January 2020

ཡེ་ཤུའི་ཆོས་སྤེལ་བ་སྨན་བླ་སྐྱབས་དང་སེང་རྡོར།
དེང་སྐབས་བོད་ནང་གི་ཡེ་ཤུའི་ཆོས་སྤེལ་བའི་སྐོར་གླེང་དགོས་ན། ཨ་མདོའི་རྩེད་མཚར་བཤད་མཁན་ལས་བྱེད་པ་སྨན་བླ་སྐྱབས་དང། སེང་རྡོར་དྲ་ཚིགས་ཀྱི་བདག་པོ་སེང་རྡོར་གཉིས་ཀྱི་སྐོར་མི་བཤད་ཐབས་མེད་རེད། རྒྱུ་མཚན་ཅི་ཡིན་ཟེར་ན། གཅིག་ནི། སྨན་བླ་སྐྱབས་དང། སེང་རྡོར་གཉིས་ཀ་བརྙན་འཕྲིན་དང། གློག་བརྙན། དྲ་རྒྱ་དང། དེ་བཞིན་དཔེ་དེབ་སོགས་སུ་མཐོང་རྒྱུ་མང་པོ་འདུག་པས། ཁོ་གཉིས་བོད་མི་མང་པོ་ཞིག་གིས་ཤེས་བ་དང། དེ་བས་དོ་སྣང་བྱེད་དགོས་བའི་ཆགས་པའི་མི་གཉིས་རེད། སྤྱིར་བཏང་མི་འདི་གཉིས་ཀྱི་སྙན་གྲགས་དང་གོ་གནས༼སེང་རྡོར་ལ་གོ་གནས་མི་འདུག༽་ཀྱང། སྔོན་གྱི་མཁས་བ་དག་གི་འགྲོ་ལུགས་དང། ཡང་ན་ནུབ་ཀྱི་སྲོལ་ལུགས་ལྟར། ངེས་པ་དོན་གྱིས་སློབ་གཉེར་དང།དཀའ་སྤྱད་ཀྱི་ལས་ཀ་བྱས་པ་དེ་འདྲ་མ་ཡིན་པར། གཙོ་བོ་སྲིད་གཞུང་དང། དེང་རབས་ཀྱི་འཕྲུལ་ཆས་ཀྱི་རམ་འདེགས། གློག་ལྟར་འགྱུར་བཞིན་པའི་ཆབ་སྲིད་ཀྱི་གར་སྟེགས། གློག་ཀླད་ཀྱི་འཕྲོད་སྤྱོར་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད། དོན་གྱིས་འཕྲུལ་རིགས་ཀྱིས་མི་རིགས་ལ་བཟོས་བའི་ཤུགས་རྐྱེན་དང། ཆབ་སྲིད་ལས་འཕྲོས་བའི་དཔའ་བོ་དང། མཁས་བ་བཟོ་སྟངས་དང། མི་གྲགས་ཅན་བཟོ་སྟངས་ཀྱིས་ནུབ་ཀྱི་མིའི་རིགས་རིག་པའི་དཔྱད་ཚུལ་ལྟར། དཔྱད་པར་བྱ་བ་མང་དུ་འདུག་མོད། འདི་རུ་ཁོ་གཉིས་དཔེར་མཚོན་ཞིག་ལ་བཞག་ནས། བོད་ནང་གི་ཡེ་ཤུའི་ཆོས་སྤེལ་བ་དང། ཁོང་གཉིས་ཀྱིས་དེའི་ཐད་ལ་བཏང་བའི་བྱེད་ནུས་སོགས་ཀྱི་ཐད་ལ་གཏམ་འགའ་གླེང་རྒྱུ་དེ་ཡིན། དེ་ཡང་ཕྱོགས་གཅིག་ནས་བཤད་ན། བོད་ཀྱི་རྙིང་གཏོར་གསར་བརྗེ་བ་དག་གིས་དུས་རྒྱུན་བཤད་བཞིན་པའི་༼ཤུགས་རྐྱེན༽ཟེར་པ་དེའི་སྐོར་ཡིན། ཤུགས་རྐྱེན་ཟེར་པ་འདི་གླེང་དུས། དམག་དོན། ཆབ་སྲིད། ཆོས་ལུགས་དང་གྲུབ་མཐའ་སྣ་ཚོགས་མང་པོ་ཞིག་སྐོར་ནས་གླེང་དགོས་བ་ཞིག་རེད། འདི་རུ་གཙོ་བོ། ཁོ་གཉིས་ཀྱིས་མི་སོ་སོའི་འདུན་མོས་དང། ལོངས་སྤྱོད་སོགས་ཕར་བཞག་ནས། ཁོ་གཉིས་ཀྱིས་ཡེ་ཤུའི་ཆོས་སྤེལ་བ་ཚོ་ལ་ཞབས་འདེགས་ཇི་ལྟར་བྱས་བ་དང། དེ་ལས་བྱུང་བའི་བོད་མི་རིགས་དང། ཆབ་སྲིད། རིག་གཞུང་བཅས་ལ་འཇོག་སྲིད་པའི་ཤུགས་རྐྱེན་དེ་ཡིན།

༼པར་འདི་དྲ་ཐོག་ནས་བླངས་པ་ཡིན།༽

ཨ་མདོའི་མི་ཞིག་ཡིན་ན། སྨན་བླ་སྐྱབས་མི་ཤེས་པ་མེད་པ་ལྟ་བུ་རེད།ང་ཡང་ཆུང་དུས་ཐེངས་གཅིག་ཁོ་ལ་འཕྲད་མྱོང། དེ་ཡང་ཕལ་ཆེར་ལོ་ཉི་ཤུ་ཙམ་གྱི་གོང་རེད། དེ་དུས་ཁོ་རང་མོས་སྙན་ངག་ཟེར་པ། དོན་གྱིས་རིག་གནས་གསར་བརྗེའི་ཆེན་མོ་ལྷག་མའི་སྐད་འབོད་ལས་བྱུང་བའི་སྙན་ངག་འབྲི་བའི་སྐབས་རེད། དེའི་རྗེས་ཁོ་ཨ་རི་ལ་༼བོད་ཀྱི་སྒྱུ་རྩལ་པ་ཞིག་༽གིས་མིང་ཐོགས་ནས་གདན་འདྲེན་བྱས་དུས། ཕྲན་ནས་ཁོའི་སྐད་གྲགས་ཅན་གྱི་ཁ་འཚར་༼གེ་སར་རྟ་རྫི༽ཟེར་པ་དེ་དབྱིན་བསྒྱུར་བྱས་ནས། དེའི་སྐབས་ཕྱི་གླིང་པའི་ཁྲོད་དུ་སྐད་གྲགས་ཅུང་ཟད་བྱུང་པ་མ་ཟད། རྗེས་སུ་བོད་ཕྱི་ནང་གཉིས་སུ་དབྱིན་མ་གང་དུ་བཀྲམས་ཡོད་པ་དེ་བཞིན་རེད། དེ་མིན་སོ་སོའི་ངོས་ནས་ཁོ་ངོ་མི་ཤེས་ལ། ལྟ་བའི་ཐོག་ནས་ཀྱང་གསལ་ཆ་ཆེན་པོ་མེད། སྤྱིར་བཏང་ཁོ་རང་ནི་སྲིད་གཞུང་གིས་སྒྲུབ་པའི་གར་སྟེགས་སྟེང། ཁ་མཚར་བཤད་མཁས་བ་ལས། ཕྱི་ནང་གི་རིག་གཞུང་སོགས་ལ་སློབ་གཉེར་དེ་འདྲ་ཆེན་པོ་མེད་པ་འདྲ། ཡིནའང་ཧ་ལས་པའི་རྙིང་གཏོར་གསར་བརྗེ་བ་ཞིག་ཡིན་པ་མ་ཟད། ཁ་ཁོག་མེད་པར་བོད་ཀྱི་ཤེས་རིག་ལ་སྡང་མཁན་ཞིག་རེད། དེའི་སྔོན་ཞིག་ལ་བོད་ཀྱི་གླུ་གཞས་ནི་ཆོས་པ་ཚོས་འཕྲོག་ནས། བླ་མ་དང་དགེ་བཤེས་སོགས་ལ་བསྟོད་གླུ་འགའ་ཤས་ཀྱིས་བཀང་འདུག་ཅེས་ཟིན་ཐོ་ཞིག་ཀྱང་སྤེལ་འདུག།

སེང་རྡོར་གྱི་སྐོར་བཤད་ན། ང་ཁོ་ལ་འཕྲད་མྱོང་མེད། ཡིནའང་སེང་རྡོར་དྲ་ཚུགས་ལ་མང་པོ་འགྲོ་མྱོང་བ་མ་ཟད། སྐབས་རེ་ཟིན་ཐོ་འགོད་པ་དང། མཆན་ཀྱང་མང་པོ་སྤེལ་མྱོང་། ཁོས་སྒྲུབ་པའི་དྲ་ཚུགས་༼ད་ལྟ་སྒོ་རྒྱབ་ཟིན༽་ཆ་ནས་དྲ་ཚུགས་གཞན་དང། ཁྱད་པར་ཏུ་ཕྱི་རྒྱལ་དུ་ཡོད་པའི་ཁ་བརྡ་དྲ་བ་སོགས་ལས་ཡག་ཤོས་སུ་མཐོང། ཅི་ཡིན་ཞེ་ན་ཁོས་ལྟ་ཚུལ་འཐད་མིན་ལ་མ་ལྟོས་བར། ཟིན་ཐོ་མང་པོ་ཞིག་འགོད་ཅི་ཐུབ་བྱེད་བཞིན་འདུག་པས། ཁོ་ལ་དགའ་གུས་བསྔགས་བརྗོད་ཀྱང་བྱས་མྱོང། ཁོང་གིས་ཁོས་བྲིས་བའི་དེབ་འགའ་ཤས་ལ་ཡོད་པ་དེ་དག་ལ་ཟུར་བལྟ་བྱས་མྱོང་མོད། རིག་གཞུང་གི་ཐད་ནས་ལེན་པ་དང། དོ་སྣང་བྱེད་དགོས་བ་ཅི་ཡང་མི་འདུག། ཡིནའང་ལོ་རྒྱུས་གནད་འགག་ཅན་འདི་འདྲའི་སྐབས་སུ། བོད་ཡིག་གི་ཐོག་ནས་དཔེ་དེབ་ཅིག་བྲིས་བ་དེ་ཙམ་ཡང་ཡག་པོར་མཐོང་ནས་དམིགས་གསལ་གྱི་སྐད་ཆ་བཤད་པ་ཅི་ཡང་མེད། ལྷག་པར་ཏུ་སློབ་གཉེར་སོགས་སྔོན་གྱི་ལུགས་སྲོལ་བཞིན་བྱས་ཡོད་པ་ཐོས་མྱོང་ཡོད་པས། སྐབས་རེ་ཡག་པོ་འདུག་བསམ་མྱོང།

དེ་ནས་ལོ་འདི་དག་གི་རིང་ལ་མི་འདི་གཉིས་ཀྱི་སྐོར་ལ་སྐད་ཆ་གོ་རྒྱུ་མང་པོ་འདུག་པ་མ་ཟད། ཡེ་ཤུའི་ཆོས་ཚོགས་སུ་ཞུགས་ཡོད་ཚུལ་དང། ཡེ་ཤུའི་ཆོས་པ་ཡིན་ཚུལ་སོགས་ཀྱང་སྐད་ཆ་མང་པོ་གོ་མྱོང། སྔོན་ཆད་སྐད་ཆ་དེ་དག་ལ་དོ་སྣང་ཅི་ཡང་བྱས་མེད། རྒྱུ་མཚན་ནི། དེ་ནི་མི་སྒེར་གྱི་དད་མོས་དང། འདུ་ཤེས། སེམས་ཀྱི་འཁྱེར་ཚུལ་ཞིག་དང། ཁོ་ཚོའི་རང་གི་དད་མོས་སོགས་ཅི་ཡིན་ཀྱང་ང་ལ་ཁྱད་པར་སྤུ་ཙམ་ཀྱང་མེད་བསམ་ནས། སྐད་ཆ་གཅིག་ཀྱང་བཤད་མེད། ང་ནི་བོད་ཀྱི་ནང་ཆོས་སྤྱངས་ནས་ལས་རྒྱུ་འབྲས་ལ་ཡིད་ཆེས་ཡོད་པ་ཞིག་དང། ནུབ་ཀྱི་དམངས་གཙོའི་རིང་ལུགས་སྤྱངས་བ་གང་ཟད་ཡོད་པའི་མི་ཞིག་ཡིན་པས། མི་སོ་སོས་རང་དབང་ལ་མཐའ་གཅིག་ཏུ་བརྩི་མཁན་ཞིག་ཡིན།

ཡིན་ནའང་ཉེ་ལམ་ཞིག་ལ། མི་འདི་གཉིས་གཙོ་བྱས་བའི་ཟི་ལིང་གི་མི་ཁ་ཅིག་གིས་སོ་སོའི་སྒེར་གྱི་དད་མོས་དང། འདུ་ཤེས། སེམས་ཀྱི་འཁྱེར་སྟངས་ལས་ཕར་བརྒལ་ནས། ཡེ་ཤུའི་ཆོས་སྐོར་གྱི་དཔེ་དེབ་ལེགས་སྒྲིག་དང། གློག་བརྙན་སོགས་བསྒྱུར་བཟོ་བྱེད་བཞིན་པ་དངོས་སུ་མཐོང་བ་མ་ཟད། དེའི་སྐོར་གྱི་དྲ་རྒྱ་དང། དཔེ་དེབ་དང། གློག་བརྙན་སོགས་དངོས་སུ་མཐོང་རྒྱུ་བྱུང། ཁོ་ཚོས་སྒྲུབ་པའི་ཡེ་ཤུའི་ཆོས་ཀྱི་ཡིག་ཆ་དང་གློག་བརྙན་དེ་ཚོ་ད་ལྟ་བོད་ཀྱི་ཡུལ་ཁམས་ཡོངས་སུ་རིན་མེད་ཀྱི་སྟེར་བཞིན་མ་ཟད། ལྷག་པར་ཏུ་བྱིས་བ་དང་གཞོན་སྐྱེས་དག་གི་ཁྲོད་དུ་རྒྱ་ཁྱབ་ཏུ་བཀྲམས་བཞིན་འདུག་པས། དེ་ལ་དོ་སྣང་ཆེན་པོ་བྱེད་པའི་མགོ་བརྩམས་པ་ཡིན། ཅི་ཕྱིར་ཞེ་ན། འདི་ནི་མི་སྒེར་གྱི་ཐོབ་ཐང་དང་། ཁོ་ཚོའི་རང་གི་དད་མོས་ལས་ཕར་འདས་ཏེ། བོད་ཀྱི་ལོ་རྒྱུས་དང། རིག་གཞུང། སྲིད་དོན་གྱི་དོ་རྭའི་ནང་དུ་སླེབས་པ་མ་ཟད། ཁྱད་པར་ཏུ་་བོད་ཀྱི་བྱིས་བ་དག་གི་སེམས་ཁམས་དང། མི་ཚེའི་བདེ་སྡུག་དང། འགྲོ་ལམ་སོགས་ཐད་ཀར་རག་ལས་བས། སྐད་ཆ་འདི་འདྲ་མི་བཤད་ཐབས་མེད་བྱུང། ཁོ་ཚོ་ལ་ཆོས་སྤེལ་བའི་རང་དབང་ཡོད་ན། ང་ཚོ་ལ་དེ་དག་གི་དམིགས་ཡུལ། ཞེ་འདོད། ལྷག་པར་ཡེ་ཤུའི་ཆོས་ཀྱི་གཞི་ལམ་འབྲས་གསུམ་གྱི་སོགས་ཇི་བཞིན་ཏུ་གསལ་བཤད་དང། ལོ་རྒྱུས་དངོས་བརྗོད་བྱས་པའི་དབང་ཆ་ནི་ཅི་ལ་མེད།
ཉེ་ལམ་ཁུངས་ལྡན་གྱིས་གནས་ཚུལ་འབྱོར་པ་ལྟར་ན། སྨན་བླ་སྐྱབས་གཙོ་བྱས་བའི་ཟི་ལིང་གི་བོད་མི་ཁ་ཅིག་གིས། ཨ་མདོའི་སྐད་ཀྱི་༼ཡེ་ཤུ༽ Jesus ཞེས་བ་ཞིག་བསྒྱུར་བཟོ་བྱས་ནས། ད་ལྟ་བོད་ཕྱི་ནང་གཉིས་སུ་རྒྱ་ཁྱབ་ཏུ་བཀྲམས་འདུག་པ་དེའི་སྐོར་ཡིན། གློག་བརྙན་འདི་ནི། ༡༩༧༩་ལོ་ལ། ཨ་རིའི་ཡུལ་གྱི་ཡེ་ཤུ་ལ་དད་པ་ཡོད་པའི་མི་ཁ་ཅིག་གིས་འགྲོ་གྲོན་མང་པོ་བཟོས་པ་དང། ཁོ་ཚོས་ཁྱབ་བསྒྲགས་བྱས་པའི་སྐད་ཆར་ལྟར་བཤད་ན། གློག་བརྙན་དེ་ནི་ཡེ་ཤུའི་དར་སྤེལ་རྒྱུན་འཛིན་དང། ལྷག་པར་ད་ལྟ་ཉམས་བཞིན་པའི་ཡེ་ཤུའི་ཆོས་ཀྱི་ལྟ་བ་དེ་སྐྱོབ་ཐབས་ཀྱི་ཆེད་ཡིན་ཟེར་པ་དེ་རེད། ཡིནའང་གློག་བརྙན་དེ་བཟོས་རྗེས། ཨ་རི་ཡུལ་དང་འཛམ་གླིང་གང་སར་བལྟ་མཁན་མེད་པར། བཟོ་མཁན་མཁན་དང་དངུལ་གཏོང་མཁན་ཚོའི་མ་རྩ་བརྡིབས་པར་བཤད། ཡིནའང་ཡེ་ཤུའི་ཆོས་སྤེལ་བ་དག་གིས་གློག་བརྙན་འདི་ལ།དམིགས་གསལ་གྱི་དོ་སྣང་དང་དགའ་བསུ་ཆེན་པོ་ཐོབ་ཏེ། ཁོ་ཚོས་ཨ་རི་དང། རྒྱལ་ཁམས་གཞན་ལ་རིན་མེད་ཏུ་རྒྱ་ཁྱབ་ཏུ་བཀྲམས་བཞིན་པ་མ་ཚད། ཁོ་ཚོའི་ཆོས་དད་པ་ཚོའི་ཁྲོད་དུ་སྤྱིན་བདག་བཙལ་ནས། འཛམ་གླིང་གི་སྐད་རིགས་སུམ་བརྒྱ་ལྷག་ལ་བསྒྱུར་ནས་རྒྱ་ཁྱབ་ཏུ་དར་སྤེལ་བཏང་བ་རེད། རྒྱ་ནག་ཏུ་ནན་ཅིནན་དུ་ཡོད་པའི་爱德基金会 བྱམས་ཚོགས་པ་ཟེར་པ་ཞིག་གིས་རྒྱ་ཡིག་ཏུ་བསྒྱུར་ནས་རྒྱ་ཆེན་པོ་བཀྲམས་པ་དང་། རྒྱ་ནག་ཏུའང་ཤུགས་རྐྱེན་ཀྱང་ཆེན་པོ་ཡོད་པར་ངེས།

