ་ཕཊཿ ༡༡/༡༠/༢༠༢༣་ལ་ཨེ་ཝྃ་རིག་པའི་ངོར་ཨེ་མ་ཧོས།།
ལྷོ་ཁའི་གྲྭ་ནང་ཡར་བྱོན་ཨོ་རྒྱན་གླིང་གི་གུ་རུ་གསུང་
ལྷོ་ཁའི་གྲྭ་ནང་ཡར་བྱོན་ཨོ་རྒྱན་གླིང་གི་གུ་རུ་གསུང་ འབྱོན་མའི་ལོ་རྒྱུས་བསྡུས་པ། གཟུར་གནས་དྲང་སྲོང་དགྱེས་པའི་ གཏམ། འདིར་རིས་སུ་མ་ཆད་པའི་དད་ལྡན་སེར་སྐྱ་ཀུན་གྱི་ཐུགས་ལ་ངེས་རྒྱུར། སྤྱིར་སངས་རྒྱས་ཀྱི་ཕྲིན་ལས་ནི་མདོ་ལས། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། ། དུས་རླབས་ཡོལ་བར་འགྱུར་སྲིད་ཀྱི། ། གདུལ་བར་བྱ་བའི་སྲས་རྣམས་ལ། ། སངས་རྒྱས་དུས་ལས་ཡོལ་བ་མེད། ། ཅེས་གསུངས་པ་ལྟར་འཁོར་བར་འཁྱམས་པའི་སེམས་ཅན་ལས་ཉོན་གྱི་དུཿཁས་མནར་བའི་འགྲོ་བ་ཡོངས་ལ་སངས་རྒྱས་ཀྱི་ཕྲིན་ལས་ནམ་ཡང་རྒྱུན་མི་འཆད་ཅིང་། ཁྱད་པར་དེང་གི་དུས་སྙིགས་མ་ལྔ་བརྡོ་བའི་སྐབས་འདིར་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་གཅིག་ཏུ་བསྡུས་པའི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བྱིན་རླབས་དང་ཕྲིན་ལས་ནི་གཞན་ལས་ཀྱང་ཆེས་མྱུར་བ་ཡིན་ཏེ། ཀུན་འཁྱེན་མི་ཕམ་རྒྱ་མཚོའི་ཞལ་སྔ་ནས། སྙིགས་མའི་རྒུད་པ་མུན་ལྟར་འཁྲིགས་ན་ཡང་། ། རྒྱལ་དབང་པདྨའི་འཕྲིན་ལས་ཟླ་ལྟར་གསལ། ། ཞེས་རྡོ་རྗེའི་ཚིག་གིས་བསྔགས་པ་ནང་བཞིན་རང་རེ་ཚོས་བླ་མ་ཨོ་རྒྱན་ཆེན་པོ་ལ་གསོལ་བ་འདེབས་རྒྱུ་དང་། ཁོང་གི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རླབས་པའི་གནས་དང་སྐུ་རྟེན་བྱིན་ཅན་སོགས་ལ་གནས་མཇལ་ཕྱག་མཆོད་འབུལ་བ་སོགས་ནི་ཤིན་ཏུ་གལ་ཆེ་བ་ཡིན་ལ། སྤྱིར་མདོ་དབུས་ཁམས་གསུམ་གྱི་གནས་སོ་སོ་ན་བླ་མ་ཨོ་རྒྱན་ཆེན་པོའི་སྐུ་འདྲ་དང་བྱིན་རླབས་ཀྱི་རྟེན་མང་དུ་མཆིས་མོད། རེབ་འདིར་ཉེ་བའི་ཆ་ལ་ཆེས་ངོ་མཚར་དང་ལྡན་པའི་གུ་རུ་གསུང་འབྱོན་མར་གྲགས་པའི་རྟེན་འགངས་ཆེན་གང་ཉིད་བཞུགས་སའི་གནས་ངོ་སྤྲོད་པར་བྱེད་པ་ལ། དེ་ཡང་གང་དུ་བཞུགས་པའི་གནས་ནི། ཐང་ཡིག་ལས། དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ ཡར་ཀླུངས་མཐིལ་ནས་རྣམ་སྨིན་བསྐྱེད་རྒྱལ་འབྱུངཿ ཕག་གིས་ས་སློག་དབུས་ཁམས་ས་ཧོར་ཟཿ བཙན་རྫོང་བརྒྱ་དང་རྩ་བརྒྱད་ཕྱོགས་སུ་འབྱུངཿ ཤེལ་གྱི་བྲག་ཕུག་སྦས་པའི་གཏེར་ཁ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུངཿ གཏེར་སྟོན་ཨོ་རྒྱན་གླིང་པ་ཞེས་བྱ་འབྱུངཿ ཞེས་ལུང་བསྟན་པ་ནང་བཞིན་ཡར་རྗེ་ཨོ་རྒྱན་གླིང་པ་ཞེས་བྱ་བ་དེ་ནི་རབ་བྱུང་ལྔ་པའི་ཆུ་ཕག་གི་ལོ་སྟེ་༡༣༢༣་ན་གཡོ་རུ་གྲྭ་ནང་གི་ཡར་རྗེ་ཞེས་པར་བོད་རྒྱལ་པོའི་གདུང་རྒྱུད་དུ་ཆད་པ་རྒྱལ་བ་ཡར་རྗེ་ཞེས་སུ་ངོ་མཚར་གྱི་མཚན་དཔེ་དང་བཅས་པར་སྐུ་འཁྲུངས། མཁས་དང་གྲུབ་པའི་ཡོན་ཏན་ལ་མངའ་དབང་འབྱོར་ཞིང་དགུང་ལོ་ཉེར་གསུམ་པར་བསམ་ཡས་མཆོད་རྟེན་དམར་པོ་ནས་གཏེར་གྱི་ཁ་བྱང་བཞེས་ཏེ་ཟབ་གཏེར་མི་འདྲ་བ་ཉེར་ལྔ་བླངས་པར་མཛད་དོ། །རྗེ་ཁོང་ཉིད་བཞུགས་པའི་དགོན་པ་དེ་ནི་ཁོང་གི་མེས་པོ་ཤེས་རབ་བཟང་པོས་བཞེངས་པའི་གཡོ་རུ་གྲྭ་ནང་དགོན་ཡིན་ལ། དགོན་དེའི་ལྷ་ཁང་གི་བཟོ་དབྱིབས་ནི་ཟངས་མདོག་དཔལ་རིའི་བཀོད་པ་དང་འདྲ་བར་རིན་ཆེན་ཟུར་བརྒྱད་ཀྱི་དབྱིབས་ཅན་སྟེང་འོག་བར་གྱི་རྟེན་གྱི་གཙོ་བོ་ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་རྟེན་ཚད་ལྡན་བཞུགས་ཤིང་། ལྷ་ཁང་ནང་གི་ལྷོའི་གྱང་ངོས་སུ་ཡར་རྗེ་ཨོ་རྒྱན་གླིང་པས་ཕྱག་བཟོ་མཛད་པའི་གུ་རུ་པདྨ་སཾ་བྷ་ཝའི་ཞལ་ཐང་བྱིན་ཅན་བཞུགས་ལ། བྱང་ངོས་སུ་ཡང་རྗེ་དེ་ཉིད་ཀྱི་ཤིང་ཁྲག་ལས་བྲིས་པའི་རྟ་མགྲིན་དྲེགས་པ་ཚར་གཅོད་ཀྱི་སྐུ་ཕྱག་བཟོ་མཛད་པ་གཉིས་ཆར་ད་ལྟའང་མཇལ་རྒྱུ་ཡོད་དོ། ། ཁྱད་པར་དུ་ད་སྐབས་ཁོང་སྐུ་གཤེགས་རྗེས་སུ་ཁོང་གི་སྐུ་གདུང་གི་གཟུངས་གཞུག་ལས་ཐོན་པའི་བཀའ་གདམས་མཆོད་རྟེན་དང་། ལོ་ཆེན་བཻ་རོ་ཙ་ནའི་གཏེར་སྒྲོམ་འཁྲུལ་མེད་སོགས་ཀྱི་གཟུངས་གཞུག་ཅན་གྱི་གུ་རུའི་སྐུ་གསུང་འབྱོན་མ་འདི་ཉིད་ནི་རྗེ་འཇིགས་མེད་མཁས་གྲུབ་རྒྱ་མཚོའམ་ཡོངས་གྲགས་སུ་རེབ་གོང་བླ་མ་ཨ་ལག་འཇམ་དབྱངས་ཚང་ཞེས་མཁས་གྲུབ་གཉིས་ལྡན་ཞིག་ཡོད་པ་གང་ཉིད་འཁོར་དཔོན་སློབ་དུ་མ་དང་མཉམ་དུ་གནས་དེར་མཇལ་བར་བྱོན་ཅིང་། གུ་རུའི་སྐུའི་མདུན་ནས་གསོལ་འདེབས་དང་སྤྱན་འདྲེན་གྱི་ཚིག་གིས་བསྐུལ་ཚེ་ཨོ་རྒྱན་ཆེན་པོའི་སྐུས་ཐུགས་དགྱེས་པའི་ཉམས་ཀྱིས་ཞལ་འཛུམ་ཞིང་བཞད་པ་དང་སྤྱན་གཡོ་བ་སོགས་དེར་ཡོད་ཀུན་ལ་མཐུན་སྣང་དུ་གྲུབ་ཚུལ་སོགས་ཨ་ལག་རིན་པོ་ཆེ་ཁོང་གི་གསུང་སྒྲ་འཁྲུལ་མེད་ད་ལྟ་མཉན་དུ་ཡོད་པ་འདི་ག་ཡིན་ལ། དེས་ན་ད་ལྟ་མི