རྙིང་མ་བའི་གྲུབ་མཐའ་ཇི་ལྟར་བྱུང་ཚུལ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། ཐོག་མར་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐུགས་རྗེ་ཆེན་པོའི་བསྐྱེད་རྫོགས་སོགས་ཀྱི་གདམས་པ་རྒྱ་ཆེར་གསུངས་ཤིང་ཉམས་སུ་ལེན་པ་ཡང་མང་དུ་བྱུང་སྟེ། བོད་ཁམས་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་ཤིང་ཡིག་དྲུག་བཟླ་བ་འདི་ཐོག་མར་འདི་ནས་དར། དེ་དུས་རྒྱ་གར་ནས་སློབ་དཔོན་ཀུ་ས་ར་དང༌། བྲམ་ཟེ་ཤམ་ཀ་ར། བལ་པོའི་སློབ་དཔོན་ཤྲི་ལ་མཉྫུ་སོགས་སྤྱན་དྲངས་ནས་རྒྱུད་ཀྱི་ཆ་ལག་མང་དུ་བསྒྱུར་ཞེས་ཀ་ཁོལ་མར་འབྱུང༌། དེ་ནས་མི་རབས་ལྔ་ན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་པཎྜི་ཏ་ཆེན་པོ་ཤཱནྟ་རཀྵི་ཏ་སྤྱན་དྲངས། མཁན་པོས་དགེ་བ་བཅུ་དང༌། ཁམས་བཅོ་བརྒྱད་ལ་བརྟེན་པའི་ཆོས་གསུངས་ཤིང་ཡན་ལག་བརྒྱད་པའི་ཁྲིམས་ཕོག་པས་ཡུལ་ལྷ་མཐུ་བོ་“ཆེ་རྣམས་མ་དགའ་བར་གཉན་ཆེན་ཐང་ལྷས་དམར་པོ་རི་ལ་ཐོག་ཕབ། ཡར་ལྷ་ཤམ་པོས་ཡར་ཀླུང་ཕང་ཐང་གི་ཕོ་བྲང་ཆུ་ལ་བསྐུར། བསྟན་མ་བཅུ་གཉིས་ཀྱིས་མི་ནད་ཕྱུགས་ནད་མང་དུ་བཏང་བ་ལ། མཁན་པོས་ཐོག་མར་བོད་ཀྱི་ལྷ་སྲིན་མ་རུངས་པ་རྣམས་འདུལ་དགོས་པ་འདུག་པས། སློབ་དཔོན་པདྨ་འབྱུང་གནས་སྤྱན་དྲངས་གསུངས་པ་བཞིན་རྒྱལ་པོས་ཕོ་ཉ་བ་མངགས་པས། སློབ་དཔོན་གྱིས་མངོན་པར་ཤེས་པས་མཁྱེན་ནས་རྒྱ་གར་ནས་ཚུར་བྱོན་པ་དང་ལམ་དུ་མཇལ་ཏེ་བོད་དུ་གདན་དྲངས། ལྷ་སྲིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། ནམ་མཁའ་ལ་རྡོ་རྗེའི་འགྲོས་དང་བཅས་ཏེ་ས་འདུལ་མཛད་ནས་ཟན་ཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། རྗེ་དང་འབངས་ཉེར་ལྔ་སོགས་སྣོད་ལྡན་མང་པོར་ཡོ་ག་རྣམ་པ་གསུམ་གྱིས་སྨིན་གྲོལ་ལ་བཀོད་པས་གྲུབ་ཐོབ་མང་པོ་བྱུང་སྟེ།ནམ་མཁའི་སྙིང་པོ་ཉི་མའི་ཟེར་ལ་ཆིབས། །སངས་རྒྱས་ཡེ་ཤེས་བྲག་ལ་ཕུར་བུ་འདེབས། །རྒྱལ་བ་མཆོག་དབྱངས་རྟ་སྐད