བོད་སྐད་དུ་བསྒྱུར་པའི་སྐོར་ལ་། གསལ་ཁ་ཞིག་མི་འདུག། ཁ་ཅིག་གིས་སྲིད་གཞུང་གིས་བཀའ་ཁྱབ་བཏང་ནས་བསྒྱུར་པར་བཤད་པ་དང། ཁ་ཅིག་གིས་སྨན་བླ་སྐྱབས་སོགས་ཀྱིས་རང་མོས་རང་འཐད་ཀྱིས་བསྒྱུར་པར་བཤད། གང་ལྟར་གོ་ཐོས་ལ་ནན་ཅིན་ཏུ་ཡོད་ཚོགས་པ་དེའི་མཐུན་སྤྱོར་བྱས་ནས་སྨན་བླ་སྐྱབས་སོགས་ཀྱིས་ཨ་མདོ་སྐད་དུ་བསྒྱུར་ནས། ད་ལྟ་རྒྱ་ཁྱབ་ཏུ་བཀྲམས་པ་དེ་བཞིན་རེད། གློག་བརྙན་འདི་བཟོས་བའི་དམིགས་ཡུལ། དེའི་སྐད་རིགས་གཞན་དུ་བསྒྱུར་པའི་འབད་རྩོལ། དེའི་དངུལ། དེའི་དམིགས་ཡུལ་ཐམས་ཅད། དོགས་པ་གཅིག་ཀྱང་མེད་པར། མི་རྣམས་ཡེ་ཤུའི་ཆོས་སུ་བསྒྱུར་ཐབས་དེ་རེད། སྨན་བླ་སྐྱབས་སོགས་ཀྱིས་ཨ་མདོའི་སྐད་དུ་བསྒྱུར་པའི་གློག་བརྙན་དེ་ཡང། དོགས་གཞི་དང་ཐེ་ཚོམ་གཅིག་ཀྱང་མེད་པར། བོད་མི་རྣམས་ཡེ་ཤུའི་ཆོས་སུ་བསྒྱུར་ཐབས་དེ་རེད།

ཕྲན་གྱིས་སྨན་བླ་སྐྱབས་སོགས་ཀྱིས་བསྒྱུར་སྒྲིག་གི་གློག་བརྙན་དེ་ལ་ཞིབ་དཔྱད་བྱས་བ་ཡིན། གློག་བརྙན་དེ་ནི་ཐད་བསྒྱུར་དང་སྐད་བསྒྱུར་ཙམ་མ་ཡིན་པར། ཁོ་ཚོས་བོད་མིའི་གློག་བརྙན་བལྟ་མཁན་དག་ལ་དམིགས་ནས་བསམ་བཟོས་ནས། སྔོན་གྱི་གློག་བརྙན་གྱི་འཁྲབ་གཞུང་ལའང་བསྒྱུར་བཅོས་བྱས་ནས། བོད་ཀྱི་སེམས་ཁམས་དང་མཐུན་པ་བྱས་འདུག། དཔེར་ན། གློག་བརྙན་དེའི་འཇུག་བསྡུས་སྐབས་སུ། སྨན་བླ་སྐྱབས་ཀྱིས་ཡེ་ཤུ་ནི་སུ་ཡིན་པའི་སྐོར། བོད་མི་རྣམས་ལ་དམིགས་སུ་བཅངས་ནས་འདི་ལྟར། ༼གཙོ་བོ་ཡེ་ཤུ་བླ་མ་ཡང་ན་སྤྲུལ་སྐུ།ཡང་ན་བྱང་ཆུབ་སེམས་དཔའ་ཞིག་མ་རེད།ཁོང་ཀུན་དབང་དཀོན་མཆོག་ངོ་མ་ལགས།ཁོང་གི་བཀའ་ཆོས་ཁྱབ་པའི་ས་ཆ་ཐམས་ཅད་ལ་འཚོ་བ་གསར་པ་དང།རེ་བ་གསར་པ་ཐོབ་འོང༽ཞེས་བཤད་འདུག། དབྱིན་ཇིའི་མ་ཡིག་གློག་བརྙན་རང་དུ་སྐད་ཆ་དེ་ལྟ་བུ་ཞིག་མེད་པ་མ་ཟད། འཁྲབ་གཞུང་རང་དུའང་སྐད་ཆ་་ཞིག་རྩ་བ་ཉིད་ནས་མི་འདུག། དེ་བས་སྐད་ཆ་དེ་དག་ནི་སྨན་བླ་སྐྱབས་ཀྱིས་བསམ་བཞིན་དུ། དམིགས་ཡུལ་ཡོད་ཡོད་པའི་སྒོ་ནས་བོད་མི་ཚོ་ལ་དམིགས་ནས་བཤད་པ་ཞིག་རེད། སྐད་ཆ་འདིས་གཅིག་པུས། སྨན་བླ་སྐྱབས་སོགས་ཀྱིས་གློག་བརྙན་འདི་ནི། སྒྱུ་རྩལ་གྱི་ལས་ཀ་ཁོ་ན་ཡིན་ཟེར་ཀིན་ཡོད་པ་དང་རྫུན་ཡིན་པ་གསལ་པོ་རེད།