་ལོ་སྟོང་ཕྲག་ལ་ཉེ་བའི་སྔོན་ནས་བཞེངས་པའི་ཡར་རྗེ་དགོན་དང་ཡར་རྗེ་ཨོ་རྒྱན་གླིང་པ་སོགས་དམ་པ་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་གནས་དེར་གུ་རུ་གསུང་འབྱོན་མས་མཚོན་པའི་དད་འདུན་གྱི་ཡུལ་ཁྱད་པར་ཅན་དེ་འདྲ་རང་རེའི་བསོད་ནམས་ཀྱི་ཞིང་སར་བཞུགས་པ་འདི་ནི་ཆེས་ངོ་མཚར་བའི་གནས་སུ་གྱུར་འདུག་པས་ཀུན་གྱིས་གནས་མཇལ་དང་ཕྱག་མཆོད་བྱེད་པར་གསོལ་བ་འདེབས་པ་ལགས་སོ། ། ལྷ་ས་ནས་ལྷོ་ཁའི་གྲྭ་ནང་ཡར་བྱོན་ཨོ་རྒྱན་གླིང་དུ་ མཆོད་མཇལ་ལ་འགྲོ་བའི་ ལམ་ཡིག ལྷོ་ཁའི་གྲྭ་ནང་ཡར་བྱོན་༼ཡ་ཆེན ༽ཨྱོན་གླིང་དུ་མཆོད་མཇལ་ལ་འགྲོ་ཚེ་ཐོག་མར་ལྷ་ས་ནས་གྲྭ་ནང་རྫོང་དང་དེ་ནས། གཞུང་ལམ་ཁ་གཏད་ཀྱི༼ལྷོ་ཕྱོགས༽རྒྱ་ཡིག་གི་གྲྭ་ནང་རྫོང་ཞེས་པའི་ཁྲོམ་རྭའི་གཞུང་ལམ་དེད་ནས་དྲང་མོར་ལྷོ་ཕྱོགས་སུ་སྤྱི་ལེ་༦ ཙམ་ལ་སོང་ན་དཀྱིལ་རུ་ཤང་ལ་སླེབ་ཐུབ། དེ་ནས་དྲང་མོར་གཞུང་ལམ་དེད་ནས་ཡར་ལུང་པའི་ཕུགས་ལ་སྤྱི་ལེ་༤ ཙམ་གྱི་ལམ་ལ་སོང་ན། ལུང་པ་ཞིག་གི་མདོར་སླེབ་ཅིང་། ལག་པ་གཡོན་ཕྱོགས་ན་ལམ་བྱང་ཅིག་བཙུགས་ཡོད། དེའི་སྟེང་དུ་ཡར་བྱོན་ལྷ་ཁང་ཞེས་ཡར་བྱོན་ཨྱོན་གླིང་ལ་འགྲོ་སའི་ཕྱོགས་སྟོན་གྱི་དགོན་པའི་མིང་བྲིས་ཡོད། དེ་ནས་ལམ་ཉིས་ཚུགས་དེ་ལས་ལག་པ་གཡས་ཕྱོགས་ཀྱི་ཟེགས་ལམ་དེའི་ནང་ལ་འགྲོ་དགོས། དེ་ནས་སྤྱི་ལེ་༣ ཙམ་ལ་སོང་ན་བདེ་སྐྱིད་གླིང་གྲོང་ཚོ་ལ་བསླེབ་འོང་། དེ་རུ་ཡང་ལམ་ཉིས་ཚུགས་ཤིག་ཡོད། དེ་ནས་ལག་པ་གཡོན་ཕྱོགས་ཀྱི་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་འགྲམ་གྱི་ལམ་དེའི་ནང་ལ་འགྲོ་དགོས། དེ་ནས་སྨི ༥༠ ཙམ་སོང་ན། ཡར་བྱོན་ཨྱོན་གླིང་ལ་སླེབས་ཐུབ་པ་ཡིན། ༈ དེ་འདྲ་དེ་ལས་གང་ཞིག་ཐོབ་པ་ཡི།།དགེ་བ་དེ་ཡང་མར་གྱུར་འགྲོ་བ་ཀུན།།བཤེས་གཉེན་དམ་པས་ཟིན་ནས་དམ་པའི་གསུང་།།སྒྲུབ་པའི་འབྲས་ལེགས་མཐོང་བའི་རྒྱུ་རུ་བསྔོ།། བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ།།བླ་མ་མཆོག་དང་དེ་ཡི་རྗེས་འཇུག་གི།བྲན་དུ་གྱུར་ནས་ཅི་གསུང་བཀའ་སྒྲུབ་ཅིང་།།མཉེས་པས་རྗེས་སུ་འཛིན་པ་ཡོད་གྱུར་ཅིག།འཁོར་བའི་མཐའ་དང་ལུས་ཅན་མཐའ་དེ་སྲིད།།ལུས་དང་ལོངས་སྤྱོད་དགེ་བ་ཀུན་སྤུངས་ཏེ།།ཉམ་ཐག་མ་རྒན་རྣམས་ཀྱི་གཡོག་བགྱིད་ཅིང་།དེ་ཀུན་རྫོགས་སངས་རྒྱས་པའི་ཆོས་འཛིན་ཤོག། ༈ བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུག་པ་ཡི། །སྲིད་པའི་མཚོ་ལས་འགྲོ་ཀུན་མྱུར་སྒྲོལ་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་བརླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་བརླབས་དང་། །དགེ་འདུན་མི་ཕྱེད་འདུས་པའི་བྱིན་བརླབས་ཀྱིས། །ཇི་ལྟར་བསྔོ་བ་སྨོན་ལམ་འགྲུབ་པར་ཤོག ། །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་མྱུར་ཐོབ་ཤོག ། །། །།
གངས་ཅན་བོད་པའི་བླ་བརྒྱུད་གསོལ་འདེབས་ཙིཏྟ་མ་ཎིའི་ཕྲེང་བ་
གངས་ཅན་བོད་པའི་བླ་བརྒྱུད་གསོལ་འདེབས་ཙིཏྟ་མ་ཎིའི་ཕྲེང་བ་ ཞེས་བྱ་བ་བཞུགས་སོ།། ན་མོ་མ་ཧཱ་གུ་རུ་བུདྡྷ་ཛྙཱ་ན་པདྨ་ཀཱ་ར་ཡེ།། ༼༡༽ ཀ་དག་ཆོས་དབྱིངས་མགོན་པོ་ཀུན་ཏུ་བཟང་།། ལྷུན་གྲུབ་འོད་གསལ་ཁྱབ་བདག་རྡོ་རྗེའཆང་།། ཀུན་འདུས་རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང་།། བརྒྱུད་གསུམ་བླ་མ་རྣམས་ལ་གསོལ་བ་འདེབས།། ༼༢༽ ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང༌།། པདྨ་ཀ་ར་རྗེ་འབངས་ཉེར་ལྔ་དང༌།། སོ་ཟུར་གནུབས་གཉགས་གཏེར་སྟོན་བརྒྱ་རྩ་སོགས།། བཀའ་གཏེར་བླ་མ་རྣམས་ལ་གསོལ་བ་འདེབས།། ༼༣༽ དཔལ་ལྡན་མར་མེ་མཛད་དང་ཁུ་རྔོག་འབྲོམ།། སྐུ་མཆེད་རྣམ་གསུམ་ཙོང་ཁ་ཡབ་སྲས་གསུམ།། རྒྱལ་པཎ་རྣམ་གཉིས་དགེ་ལྡན་ཁྲི་རབས་བཅས།། བཀའ་གདམས་དགེ་བཤེས་རྣམས་ལ་གསོལ་བ་འདེབས།། ༼༤༽ དཔལ་ཆེན་བཀའ་བབས་འཁོན་སྲས་གོང་མ་ལྔ།། ས་ངོར་ཚར་གསུམ་རྫོང་ཆེན་ཡབ་སྲས་ནས།། མཁས་གྲུབ་རིམ་བྱོན་པདྨའི་བཀའ་འབངས་སོགས།། ལམ་འབྲས་བརྒྱུད་པ་ཀུན་ལ་གསོལ་བ་འདེབས།། ༼༥༽ རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་པ།། མར་པ་མི་ལ་རྗེ་བཙུན་སྒམ་པོ་པ།། ཆེ་བཞི་ཆུང་བརྒྱད་པདྨའི་རྣམ་སྤྲུལ་པ།། ཕྱག་ཆེན་བཀའ་བརྒྱུད་བླ་མ་གསོལ་བ་འདེབས།། ༼༦༽ མཚོ་རྒྱལ་རྣམ་སྤྲུལ་ཡེ་ཤེས་མཁའ་འགྲོ་མ།། ཁྱུང་པོ་རྣལ་འབྱོར་རིན་ཆེན་བདུན་བརྒྱུད་དང་།། ཕྲེང་བ་རྣམ་པ་གཉིསཐང་རྒྱལ་ལ་ཉེ་བརྒྱུད་སོགས།། ཤངས་པ་བཀའ་བརྒྱུད་བླ་མ་གསོལ་བ་འདེབས།། ༼༧༽ མཚོ་རྒྱལ་སྨོན་བརྒྱུད་དམ་པ་སངས་རྒྱས་ནས།། མ་གཅིག་ལབ་སྒྲོན་རྨ་སོ་ཀཾ་གསུམ་དང་།། སྒོ་བའི་རྣལ་འབྱོར་བཀའ་བབས་དུས་གསུམ་སོགས།། ཞི་གཅོད་བླ་བརྒྱུད་རྣམས་ལ་གསོལ་བ་འདེབས།། ༼༨༽ པདྨ་དཀར་པོ་པདྨ་འབྱུང་གནས་ནས།། ཆོས་རྒྱལ་རིགས་ལྡན་དུས་ཞབས་ཆེ་ཆུང་དང༌།། རྭ་འབྲོ་ཙ་མི་རང་དོལ་བུ་སྟོན་སོགས།། སྦྱོར་དྲུག་དུས་བརྒྱུད་རྣམས་ལ་གསོལ་བ་འདེབས།། ༼༩༽ ཨོ་རྒྱན་ཡབ་ཡུམ་རྡོ་རྗེ་བཙུན་མོ་ནས།། མཁས་གྲུབ་ཨོ་རྒྱན་རང་བྱུང་རྡོ་རྗེ་དང་།། མཁར་ཆུ་སྤུ་ཏྲ་ནེ་རིང་རྣལ་འབྱོར་སོགས།། བསྙེན་སྒྲུབ་བརྒྱུད་པ་ཀུན་ལ་གསོལ་བ་འདེབས།། ༼༡༠༽ སྤྱན་རས་གཟིགས་དབང་མི་ཏྲ་ཛོ་ཀིའི་ཞབས།། ཤ་རི་པུ་ཏྲ་གྲགས་པ་རིན་ཆེན་དང༌།། བྱམས་པ་དགའ་སོགས་སྙན་བརྒྱུད་ཁྲིད་དྲུག་སོགས། ཞི་གནས་བླ་བརྒྱུད་ཀུན་ལ་གསོལ་བ་འདེབས།། ༼༡༡༽ ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཡབ་སྲས་ནས།། ཚེམ་བུ་བོ་དོང་པཎ་ཆེན་རོང་སྟོན་ཆེ།། སྒྲོལ་བའི་མགོན་པོ་མཁྱེན་ཀོང་མཚོག་གསུམ་སོགས།། ལྷག་མཐོང་བརྒྱུད་འཛིན་རྣམས་ལ་གསོལ་བ་འདེབས།། ༼༡༢༽ སྟོབས་བཅུ་ཡོན་ཏན་ཀུན་རྫོགས་ཀུན་མཁྱེན་པ།། མི་ཕམ་རྣམ་རྒྱལ་ཡོན་ཏན་རྒྱ་མཚོ་དང་།། ཐུབ་བསྟན་ཆོས་འཕེལ་ཡིད་བཞིན་ནོར་བུ་སོགས།། རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས།། ༼༡༣༽ རྩ་གསུམ་རྒྱལ་བ་ཀུན་འདུས་བླ་མ་ནས།། རབ་འབྱམས་ཞི་ཁྲོའི་ཁྱབ་བདག་ཡི་དམ་རྗེ།། མཁའ་འགྲོ་ཆོས་སྐྱོང་དུས་གསུམ་སངས་རྒྱས་སོགས།། དངོས་རྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས།། ༼༡༤༽ བློ་ལྡོག་རྣམ་བཞི་འབྱོངས་བར་བྱིན་གྱིས་རློབས།། ངེས་འབྱུང་རྣལ་མ་སྐྱེ་བར་བྱིན་གྱིས་རློབས།། བྱང་ཆུབ་སེམས་མཆོག་འཁྲུངས་བར་བྱིན་གྱིས་རློབས།། སྣང་སྲིད་དག་མཉམ་རྟོགས་པར་བྱིན་གྱིས་རློབས།། ༼༡༥༽ བསྐྱེད་རིམ་དག་པའི་སྣང་བ་མཐར་ཕྱིན་ནས།། རྫོགས་རིམ་རྩ་རླུང་ཐིག་ལེར་ལས་སུ་རུང་།། བསྐྱེད་རྫོགས་དབྱེར་མེད་རྫོགས་པ་ཆེན་པོའི་ངང་།། སྐྱེ་བ་ཚེ་རབས་ཀུན་ཏུ་འབྲལ་མེད་ཤོག། ༼༡༦༽ བསྟན་པ་སྨན་པའི་བཤད་སྒྲུབ་ཕྲིན་ལས་རྒྱས། འགྲོ་ལ་ཕན་བདེའི་མཛད་པ་མཐར་ཕྱིན་ནས།། བསྟན་འགྲོའི་དོན་ཀུན་ཡིད་བཞིན་ལྷུན་གྱིས་གྲུབ།། ཀུན་བཟང་འགྲོ་དོན་མ་ལུས་མཐར་ཕྱིན་ཤོག། ཅེས་པ་འདི་ཡང་རབ་གནས་ཆུ་ཡོས་སྨིན་དྲུག་ཟླ་བའི་དབང་ཕྱོགས་རྒྱལ་བ་དང་པོར་དད་གུས་དག་སྣང་གིས་ཕྱུག་པའི་མཁའ་འགྲོ་མ་རྣམས་དང་ཨེ་ཝྃ་པའི་ཆོས་བདག་རིན་པོ་ཆེ་སོགས་ཀྱིས་བོད་ཀྱི་བླ་བརྒྱུད་གསོལ་འདེབས་ཤིག་དགོས་པར་ཡང་ཡང་སྐུལ་ངོར་གང་ཤར་འབྲི་བ་ལ་ཆགས་ཐོགས་བྲལ་བའི་སྙན་རྩོམ་པ་རིག་འཛིན་ཨེ་མ་ཧོས་དབྱིན་ཡུལ་ཨེ་ཝྃ་བདེ་མཆོག་དབང་གི་ཕོ་བྲང་ནས་མཆོག་གསུམ་བརྒྱུད་པ་ཡོངས་ལ་གསོལ་བ་ཕུར་ཚུགས་སུ་བཏབས་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ།། ཤྲཱིཿ སརྦ་ལོ་ཀ་དྷརྨཱ་པ་ལ་བི་ཛ་ཡནྟུ།། །། སྤྱི་ལོ་༣༡/༡༠/༢༠༢༣་ལ།། 31/10/2023
རྒྱལ་སྲས་ལག་ལེན་གསུང་འབྱོན་མ།།
རྒྱལ་སྲས་ལག་ལེན་གསུང་འབྱོན་མ།། ན་མོ་རཏྣ་ཏྲཱ་ཡཱ་ཡ། དེ་ལ་འདིར་ཁྱུང་སྤྲུལ་རིན་པོ་ཆེས་བརྩམས་པའི་ཁྱད་ཆོས་བདུན་ལྡན་གྱི་རྒྱལ་སྲས་ལག་ལེན་གསུང་འབྱོན་མ་འདི་ནི་རྣམ་པ་ཚོས་གཟིགས་དང་ཁྱད་ཆོས་བདུན་ལྡན་ཡོད་དེ། ༼༡༽ ཡིག་རིགས་ཙམ་མི་ཤེས་འཁན་ལ་ཡང་རི་མོས་ལམ་ནས་གསལ་བཤད་ཐང་ཁ་ཞེ་གཉིས་ལས་གྲུབ་པས་སྐྱབས་སེམས་ཀྱི་རྨིང་གཞི་བརྟན་པོ་འགྲོ་བའི་དགོས་པ་ཁྱད་པར་ཅན་ཡོད་པ་དང་། ༼ ༢༽ བོད་ཡིག་ཤེས་ན་སྐུ་པར་རྣམས་ལ་རེ་རེ་ལ་སྟོན་པའི་སྐྱེས་རབས་བཞིན་དུ་ཁ་གསལ་ལ་གོ་བདེ་བར་གསལ་བཤད་གནང་ཡོད་པས་ཐོས་བསམ་སྒོམ་གསུམ་པོ་སྟབས་ཅིག་ཏུ་འགྲོ་བའི་དགོས་པའི་ཆེ་བ་དང་། ༼༣༽ རྒྱ་ཡིག་དང་དབྱིན་ཡིག་མཁྱེན་ན་ཚད་ལྡན་ཡི་གེ་ལ་ལེགས་བསྒྱུར་གནང་ཡོད་པས་ཤེས་རབ་ཅན་གྱིས་གེགས་མེད་བདེ་མྱུར་ཏུ་ཤེས་ཐུབ་པའི་དགོས་པ་དང་། ༼༤༽ ཐང་ཁ་ཚད་ལྡན་གྱི་ལམ་ནས་སྤེལ་བ་སྒྱུ་རྩལ་གསོན་ཤུགས་དངོས་སུ་དོད་པོར་སྣང་བས་དད་གུས་གསོན་ཤུགས་རྒྱས་ཐུབ་པའི་ཐབས་ཤེས་ཀྱི་དགོས་པ་ཡོད་པ་དང་། ༼ ༥༽ ཀློག་བདེ་ཡང་རྒྱས་བསྡུས་འབྲིང་གི་ཚད་ཤིང་གནད་ལ་ཁེལ་བ་ཡོད་པས་བཤད་གྲྭ་བ་ཚོ་ལ་དགོས་མཁོ་ཤིན་ཏུ་ཆེ་བ་དང་། ༼༦༽ སླ་ཆོས་ལྟ་བུ་མ་སོང་བར་མི་ལོ་དུ་མར་འབད་འབངས་ཀྱིས་འབྲས་བུ་གཡུར་དུ་ཟ་བ་འབུར་དུ་ཐོན་ཡོད་པ་དང་འཐེབ་རྩ་ཡང་བཤད་སྒྲུབ་ཕྲིན་གྱི་རྒྱུ་རུ་འགྱུར་བ་ཡིན་པ་དང་། ༼༧༽ དེབ་གཟུགས་ཀྱང་ཆེ་ཆུང་སྟབས་བདེ་ལ་གང་དུ་བསྣམ་རུང་ཉམས་ལེན་འཁན་རྣམས་ལ་སྐུ་གསུང་ཐུགས་ཀྱི་རྟེན་འབྲལ་མེད་དུ་གནང་ན་ཡང་ཁྱེར་བདེ་ལ་ཤོག་བུ་བཟང་ཆ་ལས་གྲུབ་པར་ཤར་ཏག་རེད་འདུག་པས་སྒྲུབ་གྲྭ་བ་རྣམས་ལ་དད་རྟེན་བླ་ན་མེད་པ་ཡོད་པའོ།། དེས་ན་ཆོས་གྲོགས་རྣམ་པས་དོན་གཉེར་གནང་ན་སོ་སོར་སྐལ་བ་བཟང་པོ་ཡིན་པར་མཁྱེན་འཚལ། འོག་གི་གཟུགས་རིས་ཨེ་ཝྃ་རིག་པ་ལ་འབྲེལ་ན་ཅི་དགོས་འདོད་དོན་བཞིན་བླུ་ཐུབ་པས་དེ་ལུགས་ཀྱིས། སོ་སོས་ཉོས་ཤིགས། གཞན་ལ་སྤེལ་ཤིགས། ཉམས་སུ་ལོངས་ཤིགས། 30/10/2023 ———ཨེ་མ་ཧོས།།
༄༅།།ཨེ་མ་ཧོའི་རྒྱལ་གླུ་དྷརྨཱ་རཱ་ཛའི་གད་རྒྱང་
༄༅།།ཨེ་མ་ཧོའི་རྒྱལ་གླུ་དྷརྨཱ་རཱ་ཛའི་གད་རྒྱང་ ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ཨེ་མ་ཧོ་དྷརྨཱ་རཱ་ཛ་ཡེ། ༼༡༽ ཀ་དག་ནམ་མཁའ་ཡངས་པའི་ཀློང་།། ལྷུན་གྲུབ་ཉི་ཟླའི་འོད་སྣང་གསལ།། ཟུང་འཇུག་རིག་པའི་དོན་རྟོགས་པའི།། ལྟ་དགོངས་ལྷ་རྒྱལ་ཨེ་མ་ཧོ༔ ༼༢༽ ནོར་འཛིན་རྡུལ་ཕུང་དྲི་མ་བྲལ།། ས་སྙིང་རིན་ཆེན་གཏེར་ལ་དབང་།། སྟག་ཚང་པདྨ་དགྱེས་པའི་ཚལ།། སྒོམ་ཉམས་ལྷ་རྒྱལ་ཨེ་མ་ཧོ༔ ༼༣༽ བདུད་རྩི་དཀར་དམར་རང་བྱུང་བབས།། ཆུ་གཏེར་དགོས་འདོད་ཁྲུས་ཆར་བརྡལ།། བྱིན་ཆེན་འཛམ་གླིང་ཕྱོགས་ཀུན་ཁྱབ།། བཟང་སྤྱོད་ལྷ་རྒྱལ་ཨེ་མ་ཧོ༔ ༼༤༽ ཉེས་ཚོགས་མ་ལུས་བསྲེག་པའི་དབལ།། མེ་དཔུང་དྲག་ཁྲོས་གདོན་བགེགས་བསྒྲལད།། གསང་གསུམ་བར་ཆད་གཡུལ་ལས་རྒྱལ།། འབྲས་བུ་ལྷ་རྒྱལ་ཨེ་མ་ཧོ༔ ༼༥༽ ཀུན་ལ་བྱམས་བརྩེའི་ལྷག་བསམས་དཔལ།། རླུང་ཆེན་བཀྲ་ཤིས་བདེ་ལེགས་རྒྱས།། ཕུན་སུམ་ཚོགས་པའི་དུས་བཟང་ཤར།། ཕྱོགས་ཀུན་ལས་རྒྱལ་ཨེ་མ་ཧོ༔ ༼༦༽ ཕྱི་སྣང་དག་པ་ལྷ་ཡི་ཞིང་།། ནང་བཅུད་རྫོགས་པ་ཆེན་པོའི་ངང་།། གསང་ཆེན་ཡེ་ཤེས་རོལ་བ་རྩལ།། ཡང་གསང་ལྷ་རྒྱལ་ཨེ་མ་ཧོ༔ ༼༧༽ དཀོན་མཆོག་རྩ་གསུམ་ཐུགས་རྗེའི་དཔལ།། རྟེན་འབྲེལ་ཀུན་བཟང་ཀུན་དགྱེས་པ།། སངས་རྒྱས་ཀུན་འདུས་རྡོ་རྗེ་འཆང་།། ཀུན་བཟང་བླ་རྒྱལ་ཨེ་མ་ཧོ༔ ཞེས་པ་འདི་ཡང་རབ་གནས་ཆུ་ཡོས་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཟླ་བ་ཉ་ཡོངས་སུ་གང་བ་ཉིད་གཟའ་སྒྲ་ཅན་ལས་གྲོལ་མ་ཐག་ཏུ་གུ་རུ་པདྨའི་རྒྱལ་ཚབ། གཙང་བ་གྲུབ་ཆེན་རིག་མཆོག་རིན་པོ་ཆེས་སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་གཟིགས་པ་དག་པས་རྒྱལ་གླུ་ཨེ་མ་ཧོ༔ གསུངས་པ་དག་མཇལ་མ་ཐག་ཏུ་གང་ཤར་བཅོས་བསྒྱུར་མེད་པར་རིག་འཛིན་ཨེ་མ་ཧོས་བརྡ་རིས་སུ་ཕབས་པར་དགེའོ།། །།
