• June 2021

    ཨ་ནེ་སྒྲོལ་མ་ཆོས་སྒྲོན་བདེ་བའི་སྨོན་ལམ་ཡེ་ཤེས་ཀྱི་མེ་ལོང་།།

    ཨ་ནེ་སྒྲོལ་མ་ཆོས་སྒྲོན་བདེ་བའི་སྨོན་ལམ་ཡེ་ཤེས་ཀྱི་མེ་ལོང་།། ཨེ་མ་ཧོ།། ཚུལ་ཁྲིམས་རྣམ་དག་ཆོས་སྤྱོད་བཅུ་ལ་བརྩོན།། ཏིང་འཛིན་ཡང་དག་ཆོས་དབྱངས་སྙན་པར་མགུར།། ཤེས་རབ་ཀུན་བཟང་ངང་དུ་མཉམ་བཞགས་ཐུགས།། སྒྲོལ་མ་ཆོས་སྒྲོན་འཁོར་འདས་དཔལ་དུ་ཤོག། ཕྱི་ལྟར་བཙུན་མ་རབ་བྱུང་ཆས་གོས་གསོལ།། ནང་ལྟར་སྦས་པའི་རྣལ་འབྱོར་རྗེ་བཙུན་མ།། གསང་བ་ཀུན་བཟང་ངང་དུ་བྱང་ཆུབ་པ།། ཨ་ནེ་སྒྲོན་ཆོས་ས་ལམ་མཐར་ཕྱིན་ཤོག། ཆུང་ནས་དད་དང་སྙིང་རྗེ་ལྷན་སྐྱེས་མངའ།། ཆེ་ནས་ཆོས་ལམ་དགོངས་པ་མཐར་ཕྱིན་ནས།། ཐུགས་དམ་དྲང་པོར་བཞུགས་ལ་གསོལ་བ་འདེབས།། བསྟན་འགྲོའི་མགོན་དུ་སླར་ཡང་མྱུར་བྱོན་སྨོན།། ཞེས་པ་འདི་ཡང་རབ་གནས་ལྕགས་གླང་ས་ག་ཟླ་བའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ལ་ཨ་ནེ་སྒྲོལ་མ་ཆོས་སྒྲོན་ཉིད་གློ་བུར་དུ་སྔ་གྲོ་ཆུ་ཚོད་དྲུག་པ་ཙམ་ལ་ཚོགས་གྲལ་ནས་དབུ་མཛོད་གནང་ནས་བཀྲ་ཤིས་བརྒྱད་པ་ཚར་གསུམ་གྱི་མཐའ་མ་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག། ཅེས་དྲིལ་བུ་བཅད་མཚམས་བཞག་པ་དང་དེ་ཀ་རང་ལ་ཐུགས་དམ་ངང་ལ་མཉམ་པར་བཞགས་སོང་ཞེས་ཐུགས་དམ་ལ་བཞུགས་པར་ཐོས་པའི་མོད་ལ་ཨེ་མ་ཧོས་སྨོན་པར་དགེའོ། ། །། སྤྱི་ལོ་༢༠༢༡ ཟླ་བ ༦ ཚེས་༤ ལ། བོད་རྒྱལ་ལོ། ༢༡༤༨ ཟླ་བ་༤ ཚེས ༢༥ ལའོ།།༼མཆན༽ ད་དུང་ཡང་ཐུགས་དམ་བཞུགས་ཡོད། དེ་ཡང་སྐུ་གདུང་ཤིན་ཏུ་གསང་བ་བྱས་ཏེ་བཞག་ན་ཡང་ངོས་ལ་ཡ་མཚན་པ་ཞིག་ལ་རྨི་ལམ་གསལ་ཐག་ཆོད་པ་ཞིག་རྨིས། གང་ལྟར་ཉིན་གཉིས་ཀྱི་མཚམས་སུ་སྤྲུལ་སྐུ་ངང་ཆུང་ལས་སྐད་དེ་གསལ་བོ་ཐོས། འཕྲིན་ལམ་ལས་སྤྲུལ་སྐུ་ཨ་ཉ་དགྲ་འདུལ་ལ་འབྲེལ་བཤད་ཆ་འཕྲིན་བྱས། རིམ་གྱིས་གནས་ནང་སྤྲུལ་སྐུ་ཆོས་བཀྲ་དང་། མཁན་ཆེན་བཤད་སྒྲུབ་རྒྱ་མཚོ་ལ་འབྲེལ་ནས་དངོས་ཡོད་བདེན་པ་ར་སྤྲོད་བྱུང་། མདོར་ན་གློ་བུར་དུ་སྐྱེན་པོའི་མཁའ་སྤྱོད་མཁའ་འགྲོའི་གླིང་ནས་བཙུན་མ་སྒྲོན་ཆོས་ཞིང་དུ་ཕེབས་པ་ལ་སྐྱེན་པོ་སྡེ་དགོན་ཡོངས་ལ་མྱ་ངན་དང་ཁྱད་པར་སྨན་ལྷ་ཚང་ལ་མྱ་ངན་ཞུ་བ་དང་ཚོགས་བསགས་བྱས་ཡོད་ཞུ་བ་དེ་ཡིན། ཚེས་བཅུ་ལ་སྐུ་གདུང་མཆོད་འབུལ་རེད། ཨེ་ཧོས་གུ་རུ་རྡོ་རྗེ་གོ་ཁྲབ་ཀྱི་ཐུན་མཚམས་ནས་ད་བྲིས་ད་སྤེལ།

  • June 2021

    ༄༅། །ཞབས་བརྟན་སྨོན་ཚིག་འཆི་མེད་རྔ་སྒྲ་བཞུགས་སོ། །  

    ༄༅། །ཞབས་བརྟན་སྨོན་ཚིག་འཆི་མེད་རྔ་སྒྲ་བཞུགས་སོ། །   སྟོན་ཁའི་མཁའ་ལ་གཟའ་སྐར་ཤར་འདྲ་བའི།  ། བཀའ་བརྒྱད་བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་ཀྱི།  ། ཞི་རྒྱས་དབང་དྲག་འཕྲིན་ལས་ཚད་མེད་པས།  ། བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བསྲིང་བར་མཛོད།  ། ཨོ་རྒྱན་མཁའ་འགྲོའི་གསང་མཛོད་གཏེར་གྱི་ཆོས།  །    ཤེས་རབ་རང་བྱུང་སྒྲོན་མེའི་རྩལ་ལས་ཤར།  ། པདྨའི་རྒྱལ་ཚབ་སྟག་ཤམ་སྤྲུལ་པའི་སྐུ།  ། འཇིགས་བྲལ་སྦས་པའི་རྡོ་རྗེ་ཞབས་བརྟན་ཤོག  ། ཁམས་གསུམ་ཟིལ་གནོན་རིག་པའི་རྒྱལ་ས་ཟིན།  ། སྣང་སེམས་སྒྱུ་མའི་འཁོར་ལ་རང་དབང་བསྒྱུར།  ། པདྨ་རྒྱལ་པོ་ཉིད་དང་དབྱེར་མེད་དུ།  ། བྱིན་རླབས་རྒྱ་མཚོའི་གཏེར་དུ་ཞབས་བརྟན་ཤོག  ། སྣང་སྲིད་དག་པར་ཤར་བས་འདུལ་ཁྲིམས་གཙང་།  ། ཚད་མེད་བྱང་ཆུབ་སེམས་ལ་རང་དབང་འབྱོར།  ། ཤཱཀྱ་སེངྒེ་ཉིད་དང་དབྱེར་མེད་དུ།  ། མདོ་སྔགས་བསྟན་པའི་བདག་པོར་ཞབས་བརྟན་ཤོག  ། ནམ་མཁའ་ལྟ་བུའི་ཆོས་ཉིད་དོན་རྟོགས་ནས། ། མ་ལུས་ཤེས་བྱའི་ཆོས་ཀུན་སྒྲིབ་མེད་གསལ།  ། བློ་ལྡན་མཆོག་སྲེད་ཉིད་དང་དབྱེར་མེད་དུ།  ། བླུན་རྨོངས་འགྲོ་བའི་སྒྲོན་མེར་ཞབས་བརྟན་ཤོག  ། དགའ་བཞིའི་འགྲོས་ཀྱིས་ས་ལམ་ཐོད་བརྒལ་བྱས།  ། འདོད་ཡོན་མ་སྤངས་ཚོགས་གཉིས་གྲོགས་སུ་བསྒྱུར།  ། མཚོ་སྐྱེས་རྡོ་རྗེ་ཉིད་དང་དབྱེར་མེད་དུ།  ། གནས་གསུམ་མཁའ་འགྲོའི་གྲོགས་སུ་ཞབས་བརྟན་ཤོག  ། པདྨའི་ཐ་ཚིགས་བཀའ་ལ་མི་ཉན་པའི།  ། སྡེ་བརྒྱད་འབྱུང་པོའི་མགོ་བོ་རྡོག་པས་ནོན།  ། རྡོ་རྗེ་གྲོ་ལོད་ཉིད་དང་དབྱེར་མེད་དུ།  ། བདུད་སྲིན་དམ་སྲིའི་གཤེད་དུ་ཞབས་བརྟན་ཤོག  ། སྨོན་ལོག་ཀླ་ཀློའི་བྱད་ཀ་དབྱིངས་སུ་བཟློག  ། བསྟན་པའི་དགྲ་བོའི་ཚེ་སྲོག་ཕུར་རྩེས་བཞེས།  ། སེངྒེ་སྒྲ་སྒྲོག་ཉིད་དང་དབྱེར་མེད་དུ།  ། བསྟན་འགྲོའི་དཔལ་མགོན་དམ་པར་ཞབས་བརྟན་ཤོག  ། ཆོས་བརྒྱད་འཁྲུལ་བའི་རྟོག་པ་ཟིལ་གྱིས་མནན།  ། བརྟུལ་ཞུགས་སྤྱོད་པས་སྣང་སེམས་དབང་དུ་བསྡུས།  ། ཉི་མ་འོད་ཟེར་ཉིད་དང་དབྱེར་མེད་དུ།  ། སྙིགས་ལྔའི་མུན་སེལ་ཉིད་དུ་ཞབས་བརྟན་ཤོག  ། འབྲེལ་ཚད་འགྲོ་ལ་ཐར་བའི་ས་བོན་བཞག  ། འཕྲིན་ལས་རྣམ་བཞིས་བསྟན་པའི་ཉམས་རྒུད་གསོས།  ། པདྨ་སམ་བྷ་ཉིད་དང་དབྱེར་མེད་དུ།  ། རྗེ་འབངས་ཉེར་ལྔའི་ཚབ་ཏུ་ཞབས་བརྟན་ཤོག  ། ཡོ་བྱད་རེ་ལ་བསྟན་སྲུང་དམ་ཅན་འཁོར།  ། སྐྲ་རྩེ་རེ་ན་མཁའ་འགྲོའི་བརྡ་གླུ་ལེན།  ། རས་དཀར་ནབ་བཟར་དཔའ་བོའི་བྱིན་གཡང་ཆགས།  ། བཤད་སྒྲུབ་བསྟན་འཛིན་དམ་པ་ཞབས་བརྟན་ཤོག  ། མཚུངས་མེད་བླ་མའི་སྐུ་ཚེ་ཡུན་དུ་བརྟན། …

  • June 2021

    ཆོས་མཆེད་ཀྱི་བཀའ་ལན་ལ་སྤྲིངས་ཡིག་གསེར་གྱི་མེ་ཏོག

    ཆོས་མཆེད་ཀྱི་བཀའ་ལན་ལ་སྤྲིངས་ཡིག་གསེར་གྱི་མེ་ཏོག ཀྱེ་ཀྱེ་ཨ་ལ་ལ་ཧོ།། ༼༡༽ ཞལ་ནས་མཚམས་རེ་མདོ་མེད་ཡིན་ཟེར་ནས།། འདུ་ཤེས་གསུམ་པ་ཟེར་ནས་རང་ལ་སྨད།། མཚམས་རེ་རང་སྣང་གང་ཤར་ཤྲཱིཿསྨྱོན་ལ།། ཅི་དྲན་གང་དྲན་བརྗོད་པར་དྲན་སོང་ངམ།། ༼༢༽ མཁས་དབང་འཛིན་མཚམས་ནམ་མཁའི་ནོར་བུ་ཟེར།། ཆོས་མཆེད་བརྩེ་གདུང་ཅན་ལ་ཐེར་འདོན་ཟེར།། རྒྱལ་བསྟན་གཙང་སེལ་འཁན་ལ་བདེན་ཁ་སྟེར།། ཆེ་མཐོའི་ཞབས་ནས་བལྡག་པར་མ་ཡིན་ནམ།། ༼༣༽ སངས་རྒྱས་དངོས་མཐོང་དད་པ་ལྟ་ཅི་སྨྲོས།། གྲུབ་རྫུན་རེད་ཟེར་ལོག་ལྟས་འགེངས་པའི་ཚེ།། བཏང་སྙོམས་ལུང་མ་བསྟན་ལ་འཇོགས་བཞག་ན།། དབལ་འབྲུག་དམ་པས་སྙིང་ནས་བཟོད་ཕོད་དམ།། ༼༤༽ བདེན་ཡང་རྫུན་མ་ཟེར་ནས་སྡིགས་ར་འཐེན།། བྱམས་ཡང་རལ་བ་ཟེར་ནས་ངན་སྨད་བྱེད།། བརྩེ་ཡང་ངོ་དགའ་ཟེར་ནས་ལོང་གཏམ་སྤེལ།། བྱ་བྲལ་དམ་པས་དབྱིངས་ནས་གཟིགས་ལགས་སམ། ༼༥༽ ཐ་སྙད་ཤེས་བྱར་གོ་ནོར་མ་འཐེབ་ན།། མཁས་དབང་རྫ་ཚེས་གསུངས་ལ་བདེན་ཁ་སྒྲོན།། དམ་ཚིག་ཟོལ་ཟོག་མེད་པའི་སྔ་འགྱུར་བར།། རབ་སྔགས་ཁྲག་བཞིན་དཀྲུག་པ་མཐོང་ལགས་སམ།། ༼༦༽ མཐོན་པོ་རིགས་དུས་གཉའ་བ་སྒུ་རུ་རུ།། ཉམས་ཆུང་མགོ་ལ་རྐང་བརྫིས་བྱེད་པའི་དུས།། ལྷག་བསམ་ངོ་ལྐོག་ཌཱ་རུ་དཀྲོལ་བ་ལ།། བདེན་པའི་རྒྱལ་རྔ་རྡུང་བ་ཅུང་བདེན་ནམ།། ༼༧༽ བལྟས་པ་ཙམ་གྱིས་སྐྱོན་གླེང་འུ་རུ་རུ།། མཐོང་བ་ཙམ་གྱིས་ངན་སྨད་ཤ་ར་ར།། ཚོར་བ་མེད་པའི་ཟུར་ཟ་ཐ་ར་ར།། མཆེད་ལྕམ་ནང་གི་དམ་ཚིག་འདི་ཡིན་ནམ།། ༼༨༽ ཨ་ལ་ཀུ་རེ་མིན་ནོ་སྙིང་གི་གྲོགས།། ཨ་ཅང་རྩེད་མོ་མིན་ནོ་དམ་ཚིག་ཅན།། ཨ་ཁ་གཟེར་རེ་ཅན་ཞིག་མིན་ན་ཡང་།། ཨ་མའི་བུ་ཚོས་གོ་མྱོང་རྟོགས་ཕྱིར་ཕུལ།། བཀྲ་ཤིས་རྟགས་བརྒྱད་ཚང་བའི་ཐོལ་རྩོམ་འདི།། བདེ་ལེགས་ཚེ་རབས་འགྲོག་པའི་མཆེད་ལྕམ་བར།། ཕུན་ཚོགས་དམ་ཚིག་ཟབ་མོའི་འཚམས་འདྲི་བཅས།། དཔའ་བོ་འབྲོང་ཚ་མཆོག་ལ་ཨེ་ཧོས་སྤྲིངས།། བོད་རྒྱལ་ལོ། ༢༡༤༨ ཟླ་༥་ཚེས་༡་ལ།  སྤྱི་ལོ། ༢༠༢༡/༦/༡༡་ལའོ།།