ཀུན་གྱིས་ཤེས་བ་བཞིན། སྨན་བླ་སྐྱབས་ནི། ཞེ་དགུའི་རྗེས་སུ་སྐྱེས་བ་དང། སྔ་ཕྱིར་མཚོ་ལྷོ་མི་རིགས་དགེ་འོས་སློབ་གྲྭ་དང་ཧྲང་ཧའེ་ཟློས་གར་སློབ་གླིང༌སོགས་འགྲིམས་ནས། ད་ལྟའང་རྒྱབ་ཁབ་ཀྱི་ཟླ་ཕོགས་ལེན་བཞིན་པའི་མི་ཞིག་རེད། ཁོ་ནི་ཆུང་དུས་ནས་སྲིད་གཞུང་གིས་བདག་སྐྱོང་ངང་ཁ་ཤགས་སམ་རྩེད་འཚར་ཟེར་པ་བཤད་དུ་བཅུག་ནས། ནམ་ཡིན་ཡང་རྒྱང་བསྒྲགས་ལས་ཁུངས་སོགས་སུ་ཁོའི་གཟུགས་མཐོང་རྒྱུ་དང་སྐད་ཆ་ཐོས་རྒྱུ་འདུག་པ་མ་ཟད། སྲིད་གཞུང་གིས་ཆེད་དུ་བཙུགས་པའི་ལས་ཁུངས་ཀྱིས་དཔར་པའི་དུས་དེབ་དང། དཔེ་སྐྲུན་ཁང་སོགས་སུ་ཁོས་རིག་གསར་གྱི་རྗེས་སུ། དར་ཁྱབ་ཆེ་བའི་༼རང་མོས་སྙན་ངག༽ཟེར་པ་བྲིས་པ་ག་ས་གང་ལ་མཐོང་རྒྱུ་འདུག། དེ་བཞིན་ཁོས་གླུ་ཚིག་ཀྱང་མང་པོ་བརྩམས་ནས། ད་ལོའི་ཁོ་ཆེད་དུ་འཚོགས་པའི་དགོངས་ཚོགས་ཞིག་ཀྱང་ཚོགས་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རེད། ཁོའི་རིག་གསར་གྱི་ཤན་ཞུགས་དང། སྙན་ངག་ལྟ་གྲུབ་དེ་ཚོ་ཕར་གཡུགས་ནས། འདིར་བཤད་དགོས་བ་ཞིག་ནི། གླུ་ཚིག་གི་སྐོར་དེ་ཡིན། ཁོས་དུས་རྒྱུན་དང་གངས་རི་སོགས་མཚོན་པའི་གླུ་ཚིག་བརྩམས་ཡོད་པ་ལས།གཞན་བླ་མ་དང། ནང་ཆོས། དེ་བཞིན་གྲྭ་བ་སོགས་ཀྱི་སྐོར་ལ་འབྲི་ཀིན་མེད་པར་བཤད། དེའི་སྔོན་ཁོས་ཆེད་རྩོམ་ཞིག་སྤེལ་ནས། བསྟོད་གླུ་མི་འབྲི་ཞེས་བོད་མི་དད་ལྡན་མང་པོ་ཞིག་གིས་རང་གི་རྩ་བའི་བླ་མ་དང།གྲྭ་བ།བྱས་རྗེས་ཅན་གྱི་མི་དག་ལ་བསྟོད་གླུ་བྲིས་ཡོད་པ། དེ་དག་ལ་ཟུར་ཟ་དང། མི་དགའ་བའི་ཚུལ་གྱི་དེའི་སྐོར་ལ་མི་འབྲི་བའི་རྒྱུ་མཚན་གསལ་བཤད་ཡོད་པ་ཞིག་ཀྱང་དྲན་སོང། འདི་ལྟར་བཤད་ན། སྨན་བླ་སྐྱབས་ནི། དོན་གྱིས་རིག་གསར་གྱི་ནང་ནས་བྱུང་བའི་དོན་གྲུབ་རྒྱལ་དང།ཞོགས་དུང། བདུད་ལྷ་རྒྱལ། པད་མ་འབུམ་སོགས་འདྲ་བར། སེམས་དང་བསམ་པའི་སྟེང་ནས། རྙིང་གཏོར་རིང་ལུགས་པ་ཞིག་ཡིན་པ་མ་ཟད། བོད་མི་མང་གི་སེམས་ཀྱི་འཁྱེར་སྟངས་དང། དད་མོས། འདུན་པ་སོགས་ལ་ཆེད་དུ་ཁ་གཏད་དུ་ལངས་བའི་མི་ཞིག་ཡིན་པའང་གསལ་བོ་རེད།

འདི་ལྟར་ཕྱོགས་གཅིག་ནས་སྨན་བླ་སྐྱབས་སོགས་ནས། བོད་ཀྱི་བསྟོད་རྩོམ་མི་འབྲི་ཞེས། རང་ལ་རང་ཚུགས་ཀྱི་ལྟ་ཚུལ་ཁྱད་པར་ཅན་ཞིག་ཡོད་ཁུལ་བྱས། ཕྱོགས་གཅིག་ནས་ཡེ་ཤུའི་ཆོས་ཀྱི་གློག་བརྙན་ཚུན་ཆད་བསྒྱུར་སྐྲུན་བྱས། གོང་ལྟར་ཡེ་ཤུ་ནི་སྤྲུལ་སྐུ་དང། བྱང་ཆུབ་སེམས་དཔའ་དག་ལས་ཁྱད་འཕགས་ཞིག་ཡིན་པར་བཤད་ན། དད་ལྡན་བོད་མི་རྣམས་དང། འགན་འཁྲི་དང་རྣམ་དཔྱོད་དང། དྲང་བདེན་ཅན་གྱི་མི་དག་ལ། སྨན་བླ་སྐྱབས་སོགས་ཀྱིས་ལས་ཀ་རྩ་སློག་བྱས་པའི་དབང་ཆ་ནི་ཅི་ལ་མེད། སྤྱིར་བཏང་ངས་སྔོན་དུ་ཡང་དུ་ཡང་དུ་བཤད་ཡོད། སྨན་བླ་སྐྱབས་སོགས་ཀྱི་སློབ་གསོ་དང།སེམས་ཀྱི་འཁྱེར་སྟངས། རྣམ་དཔྱོད་འདོན་སྟངས། ཁྱད་པར་ཏུ་ལས་ཀའི་ངོ་བོ་སོགས་ལ་ལྟོས་ན། འདི་ལྟར་ཡ་མཚར་དོགས་ཅི་ཡང་མི་འདུག། ཅི་ཕྱིར་ཞེ་ན། སྨན་བླ་སྐྱབས་ནི། རིག་གསར་ཀྱི་སྐབས་སུ་བྱུང། གཞུང་བཙུགས་བསླབ་གྲྭ་ཕྱིན། དེ་ནས་མོའི་ཙེ་ཏུང་གི་སྐད་ཆ་བཤད་ན། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྒྱུ་རྩལ་བ་ཞིག་རེད། བསམ་བློ་འཁྱེར་སྟངས་དེ་འདྲ་བའི་ཞིག་གི་འོག་ནས་བལྟས་བ་ཡིན་ན། སྨན་བླ་སྐྱབས་ཀྱིས་བོད་ཀྱི་བསྟོད་རྩོམ་མི་འབྲི་བ་དང། ཡེ་ཤུའི་གློག་བརྙན་ཕབ་སྤྱོར་བྱས་བ་ལ།སེམས་སྟེང་ནས་འགལ་བ་ཅི་ཡང་མཐོང་གིན་མེད་པའི་རྒྱུ་མཚན་ཀྱང་དེ་རེད་བསམ་ཀིན་འདུག། རྒྱུ་མཚན་ཅི་ཡིན་ཞེ་ན།ཁོ་ཚོའི་སེམས་ཁོང་གི་མཐར་ཐུག་གི་དམིགས་ཡུལ་དང། ཞེ་འདོད་ནི་སྔོན་གྱི་ཡུལ་སྲོལ་དང། ཤེས་རིག། སེམས་ཀྱི་འཁྱེར་སྟངས་ཐམས་ཅད་རྩ་གཏོར་བཏང་ན། ཁོ་ཚོའི་སེམས་ནང་གི། དེང་རབས་ཅན་ཟེར་པ་དང། དཔལ་ཡོན་ཅན་གྱི་མི་སྡེ་ཞིག་འཛུགས་རྒྱུ་དེའི་ཆེད་རེད།

དེ་ནས་སེང་རྡོར་གྱི་སྐོར་ཡིན། མི་འདི་ལས་ཀ་བྱེད་ས་ནི་ཨ་རིའི་འཛམ་གླིང་ཡེ་ཤུའི་ཆོས་ཚོགས ་U.S. Center for World Mission ཀྱི་ཆ་ཤས་དང། དེ་ཡང་གཙོ་བོ་Joshua Project ཇོ་ཧན་གྱི་འཆར་འགོད་ཟེར་པའི་འཆར་ལས་གཞི་དེའི་འོག་ཏུ་ལས་ཀ་བྱེད་ཀིན་ཡོད་པར་བཤད། ཆོས་ཚོགས་དེའི་ལྟེ་གནས་ནི་ཨ་རིའི་མངལ་སྡེ་ཁ་ལོ་ར་ཏོ་ཟེར་པ་དེ་རུ་ཡོད་པ་དང། ཆོས་ཚོགས་འདིས་འཛམ་གླིང་གི་ས་ཆ་ག་ས་ཀུན་དུ། ཆོས་སྤེལ་བ་མངགས་བཞིན་ཡོད་པ་རེད། ཉེ་ཆར་ཨ་རིའི་སྐད་གྲགས་ཅན་གྱི་བཟའ་རེའི་དུས་དེབ་Newsweek ཐོག་བཀོད་པ་ལྟར་ན། ཨེ་ཤུའི་ཆོས་ཚོགས་དེ་ནི མཁྲེགས་སྤྱོད་ཅན་གྱི་ཡེ་ཤུའི་ཆོས་ཚོགས་ཞིག་ཡིན་པ་དང། ཁོ་ཚོའི་དམིགས་ཡུལ་མཐར་ཐུག་ནི། བྱིན་རླབས་མ་ཐོབ་པའི་མི་”unreached peoples”སྟེ་ཡེ་ཤུའི་ཆོས་སྐད་མ་གོ་བའི་ས་ཆ་དང་མི་དག་ལ་ཆོས་སྤེལ་རྒྱུ་དེ་རེད། དེང་དུས་ཟི་ལིང་དང་ལྷ་ས་སོགས་ན་ཡོད་པའི་ཆོས་ཚོགས་མང་ཆེ་ཤོས་ཀྱི་མི་རྣམས་ནི། ཆོས་ཚོགས་འདི་དག་གི་མི་ཡིན་པ་དང།དམིགས་ཡུལ་དང་འཆར་གཞི་ངེས་ཅན་ལྡན་པའི་ངང་ནས། ཡེ་ཤུའི་ཆོས་སྤེལ་རྒྱུ་དེ་རེད། ཡེ་ཤུའི་ཆོས་སྤེལ་བ་འདི་ཚོས། རོགས་སྐྱོར་དང་ག་འདྲ་བྱས་ཀྱང། སྙིང་རྗེ་སོགས་གང་འདྲ་ལབ་ཀྱང། མཐར་ཐུག་ན་མི་རྣམས་ཁོ་ཚོའི་ཆོས་སུ་བསྒྱུར་ཐབས་དང། དེ་ནས་ཆོས་བ་དེ་དག་ལས་ཞབས་འདེབས་སོགས་བླངས་ནས། ས་ཆ་གཞན་དུ་ཆོས་སྤེལ་རྒྱུ་དེ་རེད།

༼སེང་རྡོར་ལས་ཀ་བྱེད་སའི་ཚོགས་པའི་དྲ་རྒྱ་དང་།དེའི་ནང་གི་ཨ་མདོའི་ཡེ་ཤུའི་ཆོས་པའི་གྲངས་ཀ་སོགས༽

ངས་གོང་བཤད་ལྟར་སེང་རྡོར་ནི་གྲྭ་བ་ཙམ་བྱས་མྱོང་བར་བཤད་མོད། གང་གི་ཐད་ནས་བལྟས་ཀྱང། སློབ་གཉེར་སོགས་ཅི་ཡང་བྱས་མིན་པར་མངོན།ཡིནའང་དུས་དང་རྣམ་པ་དང་ཐམས་ཅད་དུ་གཞན་ལ་མངོན་འདོད་དང། གཞན་དང་མི་གཅིག་པ་བྱེད་ཀིན་ཡིན་སྙམ་པའི་སེམས་ཀྱི་འཁྱེར་སྟངས་ཞིག་ཏན་ཏན་ཡོད་པར་ངེས། དེ་བས་གང་ལ་གཞན་དང་མི་གཅིག་པ་བྱེད་རྒྱུ་ཡོད་དུས། དེ་བྱེད་པ་ཞིག་ཡིན་པར་མངོན། འདི་ཡང་དོན་གྱིས། སྲིད་དོན་དང། ལོ་རྒྱུས་ཀྱི་གནས་བབས་མང་པོ་ཞིག་གིས་ངོས་ནས་བྱུང་བ་ཡིན་པའ་ཏན་ཏན་རེད། ཐོག་དང་པོ་མི་འདིས་གྲྭ་ཆས་འདྲ་གྱོན་ཁུལ་གྱིས་སངས་རྒྱས་མདོག་མདོག་དང། དེ་ནས་ལེའུ་ཧྥུན་ལྟ་བུ་ཞིག་བྱས་ནས་སློབ་གྲྭ་སོགས་སྒྲུབ་མདོག་བྱས། དེ་ནས་ཆེན་པོ་ཞིག་དང་ཡ་མཚར་ཅིག་ཤེས་ཁུལ་གྱིས། ༼ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ནི་ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་།༽ཞེས་བོད་ཀྱི་ཆོས་བ་དད་ལྡན་ཅན་དག་གི་སེམས་སུ། མི་ཟད་པའི་རྨ་ཁ་བཟོས། དེ་ནས་ཡེ་ཤུའི་ཆོས་ཚོགས་སུ་ཞུགས་ནས་ཡེ་ཤུའི་ཆོས་ཀྱི་དཔེ་དེབ་སྒྲིག་སྤྱོར་སོགས་བྱས། ད་དུང་དེ་བས་ཀྱང་ཡིད་མ་ཚིམ་པར་ཡེ་ཤུའི་ཆོས་སྤེལ་བ་ཚོའི་སྤྱོད་པ་དང། ཐབས་ཤེས་ལ་རྒྱབ་སྐྱོར་ལྟ་བུ་བྱས་ནས། ཁོ་ཚོས་ཆོས་སྤེལ་བ་འདི་ཡང་རྒྱུན་ལྡན་ཅན་དང། ཚུལ་མཐུན་ཡིན་པ་འདྲ་བ་ཞིག་བཤད་ནས་ཡིན་མདོག་བྱས། སྤྱིར་བཏང་ངས་ཁོག་ཏུ་དད་པ་ཇི་འདྲ་ཞིག་བྱེད་ཀིན་ཡོད་པ་རྩ་བ་ཉིད་ནས་ཤེས་ཀིན་མེད།ཤེས་འདོད་ཀྱང་མེད། དེ་ནི་ཁོས་སྒེར་གྱི་ལས་དབང་དང་མི་ཚེའི་འདེམས་ཁ་ཞིག་རེད། ཡིནའང་ཉེ་ཆར་སེང་རྡོར་གྱི་སྐད་ཆ་འགའ་ཤས་དང། ཡེ་ཤུའི་ཆོས་སྤེལ་ཚོ་ལ་རྒྱབ་སྐྱོར་ལྟ་བུ་ཞིག་དང། ཁོ་ཚོས་དེ་ལྟར་བྱེད་ཀིན་ཡོད་པའང་དོན་གྱིས་བོད་ཀྱི་ཆོས་ནུབ་དུ་དར་པ་དང་འདྲ་བ་ཞིག་བཤད་བཞིན་པའི་སྐད་ཆ་དེ་ལ་དམིགས་སུ་འོག་གི་སྐད་འདི་དག་བཤད་ཀིན་ཡོད། འོག་ཏུ་སྐད་ཆ་འདི་དག་སེང་རྡོར་རང་གིས་ཁ་ལས་བྱུང་བའི་སྐད་ཆ་རེད།

སེང་རྡོར། ༼བཙན་དང་གཡོ་སྒྱུས་དད་པ་སྒྱུར་གྱིན་འདུག་ཟེར་བར་ཁུངས་དང་། དཔང་ག་རེ་ཡོད། བཙན་དང་གཡོ་སྒྱུའི་མཚན་ཉིད་དང་མཚན་གཞི་རེ་ཞོག་དང་། ཡེ་ཤུའི་ཆོས་པ་སུས་གཞུང་གི་ཇུས་དང་དྲག་པོའི་དཔུང་ལ་བརྟེན་ནས་དད་པ་སྒྱུར་གྱིན་འདུག་ཤོད། ཁོ་དང་ཁོ་མོའི་མིང་ལ་ག་རེ་ཟེར།༽ ཞེས་བཙན་དང་གཡོ་ཡིས་བསྒྱུར་ཀིན་མེད་པ་འདྲ་བ་ཞིག་དང། ཆོས་སྤེལ་བ་དེ་དག་གི་བྱས་བ་ཐམས་ཅད་༼ཆོས་ལུགས་གང་ཡིན་ལ་མ་ལྟོས་པར་དགེ་བའི་ལས་ཤིག་ཡིན་པ་རེད།༽ཅེས་དགེ་བའི་ལས་ཞིག་རེད་ཅེས་བཤད་འདུག། སྤྱིར་བཏང་སེང་རྡོར་གྱིས་༼དགེ་བའི་ལས༽བོད་ཡིག་གི་ཚིག་འདི་བེད་སྤྱད་ནས། ཡེ་ཤུའི་ཆོས་སྤེལ་བ་དག་གིས་སྤྱོད་ལམ་ཞིག་འགྲེལ་བ་རྒྱག་བཞིན་ཡོད་པ་རེད་མོད། འདི་གཉིས་རྩ་བ་ཉིད་ནས་འདྲ་ཀིན་མ་རེད། གཅིག་ནི་འཇིག་རྟེན་ཕལ་བའི་ལུགས་སུ་བྱེད་ན། ནང་བ་སངས་རྒྱས་བ་དག་གིས་དགེ་ལས་བྱས་པ་ནི་རང་གིས་སྡིག་པ་བདག་ཆེད་དང། བསོད་ནམས་བསོག་བྱེད་དེ་རེད། སྟེར་ཡུལ་ག་འདྲ་ཞིག་ཡིན་ཀྱང་ཁྱད་པར་ཡོད་པ་མ་རེད། ཡེ་ཤུ་ཆོས་སྤེལ་བ་ཚོ་ནི། དེ་འདྲ་མ་རེད། ཁོ་ཚོས་སྒོར་མོ་སོགས་སྟེར་དོན་ནི། སྒོར་སོགས་ལེན་མཁན་གྱིམི་དེ་་དག་ཡེ་ཤུའི་ཆོས་སུ་བསྒྱུར་ཆེད་དང། རང་གིས་མངའ་འོག་ཏུ་འཇུག་ཆེད་རེད། འདི་གཉིས་རྩ་བའི་ཆ་ནས་མི་འདྲ་མ་ཟད། ནུབ་ཏུ་ཚན་རིག་དར་པ་དང་ལྷག་པར་རང་བཞིན་གནས་རིགས་ཀྱི་ལྟ་བ་དར་པའི་ཁུངས་ཡང་རྩ་བ་འདི་ལ་ཐུག་ཡོད་པ་རེད། དེ་བས་དགེ་ལས་སོགས་བྱེད་བཞིན་པའང་དོན་གྱིས་དབང་སྒྱུར་དང། ཁོ་ཚོའི་ཆོས་སུ་འགུགས་ཐབས་ཡིན་པ་དང། མིན་པར་བཤད་ནས། ཁོ་ཚོའི་ཆོས་སུ་འགུགས་ཐབས་བྱ་བཞིན་པ་ནི། དོན་གྱིས་གཡོ་སྒྱུ་རེད།

དེ་ནས་སེང་རྡོར་གྱི་མི་འཐུད་དུ། ༼ཁོ་ཚོས་ཚུར་ཡེ་ཤུའི་ཆོས་ལུགས་སྤེལ་བཞིན་པའི་སྐབས་ཁྱོད་ཀྱིས་ཕར་སངས་རྒྱས་ཆོས་ལུགས་སྤེལ་ན་མི་ཆོག་གམ། དེ་དག་གཅིག་ཀྱང་མི་ནུས་ཚེ་ཁྱོད་ཀྱི་དད་པ་གཞན་གྱིས་བཙན་གྱིས་བསྒྱུར་པ་མ་ཡིན་པར་དད་པ་ཁོ་རང་རང་བཞིན་ངང་གིས་འགྱུར་བ་རེད། འདི་ནི་ཡེ་ཤུའི་ཆོས་སྤེལ་པའི་སྐྱོན་མ་རེད་ལ་ཁྱོད་ཀྱི་སྐྱོན་ཡང་མ་རེད། སྨྲ་བསམ་བརྗོད་འདས་ཀྱི་འདམ་གསེས་རིགས་ཤིག་གིས་རེད། བོད་སྐད་ལྟར་བཤད་ན་༼དད་པ་༽ཟེར་བ་དེ་ཡིན་ལས་ཆེའོ། ། ༼དད་པ་༽ནི་ཨུ་ཚུགས་ཀྱིས་བསྲུང་རྒྱུ་ཞིག་མ་རེད་ལ་བཙན་ཚུགས་ཀྱིས་བསྒྱུར་རྒྱུ་ཞིག་ཀྱང་མ་རེད། ངང་གིས་སྐྱེས་ཏེ་ངང་གིས་འགག་པ་ནི་དད་པའོ། ༽ང་འཚམས་འདི་ལ་ཐོན་དུ་གད་མོ་ཆེན་པོ་ཞིག་དགོད་དགོས་བ་བྱུང་སོང། ཁོས་ནུབ་ཀྱི་དམངས་གཙོའི་ལམ་ལུགས་དང། འགྲོ་སྟངས་ཏིལ་འབྲུ་ཙམ་ཡང་ཤེས་ཀིན་མེད་པའི་མཚོན་རྟགས་སུ་མངོན། ཡེ་ཤུའི་ཆོས་སྤེལ་བ་ཚོས་ནམ་རྒྱུན་སྐད་ཆ་འདི་འདྲ་བཤད་ཀིན་ཡོད་པ་རེད། ཨ་རིའི་སོགས་ན་བོད་ཀྱི་བླ་མ་དང། དགེ་བའི་བཤེས་གཉེན། དེ་བཞིན་རྫུན་མ་དང་བཅོས་མའི་ཁྲབ་འབག་གྱོན་པའི་ཆོས་མིང་ཅན་མང་པོ་ཆོས་སྤེལ་བཞིན་ཡོད་པ་མ་ཟད། བོད་ཀྱི་ནང་ཆོས་ལ་དད་པ་བྱེད་མཁན་གྱི་མི་གྲངས་འཕར་ན་ད་ལྟ་མང་མཐར་ས་ཡ་དྲུག་བདུན་དང། ཉུང་མཐར་ཀྱང་ས་ཡ་གཉིས་གསུམ་ཙམ་ལ་སླེབས་བཞིན་པ་དང། ནང་ཆོས་ནི་ཆེས་མགྱོགས་པོ་དར་བཞིན་པའི་ཆོས་ལུགས་ཞིག་དང། མི་འཐུད་དུ་རྒྱ་ཆེན་པོ་དར་རྒྱུ་རེད་ཅེས་མཁས་བ་དག་གིས་སྔོན་དཔག་བྱེད་བཞིན་ཡོད་པ་དང། ལྷག་པར་ཏུ་ཡོན་ཏན་ཅན་དང། གྲོང་ཁྱེར་ཏུ་སྡོད་པ་དག་གི་ཁྲོད་དུ་རྒྱ་ཆེན་པོ་དར་བཞིན་པས། ཡེ་ཤུའི་ཆོས་སྤེལ་བ་ཚོ་དམིགས་གསལ་གྱི་མི་དགའ་བ་ཞིག་ཆགས་བསྡད་ཡོད་པ་རེད། ཡིནའང་ཨ་རིའི་དོན་གྱི་དམངས་གཙོ་དང། མི་རྣམས་ཀྱང་རང་དབང་རྒྱ་ཆེན་པོ་ཡོད་པས། སུས་ཀྱང་བཀག་འགོག་བྱེད་ཐུབ་བཞིན་ཡོད་པ་མ་རེད།

དེ་ན་ཡེ་ཤུའིཆོས་སྤེལ་བ་ཚོས། བོད་ནང་དུ་ཆོས་སྤེལ་བ་དང། བོད་ཀྱི་བླ་མ་དག་གིས་ནུབ་ཏུ་ཆོས་སྤེལ་བ་གཉིས་ལ་མི་འདྲ་བ་ཅི་ཡོད་དམ་ཞེ་ན། རྩ་བའི་ཆ་ནས་མི་འདྲ་བ་གཉིས་ཡོད་པ་རེད། དང་པོ་ནི། ནུབ་ཀྱི་རྒྱལ་ཁམས་ཅད་དམངས་གཙོའི་རྒྱལ་ཁམས་རེད། མི་རྣམས་ཀྱང་ཕྱོགས་གང་ཐད་ནས་སློབ་གཉེར་ཡོད་པ་དེ་འདྲ་རེད། དེ་བས་ཆོས་སྤེལ་མཁན་ཡོང་ཆོག་གིན་རེད་ལ། ཆོས་མི་སྤེལ་མཁན་ཀྱང་ཡོང་ཆོག་གིན་རེད། བོད་དུ་དེའི་ཕྱིར་ངས་གོང་དུ་བཤད་ཡོད་པ་བཞིན། ཡེ་ཤུའི་ཆོས་སྤེལ་བ་ཚོ་ཡོང་ཆོག་པ་དང། ནུབ་ཀྱི་ནང་བ་དང་ནང་བའི་རྗེས་འཇུག་པ་ཚོ་ཡོང་མི་ཆོག་པས། དེ་གཉིས་རྩ་བའི་ཐོག་ནས་མི་འདྲ་བ་མ་ཟད། འདྲ་མཉམ་དང་མ་རེད། དྲང་བདེན་མ་རེད། གཉིས་པ་ནི། ནུབ་དུ་བོད་ཀྱི་ཆོས་ཚོགས་ཐམས་ཅད། རང་མོས་རང་འཐད་ཀྱི་རང་གིས་དངུལ་བཏང། བླ་མ་སྐད་བཏང་། ཆོས་དཔེ་དཔེ་ཆ་དཔར་པ་ལས། བོད་མི་མང་ལ་རྫུན་བཤད་ནས་ཞབས་འདེབས་རྒྱབ། དངུལ་བསྡུས་དེ་ནས་ཆོས་ཚོགས་བཙུགས་པ་དང། བླ་མ་བོས་བ་སོགས་རྩ་བ་ཉིད་ནས་མ་རེད། འདིའི་སྐོར་མང་པོ་བཤད་དགོས་བ་མ་རེད། ནུབ་དུ་སྡོད་པ་ཞིག་ལ་ཕྲིས་དང། གསལ་བོ་ཧ་གོ་ཡོང་གིན་རེད།

དེ་དག་ལས་ཀྱང་དགོད་རྒྱུ་ཡོང་བ་ཞིག་ནི། སེང་རྡོར་ཟེར་པ་འདིས། ཡང་འདི་ལྟར་༼དྲིས་ལན། ཡིན་ན་ཐང་། ཡེ་ཤུའི་ཆོས་ལུགས་པ་ཚང་མ་བླུན་པོ་རེད་ཟེར་བ་དེས་མ་མཐའ་ཡང་དོན་དག་གསུམ་ལ་ཁ་ཚོན་བཅད་འདུག གཅིག་ནི། འཛམ་གླིང་གི་མི་མང་ཤོས་བླུན་པོ་རེད་ཟེར་བ་རེད། གཉིས་ནི། ཨ་རི་སོགས་རྒྱལ་ཁབ་སྔོན་ཐོན་དག་བླུན་པོ་རེད་ཟེར་བ་རེད། གསུམ་ནི། ཉིག་ཏོན། ཀི་པེ་ཉིས། ཨེ་ཡེན་སི་ཏན། ཧཱ་ཧྲིན་ཏོན། ལིས་ཀིན། ནིས་ཁི་ཟོན། ཟོན་ཀྲོང་ཧྲན། ཏིག་ལན་སོགས་བླུན་པོ་རེད་ཟེར་བ་རེད། ༽འཛམ་གླིང་ཏུ་ཁོ་ཚོའི་རྗེས་སུ་འཇུག་མཁན་མང་པོ་རེད། དེ་ནི་ལོ་མང་པོར་དགེ་ཆོས་ཀྱིས་བཤད་པ་བཞིན། མེ་མདའ་དང་མཉམ་དུ་སོང་ནས་ཆོས་དེ་སྤེལ་བ་རེད། དེ་བཞིན་ཨ་རིའི་རྩ་ཁྲིམས་སུ་ཡེ་ཤུའི་ཆོས་དང་སྲིད་གཉིད་ཐ་དད་དུ་ཕྱེ་དགོས་ཞེས་གསལ་བོ་བཤད་ཡོད། ཨ་རི་ནི་ཡེ་ཤུའི་ཆོས་ཀྱི་རྒྱལ་ཁམས་ཡིན་པ་འདྲ་བ་ཞིག་བཤད་བཞིན་པ་ནི། ཨ་རིའི་ཡེ་ཤུའི་ཆོས་བ་དག་གིས་རྫུན་བཤད་དང། གཡོ་སྒྱུའི་སྐད་ཆ་རང་རེད། ད་དུང་ཡ་དབྱིན་སི་ཐན་ནི་ཡེ་ཤུ་བ་མ་རེད། ཉིག་ཏོན་དང། ལིན་ཁུན་སོགས་ཀྱིས་ཡེ་ཤུའི་ཆོས་སྤེལ་བ་ཕར་ཞོག། དེ་དག་ལ་ངོ་རྒོལ་བྱས་ཡོད་མཁན་དག་རེད།

དི་ལྟར་སྨན་བླ་སྐྱབས་དང་སེང་རྡོར་གཉིས་ཀྱི་སྐོར་ལ་འཕྲོས་ནས། བོད་དུ་ཡེ་ཤུའི་ཆོས་སྤེལ་བའི་སྐོར་མདོར་ཙམ་གླེང་པ་ནི། སྐད་ཆ་འགའ་དང། དྲི་བ་འགའ་ཞིག་ཡིན། ༼༡༽ངས་གོང་དུ་གསལ་བཤད་བྱས་ཡོད་པ་ནི། ཡེ་ཤུ་ཆོས་སྤེལ་བ་ཚོ་ལ། ཞབས་འདེགས་སྒྲུབ་མཁན་ནི། སྨན་བླ་སྐྱབས་དང། སེང་རྡོར་གཉིས་གཅིག་པོ་མ་རེད། མངོན་དང་མི་མངོན་པའི་ལམ་ནས་མི་མང་པོ་འདུག་པ་མ་ཟད། རྗེས་མར་ཀྱང་མི་འཐུད་དུ་མང་པོ་ཡོང་གིན་རེད་བསམ་ཀིན་ཡོད། ༼༢༽ཁོ་གཉིས་ལ་དམིགས་གསལ་བྱས་ནས་ཇི་ཞིག་ལ་བཤད་དགོས་བ་རེད་དམ། གོང་བཤད་བཞིན། དེ་ནི་ང་ཚོས་བྱིས་བ་དག་ལ་རག་ལས་བ་ཞིག་དང། ལྷག་པར་སྨན་བླ་སྐྱབས་ཀྱིས་ཕྱོགས་གཅིག་ལ་ཟུར་ཟ་དང། མཐོང་ཆུང། ཤུགས་ཀྱིས་བསྟོད་རྩོམ་སོགས་མི་འབྲི་ཞེས་ཁྱབ་བསྒྲགས་བྱ་ཁུལ་བྱས། ཕྱོགས་གཅིག་ནས་ཡེ་ཤུའི་གློག་བརྙན་ཚུན་ཆད་བསྒྱུར་ཡོང་ན། སྒྱུ་རྩལ་པ་ཞིག་ལ་ཚང་དགོས་བའི་དྲང་བདེན་དང། ལྷུན་ཆགས་དེ་མ་ཡིན་པར། བཅོས་མ་དང་རང་ཚུགས་མེད་པའི་སྤྱོད་པ་དེ་མཚོན་བཞིན་ཡོད་པ་དེ་རེད། སྤྱིར་ནི་སྨན་བླ་སྐྱབས་ནི །སྐད་གྲགས་ཅན་གྱི་མི་རེད། ང་ཚོའི་རྒྱང་བསྒྲགས་དང་བརྙན་འཕྲིན་ནང་ནས་མཐོང་དགོས་བ་ཞིག་རེད། དེ་བས་ཁོ་མི་ག་འདྲ་ཞིག་ཡིན་པ་ཤེས་རྒྱུ་ནི། ང་ཚོ་ལ་ཡོད་འོས་བའི་ཐོབ་ཐང་རེད། དེ་བཞིན་སེང་རྡོར་གྱིས་མངོན་གསལ་དོད་པོས། ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ཤོབ་ཞེས་དང། བླ་མ་དང་གྲྭ་བ་དག་ཟུར་ཟ་དང་མཐོང་ཆུང་རྩོམ་མང་པོ་བྲིས་འདུག་པ་མ་ཟད། དེ་དག་རྒྱ་ཁྱབ་ཏུ་བཀྲམས་ནས། དཔར་སྐྲུན་བྱས་འདུག་པས། བྱིས་བ་རྣམས་ཀྱིས་ཀློག་བཞིན་པས། རྩོམ་པ་པོ་དེ་དག་གི་སྤྱོད་པ་དངོས་ཤེས་བའི་ཐོབ་ཐང་ལ་ང་ཚོ་ཡོད་འོས་བ་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་གང་གི་ལུགས་དང་མཐུན་པ་ཞིག་རེད། ༼༣༽ད་བར་ཏུ་དོན་གྲུབ་རྒྱལ་དང། ཞོགས་དུང་སྨན་བླ་སྐྱབས་སོགས་མཚོན་པའི་རིག་གསར་གྱི་སྐབས་སུ་བྱུང་བའི་སློབ་གྲྭ་བ་དང་ལས་བྱེད་པ་དག་གིས། བོད་ཀྱི་གནའ་མིའི་ཤེས་རིག་དང། ལོ་རྒྱུས། དད་མོས། སེམས་ཀྱི་འཁྱེར་སྲོལ་ལ་ཟུར་ཟ་དང། མཐོང་ཆུང། ནུས་བ་ཇེ་ཆུང་དུ་གཏོང་ཅི་ཐུབ་བྱས་ནས་ཡོང་བ་ཞིག་རེད། ཁོ་ཚོས་འདི་ལྟར་བྱེད་དགོས་བའི་རྒྱུ་མཚན་ཅི་ཡིན་ནམ། ༼༤༽ངས་བལྟས་ན། ཁོ་ཚོས་བོད་ཀྱི་ཡོད་ཚད་ལ། མར་ཁེ་སི་དང། མོའི་ཙེ་ཏུང་གི་ལྟ་བའི་ཐོག་ནས་འགྲེལ་བ་རྒྱག་བཞིན་པ་བཞིན་དུ། ང་ཚོས་རིགས་པ་དང་བདེན་པ་གཙོ་བོ་བཟུང་ནས། ཁོ་ཚོ་ལ་ནུབ་ཀྱི་ཤེས་རིག་ཡང་བཅུད་དང། བོད་ཀྱི་ཐུན་མོང་པའི་ཚད་མ་རིགས་པའི་འགྲོ་སྟངས་ཀྱི་ཐོག་ནས་ཁོ་ཚོས་ང་ཚོའི་ཡོད་ཚད་ལ་འགྲེལ་རྒྱག་པ་བཞིན་དུ། ང་ཚོས་ཀྱང་ཁོ་ཚོའི་་ལོ་རྒྱུས་ཀྱི་དོ་རྭ། སློབ་གསོའི་ཐོབ་སྟངས། སེམས་ཀྱི་འཁྱེར་སྟངས་དང། དགའ་སྡུག་སྐྱོ་གསུམ་ལ་ཞིབ་དཔྱད་དང། རྩོམ་སོགས་སྤེལ་དགོས་བ་ཞིག་རེད་བསམ་ཀིན་ཡོད། འདི་ནི་ལོ་རྒྱུས་ཀྱི་ལས་འགན་དང། ང་ཚོ་ལ་བབས་པའི་ལས་ཀ་རེད།