༄༅།།སངས་རྒྱས་ཨེ་མ་ཧོ་མཁྱེན་ནོ།
༄༅།།སངས་རྒྱས་ཨེ་མ་ཧོ་མཁྱེན་ནོ། ཨེ་མ་ཧོ་མཁྱེན་ནོ།། སངས་རྒྱས་ཨེ་མ་ཧོ་མཁྱེན་ནོ། ཕྱོགས་དུས་སངས་རྒྱས་ཀུན་གྱི་ངོ་བོ་ཉིད།། ལུང་རྟོགས་དམ་ཆོས་ཀུན་གྱི་རང་བཞིན་དཔལ།། འཕགས་ཚོགས་དགེ་འདུན་ཡོངས་ཀྱི་ཐུགས་རྗེའི་བདག། སངས་རྒྱས་ཨེ་མ་ཧོ་ལ་གསོལ་བ་འདེབས།། དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས།། ཨེ་མ་ཧོ་མཁྱེན་ནོ།། སངས་རྒྱས་ཨེ་མ་ཧོ་མཁྱེན་ནོ། སྲིད་ཞིའི་སྡུག་བསྔལ་ཀུན་སྐྱོབ་ཀུན་བཟང་ཀློང་།། འཕོ་མེད་ཡེ་ཤེས་སྣང་མཐའ་པདྨ་འབྱུང་།། སངས་རྒྱས་ཡེ་ཤེས་པདྨ་དྲག་སྔགས་གླིང་།། སངས་རྒྱས་ཨེ་མ་ཧོ་ལ་གསོལ་བ་འདེབས།། བརྡའ་བརྒྱུད་ཕྱག་ཆེན་མྱོང་བར་བྱིན་གྱིས་རློབས།། ཨེ་མ་ཧོ་མཁྱེན་ནོ།། སངས་རྒྱས་ཨེ་མ་ཧོ་མཁྱེན་ནོ། འཁོར་འདས་གནས་ལུགས་མཁྱེན་པའི་པཎྜིཏ།། ལུགས་གཉིས་ཀུན་ལ་བྱམས་བརྩེའི་ཁྱབ་བདག་ཆེ།། དཔལ་དགྱེས་རྡོ་རྗེ་གསང་གསུམ་སྒྱུ་འཕྲུལ་གར།། སངས་རྒྱས་ཨེ་མ་ཧོ་ལ་གསོལ་བ་འདེབས།། སྙན་བརྒྱུད་གདམས་ངག་ཐོབ་པར་བྱིན་གྱིས་རློབས།། ཨེ་མ་ཧོ་མཁྱེན་ནོ།། སངས་རྒྱས་ཨེ་མ་ཧོ་མཁྱེན་ནོ།། འཇམ་དབྱངས་མཁྱེན་རབ་ཡེ་ཤེས་གཟུངས་སྤོབས་ཆེ།། སྤྱན་རས་གཟིགས་དབང་བྱམས་བརྩེ་སྙིང་རྗེ་ཆེ།། ཕྱག་ན་རྡོ་རྗེའི་མཐུ་སྟོབས་རྫུ་འཕྲུལ་ཆེ།། སངས་རྒྱས་ཨེ་མ་ཧོ་ལ་གསོལ་བ་འདེབས།། ཡོན་ཏན་ཕྲིན་ལས་མ་ལུས་མཐར་ཕྱིན་ཤོག། སངས་རྒྱས་ཨེ་མ་ཧོ་མཁྱེན་ནོ།། ཨེ་མ་ཧོ་མཁྱེན་ནོ།། ཨེ་མ་ཧོ་མཁྱེན་ནོ།། ཨེ་མ་ཧོ་མཁྱེན་ནོ།། ཞེས་ཅི་ནུས་བཟླས་ལ་དེ་ཉིད་ངང་དུ་མཉམ་པར་བཞག་གོ། གང་བསམ་ཡིད་བཞིན་འགྲུབ་པར་ཐེ་ཚོམས་བྲལ།། བདེན་མིན་ལག་ཏུ་ལོངས་དང་གསལ་བར་ངེས།། གང་བྱས་ཆོས་ལ་ཆོས་བརྒྱད་མ་སོང་བར།། ཆོས་བཞིན་མཛོད་དང་ཚེ་འདིར་མངོན་སངས་རྒྱས།། ས་མ་ཡ།། རྒྱ་རྒྱ་རྒྱ།། རབ་གནས་ཆུ་ཡོས་སྨ྄ིན་དྲུག་ཟླ་བའི་ཡར་ཚེས་བཅོ་ལྔ་ལ་རྣལ་འབྱོར་བ་གུ་ཡངས་བློ་བདེ་འམ་ནོར་བུ་བསམ་གྲུབ་ཀྱིས་ཡང་ཡང་བསྐུལ་ངོར་དད་མོས་མ་སྟོང་ཙམ་དུ་ཨེ་མ་ཧོས་ཟླ་བ་གཟའ་ལས་གྲོལ་མ་ཐག་ཏུ་ཨེ་ཝྃ་བདེ་མཆོག་ཕོ་བྲང་ནས་ཕུལ་བར་དོན་དང་ལྡན་པར་གྱུར་ཅིག་གུ། ཤྲཱིཿ སརྦ་མངྒྷ་ལམ།།
Alt Sidebar
Search