  • June 2021

    ༄༅།།སྨོན་གསོལ་གསང་ཆེན་ཆོས་ཀྱི་འཁོར་ལོ་

    ༄༅།།སྨོན་གསོལ་གསང་ཆེན་ཆོས་ཀྱི་འཁོར་ལོ་ ཞེས་བྱ་བ་བཞུགས།                                ཨོཾ་སྭ་སྟི།         ངོ་བོ་ཀ་དག་ཀུན་བཟང་འཇམ་དཔལ་དབྱངས།། རང་བཞིན་ལྷུན་གྲུབ་བཅོམ་ལྡན་ཚེ་དཔག་མེད།། ཐུགས་རྗེ་ཀུན་འདུས་པདྨ་འབྱུང་གནས་ཀྱིས།། ཀུན་ཏུ་ཤིས་པའི་དགེ་ལེགས་ཆར་དུ་ཕོབས།། མཁྱེན་རབ་དབང་ཕྱུག་རྗེ་བཙུན་འཇམ༵་དཔལ་དབྱངས༵།། བརྩེ་ཆེན་འགྲོ་བའི་དོན་ལ་ལྷག་པར་དགོངས།། མཐུ་སྟོབས་གསང་ཆེན་འོད་གསལ་སྙིང་པོའི་བདག། མཆོག་སྤྲུལ་མི་དབང་སེ༵ངྒེ༵་ཞབས་བརྟན་ཤོག། ཆོས་དབྱིངས་བདེ་བཤེགས་རྒྱལ་བའི་ཐུགས་རྗེ་དང་།། ཆོས་ཅན་རྟེན་འབྲེལ་ཟབ་མོའི་བདེན་མཐུ་ཡིས།། ཆོས་ཀུན་རང་བཞིན་རྫོགས་པ་ཆེན་པོ་ཡི།། ཆོས་ཉིད་འཁོར་ལོའི་ཕྲིན་ལས་ཀུན་ཁྱབ་ཤོག། ཅེས་པ་འདི་ཡང་རབ་གནས་ལྕགས་གླང་ས་ག་ཟླ་བའི་གནམ་གང་གི་ཉི་མ་ཉིད་གཟའ་སྒྲ་ཅན་ལས་གྲོལ་མ་ཐག་ཏུ་རྟེན་འབྲེལ་ཕུན་སུམ་ཚོགས་དུས་སུ་རིན་པོ་ཆེ་ཉིད་དང་དངོས་སུ་འབྲེལ་བའི་མོད་ལ་སྙིང་ཐིག་སྙིང་པོའི་བསྟན་པ་ལ་མི་ཕྱེད་པའི་དད་གུས་དང་སྒྲུབ་བརྩོན་པ་རིག་འཛིན་ཤྲཱིཿཨེ་མ་ཧོས་གང་ཤར་རྩོལ་མེད་དུ་ལྷག་བསམ་དག་པས་སྨོན་གསོལ་འདེབས་པ་དབྱིན་ཡུལ་ཨེ་ཝཾ་ཛྙཱ་ན་གུ་རུའི་ལྷ་ཁང་ནས་སྨོན་པར་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ། །། ཤྲཱིཿ སརྦ་ལོ་ཀ་བི་ཛ་ཡནྟུ།།

