འོད་ལུས་སུ་བཤེགས་པའི་དཔའ་བོ།།ན་མོ་གུ་རུ་ཨེ་མ་ཧོ།༼༡༽ཨེ་རིག་སྟོང་པ་རྟོགས་པས་རྡུལ་ཕྲན་དེངས།།ཝཾ་སྙིང་རྗེ་བས་སྙིགས་ལྔའི་གདུང་བ་སེལ།།ཕན་བདེའི་རྣལ་འབྱོར་འོད་ཀྱི་ཕུང་པོ་ཅན།།ཆགས་སྡང་རྨོངས་གཅོད་དམ་པའི་ངང་ཚུལ་རྒྱལ།།༼༢༽ཞི་གནས་ཏིང་འཛིན་བདུད་རྩི་འཐུང་བའི་སྟོབས།།འདུ་འཛིའི་རྒྱུན་བཅད་དབེན་པའི་རི་ལ་བཞུགས།།གསང་བའི་སྒྲུབ་ཁང་རྣམ་གཡེངས་གཡུལ་ལས་གྲོལ།།དྲན་ཤེས་བག་ཡོད་དམ་པའི་རྣལ་འབྱོར་རྒྱལ།།༼༣༽ཆོས་བརྒྱད་ཞེན་པའི་གྲིབ་མ་ཡོངས་སུ་བྲལ།།མཚོ་གླིང་ཉི་ཟླ་རི་རྩེ་གྲོགས་སུ་སྒྲོན།།འོད་གསལ་གོམས་པ་རྩེ་གཅིག་གྲུབ་པའི་མཐུས།།ཕུང་ཁམས་སྐྱེ་མཆེད་འོད་གསལ་དབྱིངས་སུ་ཐིམས།༼༤༽ཡེངས་མེད་ངང་ལ་རྒྱུན་ཆགས་འགྲོ་བའི་དོན།།ཇི་གནས་སེམས་ཅན་མ་སྟོང་བར་དུ་མཛད།།འགྲོ་དོན་ཐུགས་བསྐྱེད་ཟབ་རྒྱས་སེམས་དཔའ་ཆེ།།འཇིགས་མེད་རྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་རྒྱལ།།༼༥༽དང་པོ་དཀའ་སྤྱད་བསྲན་ཚུགས་བརྩོན་པ་སྤེལ། །བར་དུ་ཞི་ལྷག་རྒྱུན་ཆགས་བར་མེད་འབད། །ཐ་མ་སྙིང་སྟོབས་རྙེད་པའི་དགའ་འབྲས་མྱོང་། །གྲུབ་པ་མཐར་ཕྱིན་ཀུན་བཟང་རྣལ་འབྱོར་རྒྱལ།།གློག་བརྙན་འདིས་རྐྱེན་ལས་ཤྲཱིཿསྨྱོན་ཨེ་མ་ཧོས་དེ་ཉིད་དུ་ཐོལ་བྱུང་དུ་བྲིས་པ་དོན་དང་ལྡན་པར་གྱུར་ཅིག་གུ།། །།
ཚེ་རིང་སྒྲོལ་མ་གདམས་པ་མི་ཚེ་ནང་གི་དམ་པ།།ཨེ་མ་ཧོ།།འདི་དང་ཕྱི་མར་ཕན་བདེའི་དོན།།ཤིན་ཏུ་རྒྱ་ཆེར་འགྲུབ་འདོད་ནས།།རྒྱལ་དང་རྒྱལ་སྲས་བསྟེན་པ་ཉིད།།དམ་པའི་རྣམ་ཐར་བཞིན་དུ་འབོད།། བསླུ་མེད་སྐྱབས་འོས་དམ་པ་ལ།།བདེན་པའི་གནས་ལུགས་ཡེ་ནས་རྫོགས།རྒྱུ་འབྲས་མི་བསླུའི་རྟེན་འབྲེལ་ལམ།།ཡིད་ཆེས་དད་པས་རབ་ཏུ་བརྩོན།། ཆོས་ཀྱི་རྩ་བ་དད་པ་བརྟས།།གསང་སྔགས་སྙིང་པོ་དག་སྣང་ལས།།དད་དང་བསོད་ནམས་ཚོགས་འཕེལ་ཞིང་།།ཀུན་བཟང་འཇུག་པའི་སྒོ་ཆེན་འབྱེད།། དད་པ་ཡིད་བཞིན་ནོར་བུ་ལ།།སངས་རྒྱས་ཆོས་དང་དགེ་འདུན་ཚང་།།ནམ་ཡང་མི་བསླུའི་སྐྱབས་གནས་ལ།།ཡིད་ཆེས་དད་གུས་རྟག་ཏུ་བྱ།། དལ་འབྱོར་རྙེད་པ་དཀའ་བ་དང་།།མི་རྟག་སྒྱུ་མའི་ཚུལ་ལ་བསམ།།ལས་འབྲས་དཀར་ནག་རྣམ་སྨིན་ལས།།འཁོར་དང་མྱ་ངན་འདས་པར་གདམས།། བདེན་པའི་དཀོན་མཆོག་ཡིད་ཆེས་ངང་།།དྲང་པོའི་ལམ་ཁ་མ་ནོར་དང་།།འདི་ཕྱིའི་ཕུན་སུམ་སུམ་ཚོགས་པ་ཀུན།།མ་འབད་ལྷུན་གྱིས་འགྲུབ་པར་ངེས།། བློ་ལྡན་ཟུང་ཐུབ་དེས་པ་དགོས།།ཁྲེལ་དང་བག་ཡོད་ངང་ཚུལ་གྱིས།།དྲང་དང་དམ་བརྟན་གཞི་གཟུང་ནས། །བྱས་པ་ཤེས་ཤིང་དྲིན་བཟོ་མཛོད།། ཐབས་དང་ཤེས་རབ་ཟུང་ལྡན་ན།།དད་དང་གཏོང་བའི་ཤུགས་བསྐྱེད་འཕེལ།།འདི་དང་ཕྱི་མའི་གནས་སྐབས་བདེ།།ཚེ་རིང་ནད་མེད་ཡིད་འོང་འབྱོར།། དྲན་པ་ཀུན་བཟང་རྒྱུད་ལ་སྐྱེས།།ཤེས་བཞིན་བླང་དོར་མ་ཉམས་ཕྱིར།།བག་ཡོད་གསེར་གྱི་ར་བ་ལས།།ནམ་ཡང་མ་འདས་སྙིང་གི་གྲོགས།། བསྟན་ལ་ཕན་པའི་ཉམས་ལེན་དང་།།འགྲོ་ལ་སྨིན་པའི་བསོད་ནམས་ཚོགས།།ཡེ་ཤེས་ཡོན་ཏན་ཡར་ཟླ་བཞིན།།བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག།ཞེས་པ་འདི་ཡང་རབ་གནས་ས་ཕག་རྒྱལ་ཟླའི་དབང་ཚེས་དགེ་བར་ཚ་མོ་སྒྲོལ་མ་ཚེ་རིང་ངོར་ཞེས་བསྐུལ་ངོར་འཇམ་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་ཨེ་ཝཾ་ཀུན་བཟང་ཆོས་གླིང་དུ་བྲིས་པ་མངྒ་ལཾ།། དགེའོ།།དགེའོ།།དགེའོ།།།།
དྷྱཱྃ།༔ ཆོས་ཉིད་འོད་གསལ་རིག་པའི་གསང་མཛོད་ལས༔པདྨའི་རྣམ་ཐར་འདོད་འཇོའི་བུམ་བཟང་སྐལ་ལྡན་དད་པའི་རྒྱུད་བསྐུལ་ཌཱ་ཀི་དགྱེས་པའི་ཞལ་ལུང་པདྨ་འོད་དུ་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ༔དྷྱཱྃ།༔ དྡ།དྡྷྱ།།ཉྭ།ཟྭ།༔ཧྱ།གྷྱ།དྷྱབྷྱེ།།༔ ན་མོ་གུ་རུ་བྷུདྡྷ་དྷརྨ་ སངྒཱ་ཡ༔ ཀ་ཡ་ཝཱཀྐ་ ཙིཏྟ་ཧྲཱི་ད་ཡ༔ ཨཽཊི་ཡ་ན་པདྨ་ཀ་ར་ཝེ༔ མ་ཎི་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཕྱག་འཚལ་བླ་མ་ སངས་རྒྱས་ཆོས་དགེ་མདུན༔ སྐུ་གསུངས་ཐུགས་ཀྱི་སྙིང་པོ་གཅིག་བསྡུས་པ༔ ཨོ་ རྒྱན་ཆེན་པོ་པདྨ་འབྱུང་གནས་ཞེས༔ ཡིད་བཞིན་ནོར་བུ་མཆོག་དེས་དངོས་གྲུབ་སྩོལ༔ ཨེ་མ་ཧོ༔ སྔོན་ཚེ་རྒྱལ་པོ་རྩིབས་ཀྱི་མི་འཁྱུད་ཀྱི༔ ཕྱི་ནང་བློན་འཁོར་བུ་སྟོང་བྲན་རྣམས་ ཀྱིས༔ སངས་རྒྱས་མཆོད་ནས་དམ་པའི་ཆོས་ཉན་ཏེ༔ ཕྱོགས་བཅུའི་ཞིང་དག་བཟུང་ བར་དམ་བཅས་ཚེ༔ རྒྱ་མཚོའི་རྡུལ་གྱི་མི་མཇེད་ཞིང་ཁམས་སུ༔ ངོ་མཚར་རྨད་བྱུང་ སྨོན་ལམ་ལྔ་བརྒྱ་གཏབ༔ སྙིང་སྟོབས་ཆེན་པོས་ཚོགས་གཉིས་སྒྲིབ་པ་སྦྱོང་༔ རྩོད་ལྡན་ ཞིང་བཟུང་པད་དཀར་ལྟར་སྔགས་པའི༔ འདྲེན་པ་མཚན་ཐོས་ཕྱིར་མི་ལྡོག་པ་དེས༔ ལྷ་ཡུལ་ཏོག་དཀར་རྒྱལ་ཚབ་བྱམས་པར་གསོལ༔ ང་འོག་ཁྱེད་ཉིད་སངས་རྒྱས་འགྱུར་རོ་ གསུངས༔ ས་གའི་ཡར་ཚེས་ཐལ་དཀར་མཆེ་དྲུག་སྤྲུལ༔ གསོ་སྦྱོང་ལ་གནས་ལྷ་མོའི་ ལྷུམས་སུ་བཞུགས༔ བཀྲ་ཤིས་ལུམ་བིའི་ཚལ་འཁྲུངས་ས་ཆེན་སྟེང་༔ གོམ་པ་བདུན་བོར་ འཇིག་རྟེན་མཆོག་ང་གསུངས༔ ལང་ཚོའི་ཚད་རྫོགས་བཙུན་མོ་ཁབ་ཏུ་བཞེས༔ གྲོང་ ཁྱེར་སེར་སྐྱའི་ཤཀྱའི་རྒྱལ་སྲིད་བཟུང་༔ རྒྱུ་རྩལ་བློ་རིག་ཟླ་མེད་སྟོབས་དང་ལྡན༔ མི་ཡི་ སེང་གེ་ལྷ་ཡི་ལྷ་ཞེས་གྲགས༔ ཕོ་བྲང་རྩེར་གཟིགས་དགའ་ན་མཆི་བ་དང༔ དགེ་སྦྱོང་ གཟུགས་མཐོང་འཁོར་བར་ཡིད་སྐྱོ་ནས༔ ཁྱིམ་ནས་བྱུང་སྟེ་མཁར་གཤེགས་ཆིབས་ཁ་ བསྒྱུར༔ རྣམ་དག་མཆོད་རྟེན་དྲུང་དུ་དབུ་སྐྲ་གསིལ༔ ནེ་ར་ཛྙ་ནར་ལོ་དྲུག་ཏིང་འཛིན་ བསྒོམས༔ དཀའ་ཐུབ་མཐར་ཕྱིན་འོ་མའི་བསྙེན་བཀུར་མཐུས༔ གསེར་མདོག་ལང་ཚོ་ དལ་བབ་མཚན་བཟང་མངོན༔ བྱང་ཆུབ་ཤིང་དྲུང་རྩྭ་གདན་སྐྱིལ་ཀྲུང་བཅས༔ མི་གཡོ་ དམ་བཅའ་རྟན་པོར་མངོན་སངས་རྒྱས༔ རྒྱལ་པོའི་ཁབ་དང་གྲོང་ཁྱེར་ཡངས་པ་ཅན༔ གླང་སྨྱོན་བཏུལ་ནས་སྤྲེའུས་སྦྲང་རྩི་ཕུལ༔ མ་ག་དྷ་རུ་ཐུབ་པ་མངོན་བྱང་ཆུབ༔ ཆོས་1 བསྟན་མ་གོ་སྐྱོ་བའི་ཚུལ་མཛད་ཚེ༔ ཚངས་པ་བརྒྱ་བྱིན་གསེར་འཁོར་ཆོས་དུང་ཕུལ༔ ཝ་ ར་ཎ་སིར་ཆོས་ཀྱི་འཁོར་ལོ་བསྐོར༔ ཛེ་ཏའི་ཚལ་དུ་ཆོ་འཕྲུལ་བདུད་བཅོམ་ནས༔ དངོས་ དང་དངོས་མེད་འགྲོ་བ་མཐའ་དག་ལ༔ ཆོས་ཀྱི་འཁོར་ལོ་རྣམ་པ་བཞི་རུ་བསྐོར༔ ས་གའི་ ཉ་ལ་རྩྭ་མཆོག་དྲུང་དུ་བྱོན༔ རྟག་འཛིན་བྱིས་བློ་མ་རིག་ལས་སློང་ཕྱིར༔ ང་ནི་འདི་ནས་མྱ་ ངན་འདའ་འོ་གསུངས༔ ཀུན་དགའ་བོ་སོགས་མྱ་ངན་མ་མཛད་ཅིག༔ ལྷོ་ནུབ་མདང་ལྡན་ གཡུ་མདོག་མཚོ་དབུས་སུ༔ རྫུས་སྐྱེས་ང་སྤྲུལ་ང་ལས་ལྷག་པ་འཁྲུངས༔ ཨོ་རྒྱན་མ་ལ་ཡ་ དང་གནམ་ལྕགས་རྩེར༔ གསང་སྔགས་བསྟན་པ་མཁའ་ལ་ཉི་བཞིན་གསལ༔ ང་ཡི་བསྟན་ པ་བྱང་ནས་བྱང་དུ་དར༔ ཞེས་གསུངས་ལུང་བསྟན་ཞི་བའི་དབྱིངས་སུ་གཟིམས༔ བསོད་ ནམ་ཞིང་དུ་མཆོད་རྟེན་རིང་བསྲེལ་བཞག༔ དེ་ཚེ་ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ཀྱིས༔ འགྲོ་འདུལ་གཟིགས་སྟངས་རྣམ་པ་གསུམ་ ལ་གཟིགས༔ བཞུགས་སྟངས་སྐུ་ལས་སྤྲུལ་བ་རྣམ་གསུམ་འབྱེད༔ ཕྱག་གཡས་འོད་ཟེར་ སྤྱན་གཟིགས་གཡོན་སྒྲོལ་མ༔…
ཡེ་ཤུའི་ཆོས་སྤེལ་བ་སྨན་བླ་སྐྱབས་དང་སེང་རྡོར།དེང་སྐབས་བོད་ནང་གི་ཡེ་ཤུའི་ཆོས་སྤེལ་བའི་སྐོར་གླེང་དགོས་ན། ཨ་མདོའི་རྩེད་མཚར་བཤད་མཁན་ལས་བྱེད་པ་སྨན་བླ་སྐྱབས་དང། སེང་རྡོར་དྲ་ཚིགས་ཀྱི་བདག་པོ་སེང་རྡོར་གཉིས་ཀྱི་སྐོར་མི་བཤད་ཐབས་མེད་རེད། རྒྱུ་མཚན་ཅི་ཡིན་ཟེར་ན། གཅིག་ནི། སྨན་བླ་སྐྱབས་དང། སེང་རྡོར་གཉིས་ཀ་བརྙན་འཕྲིན་དང། གློག་བརྙན། དྲ་རྒྱ་དང། དེ་བཞིན་དཔེ་དེབ་སོགས་སུ་མཐོང་རྒྱུ་མང་པོ་འདུག་པས། ཁོ་གཉིས་བོད་མི་མང་པོ་ཞིག་གིས་ཤེས་བ་དང། དེ་བས་དོ་སྣང་བྱེད་དགོས་བའི་ཆགས་པའི་མི་གཉིས་རེད། སྤྱིར་བཏང་མི་འདི་གཉིས་ཀྱི་སྙན་གྲགས་དང་གོ་གནས༼སེང་རྡོར་ལ་གོ་གནས་མི་འདུག༽་ཀྱང། སྔོན་གྱི་མཁས་བ་དག་གི་འགྲོ་ལུགས་དང། ཡང་ན་ནུབ་ཀྱི་སྲོལ་ལུགས་ལྟར། ངེས་པ་དོན་གྱིས་སློབ་གཉེར་དང།དཀའ་སྤྱད་ཀྱི་ལས་ཀ་བྱས་པ་དེ་འདྲ་མ་ཡིན་པར། གཙོ་བོ་སྲིད་གཞུང་དང། དེང་རབས་ཀྱི་འཕྲུལ་ཆས་ཀྱི་རམ་འདེགས། གློག་ལྟར་འགྱུར་བཞིན་པའི་ཆབ་སྲིད་ཀྱི་གར་སྟེགས། གློག་ཀླད་ཀྱི་འཕྲོད་སྤྱོར་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད། དོན་གྱིས་འཕྲུལ་རིགས་ཀྱིས་མི་རིགས་ལ་བཟོས་བའི་ཤུགས་རྐྱེན་དང། ཆབ་སྲིད་ལས་འཕྲོས་བའི་དཔའ་བོ་དང། མཁས་བ་བཟོ་སྟངས་དང། མི་གྲགས་ཅན་བཟོ་སྟངས་ཀྱིས་ནུབ་ཀྱི་མིའི་རིགས་རིག་པའི་དཔྱད་ཚུལ་ལྟར། དཔྱད་པར་བྱ་བ་མང་དུ་འདུག་མོད། འདི་རུ་ཁོ་གཉིས་དཔེར་མཚོན་ཞིག་ལ་བཞག་ནས། བོད་ནང་གི་ཡེ་ཤུའི་ཆོས་སྤེལ་བ་དང། ཁོང་གཉིས་ཀྱིས་དེའི་ཐད་ལ་བཏང་བའི་བྱེད་ནུས་སོགས་ཀྱི་ཐད་ལ་གཏམ་འགའ་གླེང་རྒྱུ་དེ་ཡིན། དེ་ཡང་ཕྱོགས་གཅིག་ནས་བཤད་ན། བོད་ཀྱི་རྙིང་གཏོར་གསར་བརྗེ་བ་དག་གིས་དུས་རྒྱུན་བཤད་བཞིན་པའི་༼ཤུགས་རྐྱེན༽ཟེར་པ་དེའི་སྐོར་ཡིན། ཤུགས་རྐྱེན་ཟེར་པ་འདི་གླེང་དུས། དམག་དོན། ཆབ་སྲིད། ཆོས་ལུགས་དང་གྲུབ་མཐའ་སྣ་ཚོགས་མང་པོ་ཞིག་སྐོར་ནས་གླེང་དགོས་བ་ཞིག་རེད། འདི་རུ་གཙོ་བོ། ཁོ་གཉིས་ཀྱིས་མི་སོ་སོའི་འདུན་མོས་དང། ལོངས་སྤྱོད་སོགས་ཕར་བཞག་ནས། ཁོ་གཉིས་ཀྱིས་ཡེ་ཤུའི་ཆོས་སྤེལ་བ་ཚོ་ལ་ཞབས་འདེགས་ཇི་ལྟར་བྱས་བ་དང། དེ་ལས་བྱུང་བའི་བོད་མི་རིགས་དང། ཆབ་སྲིད། རིག་གཞུང་བཅས་ལ་འཇོག་སྲིད་པའི་ཤུགས་རྐྱེན་དེ་ཡིན། ༼པར་འདི་དྲ་ཐོག་ནས་བླངས་པ་ཡིན།༽ ཨ་མདོའི་མི་ཞིག་ཡིན་ན། སྨན་བླ་སྐྱབས་མི་ཤེས་པ་མེད་པ་ལྟ་བུ་རེད།ང་ཡང་ཆུང་དུས་ཐེངས་གཅིག་ཁོ་ལ་འཕྲད་མྱོང། དེ་ཡང་ཕལ་ཆེར་ལོ་ཉི་ཤུ་ཙམ་གྱི་གོང་རེད། དེ་དུས་ཁོ་རང་མོས་སྙན་ངག་ཟེར་པ། དོན་གྱིས་རིག་གནས་གསར་བརྗེའི་ཆེན་མོ་ལྷག་མའི་སྐད་འབོད་ལས་བྱུང་བའི་སྙན་ངག་འབྲི་བའི་སྐབས་རེད། དེའི་རྗེས་ཁོ་ཨ་རི་ལ་༼བོད་ཀྱི་སྒྱུ་རྩལ་པ་ཞིག་༽གིས་མིང་ཐོགས་ནས་གདན་འདྲེན་བྱས་དུས། ཕྲན་ནས་ཁོའི་སྐད་གྲགས་ཅན་གྱི་ཁ་འཚར་༼གེ་སར་རྟ་རྫི༽ཟེར་པ་དེ་དབྱིན་བསྒྱུར་བྱས་ནས། དེའི་སྐབས་ཕྱི་གླིང་པའི་ཁྲོད་དུ་སྐད་གྲགས་ཅུང་ཟད་བྱུང་པ་མ་ཟད། རྗེས་སུ་བོད་ཕྱི་ནང་གཉིས་སུ་དབྱིན་མ་གང་དུ་བཀྲམས་ཡོད་པ་དེ་བཞིན་རེད། དེ་མིན་སོ་སོའི་ངོས་ནས་ཁོ་ངོ་མི་ཤེས་ལ། ལྟ་བའི་ཐོག་ནས་ཀྱང་གསལ་ཆ་ཆེན་པོ་མེད། སྤྱིར་བཏང་ཁོ་རང་ནི་སྲིད་གཞུང་གིས་སྒྲུབ་པའི་གར་སྟེགས་སྟེང། ཁ་མཚར་བཤད་མཁས་བ་ལས། ཕྱི་ནང་གི་རིག་གཞུང་སོགས་ལ་སློབ་གཉེར་དེ་འདྲ་ཆེན་པོ་མེད་པ་འདྲ། ཡིནའང་ཧ་ལས་པའི་རྙིང་གཏོར་གསར་བརྗེ་བ་ཞིག་ཡིན་པ་མ་ཟད། ཁ་ཁོག་མེད་པར་བོད་ཀྱི་ཤེས་རིག་ལ་སྡང་མཁན་ཞིག་རེད། དེའི་སྔོན་ཞིག་ལ་བོད་ཀྱི་གླུ་གཞས་ནི་ཆོས་པ་ཚོས་འཕྲོག་ནས། བླ་མ་དང་དགེ་བཤེས་སོགས་ལ་བསྟོད་གླུ་འགའ་ཤས་ཀྱིས་བཀང་འདུག་ཅེས་ཟིན་ཐོ་ཞིག་ཀྱང་སྤེལ་འདུག། སེང་རྡོར་གྱི་སྐོར་བཤད་ན། ང་ཁོ་ལ་འཕྲད་མྱོང་མེད། ཡིནའང་སེང་རྡོར་དྲ་ཚུགས་ལ་མང་པོ་འགྲོ་མྱོང་བ་མ་ཟད། སྐབས་རེ་ཟིན་ཐོ་འགོད་པ་དང། མཆན་ཀྱང་མང་པོ་སྤེལ་མྱོང་། ཁོས་སྒྲུབ་པའི་དྲ་ཚུགས་༼ད་ལྟ་སྒོ་རྒྱབ་ཟིན༽་ཆ་ནས་དྲ་ཚུགས་གཞན་དང། ཁྱད་པར་ཏུ་ཕྱི་རྒྱལ་དུ་ཡོད་པའི་ཁ་བརྡ་དྲ་བ་སོགས་ལས་ཡག་ཤོས་སུ་མཐོང། ཅི་ཡིན་ཞེ་ན་ཁོས་ལྟ་ཚུལ་འཐད་མིན་ལ་མ་ལྟོས་བར། ཟིན་ཐོ་མང་པོ་ཞིག་འགོད་ཅི་ཐུབ་བྱེད་བཞིན་འདུག་པས། ཁོ་ལ་དགའ་གུས་བསྔགས་བརྗོད་ཀྱང་བྱས་མྱོང། ཁོང་གིས་ཁོས་བྲིས་བའི་དེབ་འགའ་ཤས་ལ་ཡོད་པ་དེ་དག་ལ་ཟུར་བལྟ་བྱས་མྱོང་མོད། རིག་གཞུང་གི་ཐད་ནས་ལེན་པ་དང། དོ་སྣང་བྱེད་དགོས་བ་ཅི་ཡང་མི་འདུག། ཡིནའང་ལོ་རྒྱུས་གནད་འགག་ཅན་འདི་འདྲའི་སྐབས་སུ། བོད་ཡིག་གི་ཐོག་ནས་དཔེ་དེབ་ཅིག་བྲིས་བ་དེ་ཙམ་ཡང་ཡག་པོར་མཐོང་ནས་དམིགས་གསལ་གྱི་སྐད་ཆ་བཤད་པ་ཅི་ཡང་མེད། ལྷག་པར་ཏུ་སློབ་གཉེར་སོགས་སྔོན་གྱི་ལུགས་སྲོལ་