་ཐེངས་གསུམ་ཐོན། །མཁར་ཆེན་མཚོ་རྒྱལ་བསད་པའི་མི་རོ་སློངས། །དཔལ་གྱི་ཡེ་ཤེས་མ་མོ་མངོན་སུམ་འཁོལ། །དཔལ་གྱི་སེང་གེ་ལྷ་སྲིན་བྲན་དུ་འཁོལ། །བཻ་རོ་ཙ་ན་ཡེ་ཤེས་སྤྱན་དང་ལྡན། །མངའ་བདག་རྒྱལ་པོ་འཇིག་རྟེན་མི་གཡོ་གྲུབ། །གཡུ་སྒྲ་སྙིང་པོ་རྟོགས་པའི་མཆོག་དང་ལྡན། །ཛྙཱ་ན་ཀུ་མཱར་ནི་རྫུ་འཕྲུལ་སྟོན། །རྡོ་རྗེ་བདུད་འཇོམས་རླུང་ལྟར་ཐོགས་པ་མེད། །ཡེ་ཤེས་དབྱངས་ནི་མཁའ་སྤྱོད་གནས་སུ་གཤེགས། །སོག་པོ་ལྷ་དཔལ་གཅན་གཟན་གཉའ་ནས་འཛིན། །སྣ་ནམ་ཡེ་ཤེས་མཁའ་ལ་བྱ་ལྟར་ལྡིང༌། །དཔལ་གྱི་དབང་ཕྱུག་ཕུར་པ་གདངས་ཚད་འགུམ། །ལྡན་མ་རྩེ་མང་མི་བརྗེད་གཟུངས་རྣམས་ཐོབ། །སྐ་བ་དཔལ་བརྩེགས་གཞན་གྱི་སེམས་རྣམས་ཤེས། །ཤུད་བུ་དཔལ་སེང་ཆུ་བོ་གྱེན་དུ་ལྡོག །རྒྱལ་བའི་བློ་གྲོས་རོ་ལངས་གསེར་དུ་བསྒྱུར། །ཁྱེའུ་ཆུང་ལོ་ཡིས་ནམ་མཁའི་བྱ་རྣམས་ཟིན། །དྲན་པ་ནམ་མཁས་བྱང་ནས་གཡག་རྒོད་ཁུག །འོ་བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་འཛུལ། །རྨ་ཐོག་རིན་ཆེན་ཕ་བོང་ཟས་སུ་ཟ། །དཔལ་གྱི་རྡོ་རྗེ་རི་བྲག་ཐོགས་པ་མེད། །ལང་འགྲོ་དཀོན་མཆོག་ཐོག་ཆེན་མདའ་ལྟར་འཕེན། །རྒྱལ་བའི་བྱང་ཆུབ་མཁའ་ལ་སྐྱིལ་ཀྲུང་འཆའ། །ཞེས་སོ།།སྔགས་འཆང་དྷརྨ་ཀིརྟི། བི་མ་ལ་མི་ཏྲ། སངས་རྒྱས་གསང་བ། ཤཱནྟི་གརྦྷ་སོགས་རྒྱ་གར་གྱི་པཎྜི་ཏ་གཞན་ཡང་མང་པོ་བྱོན་པས། དྷརྨ་ཀིརྟིས་ཀྱང་ཡོ་ག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སོགས་མཛད། བི་མ་ལ་མི་ཏྲ་སོགས་སློབ་དཔོན་གཞན་རྣམས་ཀྱིས་ཀྱང་སྣོད་ལྡན་རེ་གཉིས་ལ་གདམས་པ་ཅི་རིགས་བསྟན། དེ་དག་གིས་མཚན་ཉིད་ཀྱི་གཞུང་ཆེན་མོའི་བཤད་པ་མཛད་སྐད་མི་འདུག་ཅིང༌། གསང་སྔགས་ཀྱང་བཀའ་ཤིན་ཏུ་དམ་པས་ཁྱབ་གདལ་ཆེ་བ་མ་མཛད། འོན་ཀྱང་བཻ་རོ་རྨ་“གཉགས་གནུབས་སོགས་ཀྱིས་ཀུན་བྱེད་རྒྱལ་པོ། མདོ་དགོངས་འདུས། སྒྱུ་འཕྲུལ་སྒྲུབ་སྡེ་བརྒྱད་ཀྱི་ལུང་མན་ངག་རྣམས་གསང་བའི་ཚུལ་གྱིས་བསྒྱུར། སློབ་དཔོན་ཆེན་པོས་མ་འོངས་པའི་དོན་དུ་རི་བྲག་མཚོ་སོགས་ལ་གདམས་པ་ཟབ་མོ་དུ་མ་གཏེར་དུ་སྦས་ཏེ། ལྷོ་ནུབ་རྔ་ཡབ་གླིང་དུ་གཤེགས་སོ། །དེ་ལྟ་ན་གསང་སྔགས་རྙིང་མའི་ཆོས་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ནས་ཐོར་བུ་ཙམ་བྱུང་མོད་ཀྱང༌། རྒྱ་ཆེ་བ་ནི་ཁྲི་སྲོང་གི་སྐབས་ནས་ཡིན་ལ། གཙོ་བོར་སློབ་དཔོན་པདྨ་དང༌། བཤད་མ་ཐག་པའི་སློབ་དཔོན་གཞན་དེ་དག་ལས་བྱུང་བའང་མང་ངོ༌།།སྐབས་འདིར་སློབ་དཔོན་ཆེན་པོའི་རྣམ་ཐར་རྒྱས་པར་བརྗོད་འོས་ཀྱང༌། རྣམ་ཐར་ལ་མི་མཐུན་པ་མང་བས་གཅིག་ཏུ་ཁ་ཚོན་གཅོད་དཀའ་ཞིང་ཡིག་ཚོགས་ཆེ་བས་ཀྱང་འཇིགས་ནས་མ་བཀོད་དོ། །འགའ་ཞིག་གིས་སློབ་དཔོན་པདྨ་བོད་དུ་ཟླ་བ་ཁ་ཤས་ལས་མ་བཞུགས་ཤིང༌། དེའི་རིང་ལའང་ལྷ་སྲིན་འདུལ་བ་དང་བསམ་ཡས་ཀྱི་རབ་གནས་མཛད་པ་ཙམ་ལས་ཆོས་མང་དུ་མ་གསུངས། སློབ་དཔོན་ཕྱིར་གཤེགས་རྗེས་མུ་སྟེགས་པ་ཞིག་སློབ་དཔོན་དུ་བརྫུས་ནས་མགོ་ལ་རྒོད་སྒྲོ་བཙུགས་པ་སོགས་དེང་སང་ཨོ་རྒྱན་ཟ་ཧོར་མར་གྲགས་པ་འདིའི་ཆ་བྱད་ཀྱིས་བོད་དུ་འོངས་ནས་རྙིང་མའི་ཆོས་སྣ་ཚོགས་པ་འདི་དར་བར་བྱས་སོ་ཟེར་བ་ནི་ཆགས་སྡང་གི་གཏམ་ཡིན་པར་མངོན་ནོ། །ཡང་འགའ་ཞིག་གིས་རྙིང་མའི་ཆོས་རྣམས་གུ་རུ་ཆོས་དབང་གིས་བྱས་པ་ཡིན། དེང་སང་ཨོ་རྒྱན་ཟ་ཧོར་མ་ཞེས་གྲགས་པ་འདི་ཡང་ཆོས་དབང་གི་ཆ་བྱད་ཡིན་ཟེར་བ་ནི། གུ་རུ་ཆོས་ཀྱི་དབང་ཕྱུག་དུས་ཕྱིས་བྱུང་བའི་གཏེར་སྟོན་ཞིག་ཡིན་པས་དུས་ཀྱང་མི་མཚུངས་པ་མ་ཤེས་པའི་བབ་ཅོལ་སྨྲ་བར་ཟད་དོ།།“རྙིང་མའི་ལུགས་ལ་ཐེག་པ་རིམ་པ་དགུའི་རྣམ་བཞག་བྱེད་དེ། ཉན་ཐོས། རང་རྒྱལ། བྱང་སེམས་ཏེ་སྤྲུལ་སྐུ་ཤཱཀྱ་ཐུབ་པས་གསུངས་པའི་ཐུན་མོང་གི་ཐེག་པ་གསུམ། ཀྲྀ་ཡ། ཨུ་པ། ཡོ་ག་སྟེ་ལོངས་སྐུ་རྡོ་རྗེ་སེམས་དཔས་གསུངས་པའི་གསང་སྔགས་ཀྱི་ཕྱིའི་ཐེག་པ་གསུམ་བསྐྱེད་པ་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་སྟེ་ཆོས་སྐུ་ཀུན་ཏུ་བཟང་པོས་གསུངས་པའི་ནང་གི་ཐེག་པ་བླ་ན་མེད་པ་གསུམ་བཅས་དགུའོ། །ཡང་ཕྱིའི་རྒྱུད་སྡེ་དང་ནང་གི་རྒྱུད་སྡེ་གཉིས་ལས། ཕྱི་ཀྲྀ་ཡའམ་བྱ་རྒྱུད་རྣམས་སྟོན་པ་ཤཱཀྱ་ཐུབ་པ་ཉིད་ཀྱིས་གསུངས། ཨུ་པའམ་སྤྱོད་རྒྱུད་དང༌། ཡོ་ག་སྟེ་རྣལ་འབྱོར་རྒྱུད་རྣམས་ནི་རྣམ་པར་སྣང་མཛད་ཀྱིས་གསུངས། ནང་བླ་མེད་ཀྱི་རྒྱུད་རྣམས་ནི་རྡོ་རྗེ་འཆང་ཆེན་པོས་ཆོས་འབྱུང་ཡངས་པའི་ཞིང་ཁམས་སུ་གསུངས་པར་བཤད། དེ་དག་ལས་བླ་ན་མེད་པའི་ཐེག་པ་ནི་“གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པས་དག་ས་ལ་གནས་པའི་གདུལ་བྱ་ལ་རྩོལ་མེད་ལྷུན་གྲུབ་ཏུ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བར་དུས་བཞིར་དུས་མེད་དུ་སྟོན་པར་བྱེད་ཅིང༌། དེ་ལྟ་བུའི་ཆོས་ཀྱི་རྣམ་གྲངས་ནི་ནམ་མཁའ་དང་མཉམ་པས་ཚད་གཟུང་དང་བྲལ་བ་སྟེ། དེ་ལས་ཉུང་ཟད་ཙམ་ཞིག་འཛམ་བུའི་གླིང་འདིར་དགའ་རབ་རྡོ་རྗེ་དང༌། ཤྲཱི་སིངྷ་དང༌། ཛྙཱ་ན་སཱུ་ཏྲ་དང༌། བི་མ་ལ་དང༌། པདྨ་ཀཱ་ར་སོགས་མཆོག་གི་དངོས་གྲུབ་བརྙེས་པའི་རིག་པ་འཛིན་པ་རྣམས་ཀྱིས་གསལ་བར་མཛད་དོ་ཞེས་འཆད།།བརྒྱུད་པའི་རིམ་པ་ལ། རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་གསུམ་དང༌། ཡང་བཀའ་བབས་ལུང་བསྟན་གྱི་བརྒྱུད་པ། ལས་འཕྲོ་གཏེར་གྱི་བརྒྱུད་པ། སྨོན་ལམ་“གཏད་རྒྱའི་བརྒྱུད་པ་སྟེ་བརྒྱུད་པ་དྲུག་གི་རྣམ་བཞག་ཀྱང་བྱེད་དོ། །དེ་དག་ཞིབ་ཏུ་བྲིས་ན་མང་བར་འགྱུར་བས་དེ་ཙམ་ལས་མ་སྤྲོས་སོ།…
པདྨ་དྲག་སྔགས་གླིང་པའི་བསྟན་རྒྱས་སྨོན་ལམ།ཨེ་མ་ཧོ།།པདྨའི་རིང་ལུགས་སྔ་འགྱུར་རྫོགས་པ་ཆེ།།པདྨའི་ཟབ་གཏེར་དགོངས་པའི་མཛོད་འཛིན་པའི།།པདྨ་དྲག་སྔགས་གླིང་པའི་གཏེར་ཆོས་ཀུན།།ཀུན་བཟང་མཁའ་ཁྱབ་ཞིང་དུ་སྤེལ་གྱུར་ཅིག།བིརྱ་དྷཱ་ར་སྭ་ར་སྭཱ་སྟི་དྷ྄ེ་ཝའི་ངོར་ཤྲཱིས་སོ།། 18/11/2019