  • June 2021

    Dzogchen Trekchod retreat at Ewam Pema Khandro Ling

    ༈ ཨ་རི་ཨེ་ཝྃ་པདྨ་མཁའ་འགྲོ་གླིང་དུ་ལོ་ལྟར་རྫོགས་ཆེན་ཁྲེགས་ཆོད་ཀྱི་བཀའ་ཆོས་དང་སྐབས་བསྟུན། ལོ་འདིར་སྤྱི་ཟླ་ ༥ པའི་སྤྱི་ཚེས་ ༡༤ – ༡༨ བར་༧སྐྱབས་རྗེ་སྒོ་ཆེན་མཆོག་སྤྲུལ་གསང་སྔགས་བསྟན་འཛིན་རིན་པོ་ཆེའི་ཞལ་སྔ་ནས་གཏེར་ཆེན་ཀརྨ་གླིང་པས་སྒམ་པོ་དར་གྱི་རི་ལྷ་བྲན་གར་བྱེད་པ་ལྟ་བུ་ནས་སྤྱན་དྲངས་པའི་རྫོགས་ཆེན་རིག་པ་གཅེར་མཐོང་རང་གྲོལ་གྱི་བཀའ་ཁྲིད་དེ་སྩལ་ཅིང་། སྐབས་དེར་ནུབ་ཕྱོགས་ཨ་རིའི་སློབ་མའི་གྲས་ལས་མ་མཐར་སྔོན་འགྲོ་འབུམ་ལྔའི་བསགས་སྦྱང་གྲུབ་པ་རྣམས་དང་། ལྷག་པར་དུ་རྫོགས་པ་ཆེན་པོའི་ཉམས་ལེན་ལ་རྡོ་རུས་གཏུགས་པའི་སློབ་མ་བརྒྱ་སྐོར་ཞིག་གིས་མྱོང་ཁྲིད་ཀྱི་ཚུལ་དུ་དྲ་རྒྱའི་ཐོག་ནས་གསང་རྒྱ་དམ་པོས་གསན་པར་མཛད། སྤྱི་ལོ་ ༡༩༨༡ ལོར་༧སྐྱབས་རྗེ་ཞི་བར་གཤེགས་པ་དིལ་གོ་མཁྱེན་བརྩེ་རིན་པོ་ཆེས་ཟབ་ཁྲིད་འདི་ཉིད་འབྲུག་འབུམ་ཐང་སྐུ་རྗེས་བྲག་དམར་རྡོ་རྗེ་བརྩེགས་པར་བླ་སྤྲུལ་ཉུང་ཤས་ཤིག་ལ་སྩལ་སྐབས་དང་དུས་ཕྱིས་ཀྱང་ལན་གྲངས་དུ་མར་སྩལ་སྐབས་མཆོག་སྤྲུལ་གསང་སྔགས་རིན་པོ་ཆེ་ཉིད་ཀྱིས་གསན་པར་མཛད། ལོ་འདིར་ཨེ་ཝྃ་བལ་ཡུལ་སྐུ་གསུམ་མཁའ་འགྲོའི་གླིང་སྒྲུབ་ཁང་དང་། འཕགས་ཡུལ་ཨེ་ཝྃ་བཙུན་དགོན་གྱི་སྒྲུབ་བརྩོན་མ་རྣམས། དེ་བཞིན་ཨ་རི་ཨེ་ཝྃ་གྱི་སློབ་ཚོགས་བཅས་ལ་ལན་ཐེངས་གསུམ་དུ་སྩལ་པའོ། །