སྤྱིར་བཏང་ཡེ་ཤུའི་ཆོས་ཀྱི་ལོ་རྒྱུས་ནི། ཚན་རིག་དང་རིགས་པ་གཙོ་བོ་འཛིན་པའི་བཀག་འགོག་དང། གཉའ་གནོན། བཙལ་འཛུལ་གྱི་ལོ་རྒྱུས་དེ་རེད། ཡེ་ཤུའི་ཆོས་པ་ཚོས། ཆོས་ཁྲིམས་དང་འགལ་བར་ཁ་གཡར་ནས། ཚན་རིག་པ་མང་པོ་མེ་བསྲེགས་བཏང་ཡོད་པ་མ་ཟད། ཐོག་དང་པོ་ཡེ་ཤུའི་གསུང་རབ་སྐད་རིགས་གཞན་ཏུ་བསྒྱུར་པར་ངོ་རྒོལ་གྱིས། དཔེར་ན་སྔོན་དུ་ཡེ་ཤུའི་དམ་པའི་གསུང་རབ་དབྱིན་ཇི་ཡི་གེ་རུ་བྲིས་བ་འགའ་གསོན་བསྲེགས་བཏང་བའང་ཡོད་པ་རེད། འདི་ལྟར་བཤད་ན། ད་ལྟ་ཁོ་ཚོས་རྩོལ་བ་ཆེན་པོས་ཡེ་ཤུའི་དམ་པའི་གསུང་རབ་སོགས་བོད་ཡིག་ཏུ་བསྒྱུར་བཞིན་པའང་ཁྱད་འཚར་པོ་རེད། དེ་བས་ད་ལྟ་ཁོ་ཚོས་ཚན་རིག་དང། ནུབ་ཀྱི་དམངས་གཙོའི་ལྟ་གྲུབ་ཐམས་ཅད་། ཁོ་ཚོའི་ཆོས་ལ་བརྟེན་ནས་ཡོང་བ་འདྲ་བ་ཞིག་བཤད་བཞིན་པ་ནི། རྫུན་མ་དང། བཅོས་མ། འགན་ཁུར་མེད་པའི་འཕྱོན་མའི་སྐད་ཆ་འགའ་རེད་དངོས་རེད།

ཡང་གནས་ཚུལ་གཞན་ཞིག་ནི། བཟའ་འཁོར་འདི་རུ་ཡང་ཨ་རིའི་སྐད་གྲགས་ཅན་གྱི་བཟའ་རེའི་དུས་དེབ་ཐོག། Time ཟེར་པའི་ཐོག་ཏུ།མཁྲེགས་སྤྱོད་ཅན་གྱི་ཡེ་་ཤུའི་ཆོས་སྤེལ་བ་དག་གིས་བོད་ཁམས་སུ། ཇི་ལྟར་ཡེ་ཤུའི་ཆོས་སྤེལ་ལ་སྐོར་ནས་གནས་ཚུལ་ཞིབ་ཕྲ་བྲིས་ནས། ཡེ་ཤུའི་ཆོས་སྤེལ་བ་དག་ལ་དགག་པ་དང། ཟུར་ཟ་བྱས་ཡོད་པ་དང། རྩོམ་དེའི་འོག་ཏུ་མཆན་མང་པོ་བཏབ་ཡོད་པ། དེའི་ནང་དུ་ཨ་རིའི་མི་མང་པོ་ཞིག་ཡེ་ཤུའི་ཆོས་སྤེལ་བ་ཚོ་ལ། ཁ་རྡུང་བཏང་གིན་ཡོད་འདུག། སྤྱིར་བཏང་ཨ་རི་གཙོ་བྱས་བས། ནུབ་ཀྱི་རྒྱལ་ཁམས་ཀྱིས་མི་མང་ཆེ་བས། དེ་བཞིན་ཡེ་ཤུའི་ཆོས་བ་མང་ཆེ་བས། འདི་ལྟ་བུ་ཆོས་སྤེལ་བ་འགོག་རྒོལ་དང། ངོ་རྒོལ་ཧ་ལས་བ་བྱེད་ཀིན་འདུག།

༼ཟུར་བཤད། འདི་ནི་རིག་གཞུང་ལས་འཕྲོས་བའི་ཟིན་ཐོ་ཞིག་ཡིན། སྨན་བླ་སྐྱབས་དང་སེང་རྡོར་གཉིས་ཀྱང་དེང་དུས་བོད་ནང་དུ་དངོས་སུ་ཡོད་པའི་རིག་གཞུང་གི་མཚོན་བྱེད་ཅིག་རེད།དེའི་ཁུངས་དང། ཇི་ལྟར་བྱུང་མིན། ཇི་ལྟར་མངོན་ཚུལ་སོགས་གསལ་བོ་གཏན་ལ་འབབ་རྒྱུ་ནི། རིག་པའི་གནས་སུ་འཇུག་མཁན་གྱི་མི་དག་གིས་འགན་ཁུར་རེད།དེ་བས་ངས་ཀྱང་སྐད་ཆ་དྲང་མོ་ཞིག་བཤད་ཡོད་ཡོད་པ་ལས།སྒྲོ་བཏགས་པ་དང་མི་སྒེར་གྱི་སྤྱོད་པ་གླེང་བ་ནམ་ཡང་མེད།ཡིནའང་ཁོ་གཉིས་ཀྱིས་སྤྱོད་པ་དེ་དག་ལ་བོད་མི་མང་དང། ལྷག་པར་ཏུ་བོད་ཀྱི་བྱིས་བ་དག་གི་བསྐྱེད་བསྲིང་ལ་རག་ལས་བས།སྐད་ཆ་འདི་བཤད་པ་ཡིན། དེ་ཡང་དོན་གྱིས་ང་བརྒྱད་རིག་གསར་གྱི་ཤན་ཞུགས་འོག། མི་རྣམས་ཀྱི་སེམས་རབ་རིབ་བཏང་བའི་འཇུག་འབྲས་རེད། ཟིན་ཐོ་འདི་ནི། བོད་ཀྱི་རྙིང་གཏོར་པ་དག་གི་སྐོར་གླེང་བཞིན་པའི་ཆ་ཤས་ཞིག་ཡིན། མ་ཤི་བའི་རུས་ཀོང་དེ་ད་དུང་ལྷག་བསྡད་ན་དེའི་སྐོར་རྗེས་མར་མུ་འཐུད་དུ་གླེང་གིན་ཡིན།༽

Leave a Reply

Your email address will not be published.