༒བླ་མ་ལོ་མ་འམ་འོད་ཟེར་མཐར་ཕྱིན་དྲན་པའི་མེ་ལོང་།ཀྱེ་ཀྱེ་ཧོ།། བླ་མ་མཁྱེན་ནོ།གདོད་ནས་སྐྱེ་མེད་རྡོ་རྗེ་ཀུན་ཏུ་བཟང་།།བདེ་ཆེན་འགགས་མེད་གཉུག་མའི་ཡེ་ཤེས་སྐུ།།འོད་ཟེར་མཐར་ཕྱིན་རྒྱལ་བ་ཞི་ཁྲོ་ཡིས།།ཀུན་ཏུ་ཤིས་པའི་བདེན་ཚིག་གྲུབ་པར་མཛོད།།རབ་འབྱམས་རྒྱལ་བའི་སྤྱི་གཟུགས་སྤྲུལ་པའི་སྐུ།།བདེ་གཤེགས་མངོན་གྱུར་མཚན་དཔེས་ལང་ཚོའི་དཔྱིད།།འཆི་མེད་རིག་འཛིན་མཚོ་སྐྱེས་རྡོ་རྗེ་སོགས།།ཀུན་བཟང་བརྒྱུད་པར་བཅས་པའི་དངོས་གྲུབ་སྩོལ།།རྨད་བྱུང་ཐུགས་བསྐྱེད་བདུད་རྩིའི་སྤྲིན་དཀར་ལས།།འགྲོ་ཁམས་བྱིན་རླབས་འཇོ་བའི་འདོད་དགུའི་ཆར།།ཇི་བཞིན་སྩོལ་བའི་དངོས་གྲུབ་དཔལ་མངའ་བའི།།གྲུབ་པའི་དབང་ཕྱུག་འོད་ཟེར་མཐར་ཕྱིན་དྲན།།མཁྱེན་རབ་ཡེ་ཤེས་རྡོ་རྗེ་རྣོན་པོའི་གཏེར།།བརྩེ་ཆེན་ཐུགས་རྗེ་བསྟན་འགྲོ་ཡོངས་ཀྱི་མགོན།།ནུས་སྟོབས་དབང་ཕྱུག་འཕགས་མཆོག་རྒྱལ་བའི་སྲས།།མཁས་གྲུབ་རིག་འཛིན་ལོ་མ་ཡང་ཡང་དྲན།།རིས་མེད་ཆོས་ཚུལ་རྒྱ་མཚོར་ཐོས་བསམ་མཛད།།བསྐྱེད་རྫོགས་རྫོགས་ཆེན་སྒོམ་པའི་སྒྲུབ་པ་མཛད།།དཀྱིལ་འཁོར་རྒྱ་མཚོའི་དགོངས་པ་མངོན་གྱུར་པ།།གཏེར་ཆེན་དམ་པའི་ཐུགས་སྲས་ཁྱེད་མིན་སུ།།རྒྱལ་བའི་བཀའ་གཏེར་བསྟན་བཅོས་མཐའ་དག་ལ།།བཤད་སྒྲུབ་ཕྲིན་ལས་སྤེལ་བའི་འགྲོ་བའི་སྐྱབས།།དམ་ཆོས་མདོ་སྔགས་བསྟན་པའི་ཉི་ཟླའི་དཔལ།།དགེ་འདུན་རིན་ཆེན་སྣང་བའི་འོད་ཟེར་འབར།།ཉོན་མོངས་ཚ་གདུང་སྐྱོབ་པའི་གདུགས་དཀར་བཀྲ།།བཀྲ་ཤིས་གཡས་འཁྱིལ་དུང༌དཀར་སྒྲ་དབྱངས་ཤིས།།ཆོས་བཞིན་སྤྱོད་པའི་དཔལ་གྱི་བེའུས་རྒྱན།།བདེ་ལེགས་གསེར་ཉས་གཏམས་པའི་བླ་མ་དྲན།།ལྷག་བསམ་པདྨ་དཀར་པོའི་ཐུགས་ཡོན་ཅན།།བསྟན་པའི་རྒྱལ་མཚན་འཛིན་པའི་དགེ་བའི་བཤེས།།འདོད་འབྱུང་བུམ་པ་བཟང་པོའི་བསོད་ནམས་མཐུས།།ཆོས་རྒྱལ་འཁོར་ལོ་དམ་པའི་བླ་མ་དྲན།།སྐུ་བཞིའི་དབང་ཕྱུག་བླ་མའི་དགོངས་དོན་རྣམས།།གསང་གསུམ་རྡོ་རྗེའི་དཔལ་དུ་ཡོངས་གཏམས་པས།།དོན་གཉིས་ལྷུན་གྲུབ་རྫོགས་སངས་རྒྱས་པའི་སྐུ།ཚེ་གཅིག་སྨིན་གྲོལ་འོད་ཟེར་མཐར་ཕྱིན་ཤོག།ཅེས་པའང་འདི་ཡང་རབ་གནས་ས་ཕག་ལྷ་བབ་དུས་ཆེན་ནམ་བླ་མ་ལོ་མའི་འདས་མཆོད་དུ་ལྷག་བསམ་དང་དད་གུས་རྩེ་གཅིག་པ་འོད་གསལ་ཆོས་སྒྲོན་གྱིས་ངོར་རྒྱལ་བའི་བསྟན་རིང་ལུགས་ལ་རྒྱུ་མཚན་ཤེས་ཤིང་དད་དམ་གཙང་མའི་རིགས་པ་སྨྲ་བའི་རྟུལ་ཞུགས་ཅན་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་འམ་མཁན་ཆེན་བླ་མ་རུ་འབོད་པས་ཨེ་ཝཾ་གེ་སར་དགོན་པ་ནས་སྨོན་པས་རྒྱལ་བའི་བསྟན་པ་ཕྱོགས་དུས་ཀུན་ཏུ་འཕེལ་རྒྱས་བརྟན་པའི་རྟེན་འབྲེལ་ཟབ་མོའི་རྒྱུ་རུ་གྱུར་ཅིག་གུ། །། ཤྲཱིཿརཏྣ་བཛྲ་བི་ཛ་ཡནྟུ།།
ད་ལྟ་ཕྱིར་དྲན་ཞིག་བྱས་ཚེ་ན་ནིང་ལོ་འཁོར་གུང་སེང་ཟླ་བ་གསུམ་དེ་ངོ་མ་དོན་དང་ལྡན་པ་བྱུང་སོང་སྙམ་ནས་དགའ་སྤྲོ་སྐྱེ་བཞིན་འདུག བདག་གི་དགེ་བའི་རྩ་བ་འདི་དང་དགེ་བའི་རྩ་བ་གཞན་དག་ཀྱང་བསྐྱེད་ནས༔ དཔལ་ལྡན་བླ་མའི་ཐུགས་དགོངས་ཡོངས་སུ་རྫོགས་པའི་ཡོན་ཏན་དང་ལྡན་པར་གྱུར་ཅིག༔སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་བྱེད་པའི་སྐྱེས་བུ་སྟོབས་ལྡན་དུ་གྱུར་ཅིག༔མཁྱེན་པ་དང་བརྩེ་བ་ནུས་པ་གསུམ་མཐར་ཕྱིན་ནས་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག༔འགྲོ་བ་རིགས་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག༔ དོལ་སྤྲུལ་འཆི་མེད་ནས
རྩ་བཞིའི་བསྙེན་སྒྲུབ་ཞི་ལྷག་རང་གྲུབ།ན་མོ་གུ་རུ་བུདྡྷ་ཛྙཱ་ན་ཡེ།།ཚེ་རབས་ལས་འབྲེལ་ཟབ་སའི་རྣལ་འབྱོར་ཕོ་མོས།།ཚིག་བདུན་དབྱངས་སུ་འདྲེན་པའི་སྙན་ངག་མཐར་ཐུག།བུ་ངར་དད་པའི་བརྩེ་གྲོགས་འགྱུར་མེད་མཚོན་པར།།གསོལ་འདེབས་མི་གཅིག་ལྷ་གཅིག་གཙུག་ལ་མཆོད་སོང་།།གཡོ་ཟོལ་ངོ་དགའི་ཆོ་འཕྲུལ་རྩ་ནས་མ་རེད།།ལུས་ངག་ཡིད་གསུམ་མཆོད་པ་བདག་ལ་ཕུལ་ནས།།པད་གླིང་གཏེར་གསར་བརྒྱུད་པའི་སྲོལ་རྒྱུན་ཟབ་མོ།།ཞི་བདེའི་རྒྱལ་ཁམས་འདི་ནས་གསར་དུ་བསྐྲུན་སོང་།བཀྲ་ཤིས་དད་དུང་བརྟས་པའི་གེ་སར་དགོན་པ།།བདེ་ལེགས་ཅི་འདོད་རོལ་སའི་ཆོས་གླིང་གྲུ་བཞི།།ཕུན་ཚོགས་དགའ་ཚལ་བཞད་པའི་བར་གསེང་འདི་ནས།།ཨེ་ཝཾ་ཕྱོགས་ལས་རྒྱལ་བའི་རྒྱལ་མཚན་འཛུགས་སོང་།།གྲགས་དཀར་གདུགས་ཀྱིས་བ་དན་འཛམ་གླིང་ཁྱབ་ནས།།ཆོས་དུང་དཀར་