བཞིན་བྱས་ཡོད་པ་ཐོས་མྱོང་ཡོད་པས། སྐབས་རེ་ཡག་པོ་འདུག་བསམ་མྱོང། དེ་ནས་ལོ་འདི་དག་གི་རིང་ལ་མི་འདི་གཉིས་ཀྱི་སྐོར་ལ་སྐད་ཆ་གོ་རྒྱུ་མང་པོ་འདུག་པ་མ་ཟད། ཡེ་ཤུའི་ཆོས་ཚོགས་སུ་ཞུགས་ཡོད་ཚུལ་དང། ཡེ་ཤུའི་ཆོས་པ་ཡིན་ཚུལ་སོགས་ཀྱང་སྐད་ཆ་མང་པོ་གོ་མྱོང། སྔོན་ཆད་སྐད་ཆ་དེ་དག་ལ་དོ་སྣང་ཅི་ཡང་བྱས་མེད། རྒྱུ་མཚན་ནི། དེ་ནི་མི་སྒེར་གྱི་དད་མོས་དང། འདུ་ཤེས། སེམས་ཀྱི་འཁྱེར་ཚུལ་ཞིག་དང། ཁོ་ཚོའི་རང་གི་དད་མོས་སོགས་ཅི་ཡིན་ཀྱང་ང་ལ་ཁྱད་པར་སྤུ་ཙམ་ཀྱང་མེད་བསམ་ནས། སྐད་ཆ་གཅིག་ཀྱང་བཤད་མེད། ང་ནི་བོད་ཀྱི་ནང་ཆོས་སྤྱངས་ནས་ལས་རྒྱུ་འབྲས་ལ་ཡིད་ཆེས་ཡོད་པ་ཞིག་དང། ནུབ་ཀྱི་དམངས་གཙོའི་རིང་ལུགས་སྤྱངས་བ་གང་ཟད་ཡོད་པའི་མི་ཞིག་ཡིན་པས། མི་སོ་སོས་རང་དབང་ལ་མཐའ་གཅིག་ཏུ་བརྩི་མཁན་ཞིག་ཡིན། ཡིན་ནའང་ཉེ་ལམ་ཞིག་ལ། མི་འདི་གཉིས་གཙོ་བྱས་བའི་ཟི་ལིང་གི་མི་ཁ་ཅིག་གིས་སོ་སོའི་སྒེར་གྱི་དད་མོས་དང། འདུ་ཤེས། སེམས་ཀྱི་འཁྱེར་སྟངས་ལས་ཕར་བརྒལ་ནས།…
༄༅། །ཉག་བླ་པདྨ་བདུད་འདུལ་གྱི་གདུང་ཁང་སྐོར་མཐོང་ཐོས། ༒ འདི་ནི་ཧ་ཅང་ངོ་མཚར་བ་ཞིག་རེད། རྫུན་ཚིག་དང་གང་ཟག་རེ་འགའ་ཞིག་གིས་དག་པའི་སྣང་བ་བཤད་པ་ཙམ་གཏན་ནས་མ་ཡིན་པར། འགྲོ་བ་ནད་ཀྱིས་མནར་བ་ཁྲི་སྟོང་མང་པོར་མཐོང་ཆོས་མངོན་གྱུར་དང་མིག་མཐོང་ལག་ཟིན་དུ་འབྱུང་བཞིན་ཡོད་པ་ཞིག་རེད། ནད་དང་རྐྱེན་ངན་མི་འདོད་པའི་སྡུག་བསྔལ་སྣ་ཚོགས་ལས་གྲོལ་བའི་ཐབས་ལེགས་སྐྱེས་དཔེ་མེད་པ་ཞིག་རེད་ཟེར་ཀྱང་མི་ཆོག་པ་མི་འདུག་སྙམ། དེ་ནི་ཁམས་དཀར་མཛེས་ཁུལ། དཔལ་ཡུལ་རྫོང་། ཁྲོམ་ཐར་ཆུས།ཨ་འཛི་ཡུལ་ཚོ། སྙིང་ཁོག་ལུང་པ་ན། རབ་བྱུང་བཅུ་བཞི་པ་མེ་ཕོ་བྱི་ལོར་བྱོན་པའི་ཉག་བླ་པདྨ་བདུད་འདུལ་ཟེར་བ་ཁོང་སྐུ་འཇའ་ལུས་སུ་དེངས་ནས་སྐྲ་སེན་ཤུལ་དུ་བཞག་པའི་ནང་རྟེན་ཅན་གྱི་གདུང་ཁོང་ངོ་མཚར་ཅན་ཉིན་མོ་མི་བསྐོར་བ་དང་མཚན་མོ་ལྷ་འདྲེས་བསྐོར་བའི་མཆོད་རྟེན་ཞིག་འདུག །དམ་པ་ཁོང་ནི་སངས་རྒྱས་སྟོང་གི་ཐུགས་སྤྲུལ། སྤྱན་གཟིགས་སྣང་མཐའི་གསུང་སྤྲུལ། ཨོ་རྒྱན་པདྨའི་སྐུ་སྤྲུལ་འཁྲུལ་མེད་ཅིག་ཡིན་པར་ཁུང་ལུང་ཚད་ལྡན་མང་པོ་ཀུན་གྱི་བརྗོད་བཞིན་འདུག་ཀྱང་། ཁོང་གི་རྣམ་ཐར་སོགས་ལས་སྐུ་ཆུང་ངུ་བྱིས་པའི་དུས་ནས་བཟུང་རྫུ་འཕྲུལ་དང་མངོན་ཤེས་བྱམས་སྙིང་རྗེ་སོགས་ཡོན་ཏན་བརྗོད་མི་ཤེས་པ་དག་ལས་ར་སྤྲོད་བྱས་འདུག ཁོང་འཇའ་ལུས་སུ་དེངས་པའི་ས་རུ་སློབ་བུ་དག་གིས་གདུལ་བྱ་སེམས་ཅན་གྱི་ཆེད་དུ་དབུ་སྐྲ་ཕྱག་ཞབས་ཀྱི་སེན་མོ་དང་ཆོས་གོས་སོགས་དམ་པ་ཁོང་གི་ཅ་ལག་ཀྱི་ནང་རྟེན་བྱས་པའི་གདུང་ཁང་མཆོད་རྟེན་ཞིག་རེད། རྟེན་འདི་དཀར་ཕྱོགས་སྐྱོང་བའི་ལྷ་དང་སྲུང་མ་སོགས་ཀྱིས་གཡེལ་བ་མེད་པར་བསྲུང་ཡོད་ཚུལ། སྔོན་ཆད་ཇག་རྒྱག་མཁན་ཕྱག་ཕྲེང་ཞེས་པ་དང་རིག་གསར་སྐབས་སོགས་སུ་མ་རུང་བའི་གང་ཟག་འགའ་ཞིག་གིས་རྟེན་འདི་རློག་པར་བརྩམ་ཚེ་རྟགས་ཁྱད་པར་ཅན་མང་དུ་བསྟན་པའི་སུས་ཀྱང་གནོད་སྐྱོན་སྤུ་ཙམ་བྱེད་མ་ཐུབ་པའི་ལོ་རྒྱས་གསོན་པོ་འདུག་ལ། ས་གནས་དེ་གར་གནས་པའི་རྒན་པོ་དག་གིས་ཀྱང་ངོ་མཚར་བ་མང་པོ་མིག་མཐོང་ལག་ཟིན་བཤད་རྒྱུ་འདུག