  • June 2021

    འཇམ་མགོན་བླ་མའི་རྣམ་ཐར་གསོལ་

    འཇམ་མགོན་བླ་མའི་རྣམ་ཐར་གསོལ་ འདེབས་བཞུགས་སོ།། འཇམ་དབྱངས་ཆོས་ཀྱི་བློ་གྲོས།  ན་མོ་གུ་རུ་མཉྫུ་ཤྲི་ཡེ།  རྒྱལ་བ་ཀུན་གྱི་མཁྱེན་རབ་གཅིག་བསྡུས་པ།། འཇམ་མགོན་གཞོན་ནུའི་ཡེ་ཤེས་སྒྱུ་འཕྲུལ་གར།། ངུར་སྨྲིག་འཛིན་པའི་གཟུགས་སུ་རྣམ་རོལ་བ།། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། དང་པོར་མཐའ་ཡས་ཐོས་པའི་གཞུང་ལུགས་སྦྱངས།། བར་དུ་དེ་དོན་མ་ལུས་རྒྱུད་དང་བསྲེས།། ཐ་མར་གནས་ལུགས་དགོངས་པ་མངོན་དུ་གྱུར།། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། ཐུབ་པའི་བསྟན་པ་སྤྱི་དང་བསྟན་པ་ཡི།།  སྙིང་པོར་གྱུར་པ་འོད་གསལ་སྙིང་པོའི་ལམ།། ཉིན་དང་མཚན་དུ་བུ་ཡིས་མ་བཞིན་དྲན།། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། རྣམ་འདྲེན་རྒྱལ་བ་སྲས་དང་བཅས་པ་དང་།། ཁྱད་པར་དུ་ཡང་མཉམ་མེད་ཤཱཀྱའི་རྒྱལ།། མཚན་ཙམ་དྲན་པས་མོས་གུས་འཆི་མ་འཁྲུགས།། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། ཟླ་མེད་སྟོན་པ་དེ་དང་དེ་ཡི་སྲས།། མཁས་མཆོག་རྣམས་ཀྱི་རང་ལུགས་དྲི་མེད་དང་།། མཁན་སློབ་ཆོས་ཀྱི་རྒྱལ་པོ་རྗེས་སུ་དྲན།། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། དེ་ཚེ་ན་ཚོད་ཕྲ་ཡང་ཐབས་གང་གིས།། འདྲེན་མཆོག་དེ་དག་རྣམས་ཀྱི་དྲིན་གཟོ་རུ།། རྒྱལ་བསྟན་རིན་ཆེན་སྤེལ་བར་ཡི་དམ་བཅས།། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། སྔོན་ལས་སྦྱངས་པའི་ལས་འཕྲོ་བཟང་པོ་ཡིས།། ཟབ་དང་རྒྱ་ཆེའི་མདོ་དང་བསྟན་བཅོས་དོན།། བལྟས་པ་ཙམ་གྱིས་བདེ་བླག་ཁོང་དུ་ཆུད།། དཔལ་ལྡ་བླ་མའི་ཞབས་ལ་གསོལ་བ་འདེབས།། ཁྱད་པར་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ།། སྐྱབས་མཆོག་འཇམ་དཔལ་དམར་པོ་ངེས་ཤེས་ནས།། མི་འབྲལ་སྙིང་གི་ཐིག་ལེར་རྟག་ཏུ་བསྒོམ།། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། དེ་ཚེ་ཟབ་མོ་རྟོགས་པར་དཀའ་བ་ཡི།། ཕྱི་ནང་རིག་གནས་ཀུན་གྱི་གནད་གསང་ལ།། བློ་ཡང་དེ་ལྟ་དེ་ལྟར་ཟབ་པར་གྱུར།། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། སྟོན་པའི་དམ་ཆོས་སྤྱི་དང་ཁྱད་པར་དུ།།  ཟབ་མོ་རྟེན་ཅིང་འབྲེལ་བའི་ཆོས་ཚུལ་ལ།། ཡིད་ཆེས་ངེས་པ་སྙིང་གི་གཏིང་ནས་འཁྲུངས།། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། ཆེད་དུ་བཅོས་པ་མིན་ཡང་སྡུག་བསྔལ་གྱི།། རྒྱ་མཚོར་གཡེང་བ་སྲིད་པའི་འགྲོ་བ་ཀུན།། ནམ་ཡང་མི་གཏོང་སྙམ་པའི་སྙིང་རྗེ་རྒྱས།། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། རང་གི་བློ་དང་ལྷག་པའི་ལྷ་ཡི་མཐུས།། ན་ཚོད་ཕྲ་ཡང་གནས་ལྔ་རིག་པའི་གཞུང་།། བསྒྲིམ་མི་དགོས་པར་རྩེད་མོའི་ཞར་ལས་ཤེས།། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། འཕགས་བོད་མིང་ཚིག་ཡི་གེའི་བརྡའ་སྤྲོད་གཞུང་།། ལུས་པ་མེད་པར་བློ་ཡི་རྒྱ་མཚོར་ཆུད།། དབྱངས་གསལ་ངག་གི་རྟེན་འབྲེལ་གནད་ཀྱང་རྟོགས།།  དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། ཡན་ལག་བརྒྱད་ལྡན་གསོ་བ་རིག་པ་ཡི།། གཞུང་དང་ལག་ལེན་མཐའ་དག་མ་ནོར་རྟོགས།། འཚོ་བྱེད་གཞོན་ནུ་གཉིས་པར་ཡོངས་སུ་གྲགས།། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། སྣ་ཚོགས་བཟོ་གནས་ཤེས་བྱའི་རྒྱ་མཚོ་ལ།། བློ་མཆོག་ངང་མོ་གཞོན་ནུ་དལ་གྱིས་རོལ།། ལེགས་བཤད་སྒྲ་དབྱངས་སྟོང་གི་ཉམས་ཀྱིས་མཛེས།། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། ཁྱད་པར་ཚུར་མཐོང་ཚད་མའི་རིག་པ་ལ།། འགྲན་ཟླ་མེད་པའི་བློ་གྲོས་སྒོ་ཆེན་ཕྱེས།། ཆོས་ཀྱི་གྲགས་པའི་མཁྱེན་རབ་སྙིང་ལ་ཤར།། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། བློ་ལྡན་མགུ་བར་བྱེད་པའི་སྙན་ངག་གི།། ལེགས་བཤད་བདུད་རྩིའི་རྦ་རླབ་ཁ་ནས་གཡོ།། དབྱངས་ཅན་མགྲིན་པར་ཆགས་པའི་རྣམ་དཔྱོད་ཅན།། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། སྐར་ནག་རྩིས་རིགས་རྒྱ་མཚོ་ཆེན་པོའི་འཇིང་།། ཆ་ཙམ་ལུས་པ་མེད་པར་བློ་ཡིས་མཐོང་།། ཟབ་མོའི་མན་ངག་གནད་ལ་རང་བྱན་ཚུད།། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། ཐེག་མཆོག་སྤྲོས་བྲལ་ལྟ་བའི་གནད་སྟོན་པ།། རྒྱས་འབྲིང་བསྡུས་པ་ལ་སོགས་མདོ་ཡི་དོན།། འཆང་ལ་མི་ཞུམ་ཟབ་མོའི་བློ་གྲོས་རྒྱས།། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། ཀླུ་སྒྲུབ་རིག་པའི་ཚོགས་དང་ཟླ་བའི་གཞུང་།། སྤྲོས་པ་རྣམ་པར་གཅོད་པའི་བསྟན་བཅོས་ལ།། དཔྱིས་ཕྱིན་རྟོགས་པའི་བློ་གྲོས་ལྷག་པར་རྒྱས།།  དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། རྒྱ་ཆེའི་ཆོས་ཀྱི་མཚན་ཉིད་ལེགས་སྟོན་པའི།། མངོན་པའི་མདོ་དང་དགོངས་འགྲེལ་བསྟན་བཅོས་ཀྱི།། ཕྲ་ཞིང་ཕྲ་བའི་གནད་ཀྱང་མ་ནོར་རྟོགས།། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། ཤེར་ཕྱིན་སྦས་དོན་མངོན་པར་རྟོགས་པའི་གཞུང་།། སྤྱི་དང་བྱེ་བྲག་རྟོགས་དཀའི་གནས་རྣམས་ལ།། འཁྲུལ་བྲལ་མཁྱེན་པའི་བློ་གྲོས་ཁྱད་དུ་འཕགས།། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།། བྱམས་ཆོས་ཕྱི་མ་རྣམས་དང་ཐོགས་མེད་མཆེད།། ཤཱནྟེ་དེ་ཝ་ལ་སོགས་འཕགས་ཡུལ་ཀྱི།།…