ད་སྐབས་ཡང་ཉིན་མོ་མིས་བསྐོར་བ་དང་། མཚན་མོ་མི་མིན་དག་གིས་བསྐོར་བཞིན་ཡོད་པ་མཐོང་ཐོས་ཅན་མང་པོ་བཤད་རྒྱུ་འདུག ལྷག་པར་དུ་ཨ་འཛི་རྒད་ཕོ་ཞིག་གིས་མཚན་མོ་སྐོར་བ་བྱེད་སྐབས་རྗེས་མི་ཟིན་པའི་བསྐོར་བ་བྱེད་མཁན་ཞིག་ཡོད་པའི་ཁོས་ལྷམ་སྒྲོག་བཅིང་མདོག་བྱས་ཏེ་སྒུག་བསྡད་སྐབས་མི་ནག་པོ་ལུས་ཆེ་བ་ཡ་མཚན་པ་ཞིག་ལ་ཐུག་སྟེ་ཤིན་ཏུ་སྐྲག་ནས་ཁྱོད་སུ་ཡིན་གང་ནས་འོང་སོགས་དྲིས་སྐབས། ཁོ་རྡོ་རྗེ་གདན་ནས་འོང་བ་ཡིན་མིང་ལ་རྨ་གཡུ་འབྲུག་ལྕགས་རྩེ་ཟེར། ངའི་ལུས་འདི་ལས་འཕོ་བ་ལས་ཐབས་མེད་ཀྱི་ནད་ཞིག་གིས་ཐེབས་སྟེ་འཛམ་གླིང་གི་གནས་དག་ལ་བསྐོར་བ་ཕྱིན་ཀྱང་ཕན་ཆེར་མ་བྱུང་། དེ་ནས་རྡོ་རྗེ་གདན་ནས་མི་མིན་དག་གིས་བོད་ཡུལ་ན་འཇའ་ལུས་པའི་གདུང་ཁང་ངོ་མཚར་བ་ཞིག་འདུག་ཟེར་ནས་འོང་བ་ཡིན། འདིར་བསྐོར་བ་བྱས་ནས་ཞག་འགའ་ཡིན་ད་ནི་ནད་ལས་གྲོལ་སོང་། ང་དང་འཕྲད་པ་གཞན་ལ་མ་བཤད་བཤད་ན་ཆག་སྒོ་ཡོང་ཟེར་ནས་ནམ་ལངས་ཁར་རླུང་འཚུབ་ཞིག་དང་ལྷན་དུ་མེད་སོང་ཟེར། འདི་ལྟ་བུའི་རྟེན་ཁྱད་འཕགས་དེ་ལ་ཕྱག་བསྐོར་བྱས་པའི་ཕན་ཡོན་མདོར་བསྡུས་ཞིག་བདག་གིས་གཞན་ལས་བཏུས་པ་ནི། དམ་པ་ཁོང་གཤེགས་ནས་བགྲང་བྱ་དྲུག་ཅུ་བརྒལ་སྐབས་སྤྲུལ་འཇིགས་མེད་འོད་ཟེར་ལ་བད་ཀན་གྲེ་བའི་ནད་བྱུང་དེ་བསྐོར་བ་བྱེད་སྐབས་ཐོ་རངས་གི་ཆ་ལ་ལྷོ་ཕྱོགས་འཇའ་འོད་ཀྱི་དཀྱིལ་དུ་སེང་གེ་དཀར་མོའི་སྟེང་རིན་ཆེན་སྣ་ལྔའི་ཁྲིའི་སྟེང་ན་རས་པ་ལྕང་ལོ་གོས་དཀར་པོ་ཕྱག་གཉིས་ཤེལ་བུམ་རྡོར་དྲིལ་ཅན་དང་བུད་མེད་དཀར་གསར་མདངས་ཅན་ཕྱག་གཉིས་ཌཱ་དྲིལ་ཅན་གྱི་ཞལ་གཟིགས་ནས། ༧ སྙིང་ནང་དཔལ་གྱི་རི་བོ་དེཿརྔ་ཡབ་དཔལ་རི་དངོས་དང་མཉམཿ མིག་གི་མཐོང་དང་རྣ་བས་ཐོསཿ གང་ཞིག་ངན་སོང་གནས་ལས་ཐརཿ གང་འདོད་བདེ་ཆེན་ཞིང་སོགས་བགྲོདཿ ང་ཡི་པུར་ཁང་མཆོད་རྟེན་ལཿ ཕྱག་སྐོར་བརྒྱ་རྩ་རེ་རེ་ལཿ སངས་རྒྱས་སྟོང་གི་གཟུགས་བརྙན་བཞེངསཿ སིདྡྷི་འབུམ་ཐེར་བཅུ་གསུམ་དངཿ ཚེ་ཐར་དུང་ཕྱིར་ཕན་ཡོན་ཡོདཿ མི་རྟ་བཅུ་གསུམ་བསད་སྒྲིབ་འདགཿ ཕྱག་སྐོར་སྟོང་ལ་དེ་བདུན་འགྱུརཿ སྟེང་དུ་ཡིག་བརྒྱ་མ་ཎི་གཉིསཿ དུང་ཕྱུར་བཅུ་གསུམ་ཕན་ཡོན་ཐོབཿ ཕྱག་སྐོར་ཁྲི་ལ་དེ་བཅུ་འགྱུརཿ སྟེང་དུ་ཡིག་བརྒྱ་མ་ཎི་དངཿཆོས་ཆེན་ཚར་བཅུའི་ཕན་ཡོན་ཐོབཿ ཚེ་རབས་བདུན་གྱི་སྡིག་སྒྲིབ་འདགཿ ཕྱག་སྐོར་འབུམ་ལ་དེ་གསུམ་གྱིཿ ཕན་ཡོན་དེ་གསུམ་བརྒྱ་འགྱུར་ཐོབཿ ཚེ་རབས་བསགས་པའི་སྡིག་ལྟུང་བྱངཿ འཕོ་མེད་འཇའ་ལུས་འོད་སྐུར་གྲོལཿ རྡོ་རྗེ་འཆང་གི་ས་ལ་སྐྱེལཿ ༼ ཞེས་སོགས་གསུངས་འདུག ཁྱད་པར་དུ་བད་ཀན་ཕོ་ཐོག་གྲེ་ཐོག གྲིབ་ནད། མཁྲིས་ནད། སྙིང་ནད། མགོ་ནད། སྨྱོ་ནད། དུས་ཀྱི་ནད་རིགས་སོགས་ཀྱིས་མཚོན་ནད་རིགས་བཞི་བརྒྱ་རྩ་བཞི་དང་། བགེགས་རྐྱེན་ངན་པ་སོགས་ལས་མི་གྲོལ་བ་མི་འདུག་ཅེས་གནས་དེས་བདག་པོ་ཚོས་ཡང་ཡང་བཤད་པ་དང་དངོས་སུ་མཐོང་བ་བགྲང་ལས་འདས་ཟེར། ཁྱད་པར་དུ་ཕོ་ཁའི་ནད་ལ་དམ་པ་ཁོང་གི་སྨོན་ལམ་ཀྱིས་ཐེབས་ཡོད་པའི་མིད་པར་ཆུ་ཡང་མི་འགྲོ་བ་འཆི་བར་ཐག་བཅད་པ་མང་པོ་ཞིག་ནད་སང་དྲགས་སུ་སོང་བ་མང་པོ་འདུག རང་ལ་ཡང་བད་ཀན་གྱི་ནད་ཕོག་སྟེ་རྒྱ་ནག་སྨན་ཁང་ལས་ཟླ་བ་དྲུག་ཙམ་བསྟན་ཡང་ཕན་པ་མ་བྱུང་བར་མ་ཟད་ཉེན་ཁ་ལ་ཕྱོགས་ཚེ་བློ་ཐག་རྦད་ཆོད་ཀྱིས་གདུང་ཁང་དེར་བསྐོར་ཚད་འགའ་བསགས་ཏེ་ནད་ལས་དྭངས་བྱུང་། རང་གི་དངོས་སུ་མཐོང་བའི་ནད་པ་གྲིབ་ནད་ཅན། ཕོ་ཐོག་ནད་པ། མཆིན་ནད་ལྡེམ་བུ། སྙིང་ནད་པ། ཁྲག་ནད་ཚབས་ཆེན་ཅན། མིག་ནད་ཅན་སོགས་རྒྱ་ནག་པེ་ཅིན་ཧྲང་ཧེ་ཕྱི་གླིང་སོགས་ལས་སྨན་པའི་བཅོས་མ་ཐུབ་པ་མང་པོ་ཞིག་ནད་ལས་དྭངས་བཞིན་པ་དངོས་སུ་མཐོང་བྱུང་། དུས་ཀྱི་མཐར་ནད་རིགས་སྣ་ཚོགས་ཀྱི་མི་བཅུ་ལས་དགུ་ནད་པ་ཡིན་སྐབས་འགྲོ་དོན་དུས་ལ་བབས་པ་ཡིན་གསུང་པ་ད་སྐབས་དུས་ཐོག་དུ་ཁེལ་འདུག་ཟེར་གྱིན་འདུག ༼འདི་ལྟ་བུའི་རྟེན་ཁྱད་དུ་འཕགས་པ་བྱིན་རླབས་ཅན་ཞིག་འཛམ་བུ་གླིང་ན་དཀོན་འདུག་ཟེར་བཞིན་སྐོར་བ་བྱེད་མཁན་རྒྱ་བོད་ཕྱི་གླིང་བ་སོགས་མང་པོ་འདུག ཁྱད་པར་ནད་པ་ཚོས་ནད་ཞི་བའི་ཕྱིར་དང་ནད་མེད་ཚོས་སྒྲིབ་སྦྱོང་གི་ཆེད་བསྐོར་བ་བྱས་ཚེ་རྨི་ལམ་དང་སྣང་ཉམས་སོགས་ལ་སྒྲིབ་པ་བྱང་བ་དང་ནད་ལས་གྲོལ་བའི་རྟགས་མེད་མི་སྲིད་པར་འདུག ༒ རྟེན་འདི་ལ་ཕྱག་སྐོར་ལ་འགྲོ་ན། ཁམས་དཀར་མཛེས་རྫོང་甘孜县ནས་མཁན་པོ་ཨ་ཁྱུག་གི་ཆོས་སྒར་ཡ་ཆེན་ལ་ཕེབས་དང་དེ་ནས་ཕར་འགྲོ་མཁན་མང་པོ་འདུག ཐག་ཉེ་བར་འདུག དེར་འགྲོ་ན་ཆ་རྐྱེན་ནི་རང་ཉིད་འདུག་ས་གུར་དང་ཐབ་ཆས་བཟའ་བ་སོགས་ཁུར་དགོས་འདུག གནས་དེ་ན་སྐོར་བ་བྱེད་མཁན་འདུག་ས་རིན་མི་དགོས་པའི་ཁང་པ་འགའ་ཡོད་ཀྱང་། བསྐོར་བ་བྱེད་མཁན་མི་མང་ཆེ་བའི་ཐོབ་དཀའ་བར་འདུག ཆུ་ཚོད་གཅིག་ལ་མི་དར་མ་ཞིག་གིས་སྐོར་བ་ ༡༠༠ ཙམ་ཐུབ་འདུག སྐོར་ཚད་༥༥༥༥ རེད་ཟེར་ཡང་གོང་དུ་བཤད་པའི་སྐོར་བའི་འགྱུར་ཚད་དང་ཕན་ཡོན་ལ་གཟིགས་ཏེ་བསྐོར་ན་ལེགས་སྙམ། ༧ བསྐལ་བཟང་སངས་རྒྱས་སྟོང་གི་ངོ་བོ་ཉིདཿ ལྷང་བྲག་གྲུབ་ཆེན་ཞབས་ལ་གསོལ་བ་འདེབསཿ འདི་ཕྱི་བར་དོ་གསུམ་དུ་ཐུགས་རྗེས་ཟུངསཿ ཐར་བའི་ལམ་སྣ་ཟིན་པར་བྱིན་གྱིས་རློབསཿགླག་ཕུར་ཚ་དཀོན་མཆོག་ནས།
ཨེ་ཝཾ་བཀྲ་ཤིས་བདེ་ལེགས།ན་མོ་གུ་རུ་མངྒ་ལཾ་གུཧྱེ་སུ་ཁ་ཡེ།།ཀ་དག་བདེན་པའི་ཆོས་དབྱིངས་དགོངས་པ་བཀྲ།།ལྷུན་གྲུབ་ཡེ་ཤེས་འོད་གསལ་ཀུན་ཏུ་ཤིས།།ཨེ་ཝཾ་ཕན་བདེའི་ལང་ཚོ་རྟག་ཏུ་བདེ།།བསྟན་འགྲོའི་དཔག་བསམ་ལྗོན་བཟང་ཤིན་ཏུ་ལེགས།།༡༽ཀུན་བཟང་རྒྱལ་བའི་གཞལ་མེད་ཁང་ཆེན་རྩེར།།ཨེ་ཝཾ་རྫོགས་པ་ཆེན་པོའི་བསྟན་པ་གང་།།མི་ནུབ་སྒྱུ་འཕྲུལ་བཀོད་པ་དགུང་དང་མཉམ།།ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེངས།།༢༽རབ་འབྱམས་ཤེས་བྱ་རྒྱ་མཚོའི་མཇིངས་ཟབ་གཏིང་།།ཨེ་ཝཾ་གསེར་མིག་འཇའ་རིས་ཟློས་གར་འཁྱུགས།།ཚོས་ཚན་རིག་པའི་གསེར་གཤོག་གཏིང་མཐའ་བརྒལ།།འཁོར་འདས་ཀུན་བཟང་གསེར་ཉ་རིན་ཆེན་རྒྱལ།།༣༽ནོར་འཛིན་བསོད་ནམས་གཏེར་གྱི་མངལ་རྒྱ་སྦྲུམ།།ཨེ་ཝཾ་རིན་ཆེན་ནོར་གྱི་བང་མཛོད་གཏམས།།སྣང་སྲིད་སྣོད་བཅུད་རྒུད་པ་ངང་གིས་སེལ།།གང་བསམ་ལྷུན་གྲུབ་འདོད་འབྱུང་བུམ་བཟང་མངོན།།༤༽སྲིད་ཞིའི་ཕུན་ཚོགས་བདེ་ཆེན་རྫིང་བུ་འཁྱིལ།།ཨེ་ཝཾ་མཛེས་སྡུག་འདབ་སྟོང་རྣམ་པར་བཞད།།བརྩེ་དུང་མཛའ་དགུས་ར་ཡིག་གཉིས་པ་འཁོར།།དྲི་མེད་ལྷག་བསམ་པདྨ་དཀར་པོ་བཀྲ།།༥༽དགེ་ལེགས་དགའ་བོའི་གཡས་འཁྱིལ་རི་མོ་མཛེས།།ཨེ་ཝཾ་སྙན་གྲགས་ཚངས་དབྱངས་ཆོས་སྒྲ་ལྡིར།།མ་རིག་རྨོངས་ཚོགས་གཉིད་ཀྱི་བྱིང་བ་དཀྲོགས།།རྨད་བྱུང་ཐོས་གྲོལ་ཆོས་དུང་དཀར་པོས་ཤིས།།༦༽ཐུབ་བསྟན་བཤད་སྒྲུབ་ཉམས་རྟོགས་ཉི་ཟླའི་འོད།།ཨེ་ཝཾ་འཕྲོ་འདུའི་ཕྲིན་ལས་གཡུང་དྲུང་འཁྱིལ།།ཆོས་དཔལ་རིག་པའི་གཟི་འོད་འབུར་དུ་ཐོན།།ཅི་དགར་དཔལ་གྱི་བེའུའི་ལོངས་སྤྱོད་བདེ།།༧༽འཇིག་རྟེན་ཞི་བསིལ་དགའ་བདེའི་ཚེ་བསོད་དཔལ།།ཨེ་ཝཾ་དབང་ཐང་གནམ་ས་བར་སྣང་གང་།།ཀུན་བཟང་དར་དཔྱངས་སྣ་ལྔས་འགྲོ་ཀུན་བཅིངས།།ཕན་བདེའི་ཞི་བསིལ་གདུགས་དཀར་མངོན་པར་ལེགས།།༨༽མཁྱེན་བརྩེའི་རྩིབས་སྟོང་དཀྱིལ་འཁོར་རྣམ་པར་བཀྲ།།ཨེ་ཝཾ་ཕྲ་རྒྱན་སྣ་ཚོགས་འོད་མདངས་ཤིས།།ཕན་བདེའི་ཀུན་བཟང་ཕྲིན་ལས་རྟག་ཏུ་བདེ།།དམ་ཆོས་ཡིད་བཞིན་གསེར་གྱི་འཁོར་ལོ་ལེགས།། བསྐལ་བཟང་རྒྱལ་བའི་འོད་གསལ་སྙིང་པོའི་གར།།ཨེ་ཝཾ་བུདྡྷ་ཛྙཱ་ནའི་ཐུགས་ཐིག་དཔལ།།དགྱེས་དགུར་བརྗིད་པའི་གནུབས་ཆེན་རིང་ལུགས་ཆེ།།བཀའ་གཏེར་རྡོ་རྗེ་ཕྱོགས་ཀུན་ཁྱབ་གྱུར་ཅིག།ཅེས་པ་འདི་ཡང་རབ་གནས་ས་ཕག་མགོ་ཟླའི་དབང་ཕྱོགས་ཀྱི་ཟླ་ཚེས་དགེ་བའི་དུས་ཆེན་ལ་སྔགས་འཆང་རིག་འཛིན་ཡོངས་ཀྱི་རྒྱལ་པོ། མཁས་གྲུབ་གཉིས་ལྡན་གྱི་བླ་མ་༧སྐྱབས་རྗེ་དམ་པ་སྒོ་ཆེན་སྤྲུལ་སྐུ་གསང་སྔགས་བསྟན་འཛིན་གྱི་དགོངས་བཞེད་བཞིན་དུ་འཕགས་ཡུལ་ཨེ་ཝཾ་གནུབས་ཆེན་དགོན་པར། རིགས་ཀུན་གྱི་ཁྱབ་བདག་ཆེན་པོ་༧རྒྱལ་བ་ཞེ་ཆེན་རབ་འབྱམས་རིན་པོ་ཆེའི་འཇམ་དབྱངས་མཁྱེན་བརྩེའི་བཀའ་ཆོས་སྐོར་གསུང་བའི་རྣམ་པའི་རྟེན་འབྲེལ་ལེགས་འགྲིགས་ཀྱི་འཇའ་གུར་རང་བྱུང་སོགས་ལེགས་གྲུབ་བྱུང་བ་ལ་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པའི་འཚམས་རྟགས་སུ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སྐྱེ་རྒྱུད་འཛིན་པའི་ཤྲཱིཿཨེ་མ་ཧོས་དགའ་དད་སྤྲོ་བའི་ཡི་རང་བཅས་དབྱིན་ཡུལ་ཨེ་ཝཾ་ཀུན་བཟང་ཆོས་གླིང་ནས་དེ་ཉིད་དུ་སྨོན་པར་དགེའོ།། །།
Alt Sidebar
Search