པོའི་སྙན་པ་ས་གསུམ་གདལ་བ།།གཡང་དཀར་རྟག་བརྟན་དཔལ་གྱི་བེའུའི་ཆོས་གྲྭ།།པདྨ་དཀར་པོ་ལྟ་བུའི་གཞིས་ཁྱིམ་ཆགས་སོང་།།སྨན་མཆོག་བདུད་རྩིའི་བུམ་བཟང་བྱིན་རླབས་གཏེར་མཛོད།།སྐལ་བཟང་གསེར་ཉའི་སྤྱན་ཡངས་མཁའ་ལྟར་མཉམས་ཏེ།།འཁོར་འདས་བདེ་ཆེན་འཁོར་ལོ་རྒྱུན་དུ་འཁོར་ཕྱིར།།འབྲེལ་ཚད་དོན་ལྡན་འབྱུང་བའི་རྟེན་འབྲེལ་འགྲིགས་སོང་།། ———ཨེ་མ་ཧོ
ནང་པ་དང་ཚན་རིག་པ་གཉིས་ཀྱི་ཁྱད་པར་ཆེན་པོ་བཞི་ཡོད་༡༽ ནང་པས་བེམ་པོ་རྣམས་རྡུལ་གྱི་ཆ་ཤས་བཤིག་པའི་འོག་ཏུ་འདི་ཞེས་སུ་གྲུབ་པའི་དངོས་པོ་རྡོག་རྡོག་ཅིག་མི་རྙེད་པ་དང་། ཤེས་པ་རྣམས་དུས་ཀྱི་ཆ་ཤས་བཤིག་པའི་འོག་ཏུ་འདི་ཞེས་སུ་གྲུབ་པ་གང་ཡང་མི་རྙེད་པར་འདོད། མདོར་ན་དངོས་པོ་རྣམས་ཆ་ཤས་བཤིག་ནས་བཏགས་དོན་བཙལ་བའི་ཚེ་ན་གང་ཡང་མི་རྙེད་པར་འདོད། ཚན་རིག་པས་ཀྱང་དེ་ལྟར་ནང་པའི་རིགས་པས་བཙལ་སྟངས་བྱས་ན་དངོས་པོ་གང་ཡང་མི་རྙེད་པར་ནང་པ་དང་གཅིག་མཚུངས་སུ་འདོད། འོན་ཀྱང་ཚན་རིག་པས་དངོས་པོ་རྣམས་སོ་སོར་དོོན་བྱེད་པའི་ནུས་པ་རེ་ཡོད་པས་བདེན་གྲུབ་ཏུ་འདོད། ནང་པས་དངོས་པོ་རྣམས་བཏགས་དོན་བཙལ་ན་མི་རྙེད་པས་བདེན་མེད་དུ་འདོད། ཚན་རིག་པས་དབུ་མའི་རིགས་པས་བཏགས་དོན་བཙལ་བའི་ཚེ་ན་མ་རྙེད་ན་བདེན་གྲུབ་མིན་པས་མ་ཁྱབ་པར་འདོད། ནང་པས་རིགས་པས་བཏགས་དོན་བཙལ་བའི་ཚེ་ན་མ་རྙེད་ན་བདེན་མེད་ཡིན་པས་ཁྱབ་པར་འདོད། ཚན་རིག་པས་དོན་བྱེད་ནུས་པ་ཡིན་ན་བདེན་པ་ཡོད་པས་ཁྱབ་ཟེར། ནང་པས་ཀུན་རྫོབ་ཏུ་དོན་བྱེད་ནུས་པ་ཙམ་གྱིས་བདེན་པར་འཇོག་མི་ཐུབ། བདེན་པ་ཡོད་ན་དོན་དམ་པར་དོན་བྱེད་ནུས་དགོས་ཟེར། ཁོང་གཉིས་ཆེས་མི་མཐུན་ས་ནི། ནང་པས་རིགས་པས་དངོས་པོ་རྣམས་ཆ་ཤས་བཤིག་པའི་ཚེ་ན་གང་ཡང་མ་རྙེད་པ་དེ་རྟོགས་ན་ཐམས་ཅད་མཁྱེན་པ་འཐོབ་པ་དང་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མེད་པར་བཟོ་ཐུབ་པར་འདོད། ཚན་རིག་པས་དབུ་མའི་རིགས་པས་བཙལ་བས་གང་ཡང་མ་རྙེད་པའི་དོན་དེ་དོན་སྙིང་དང་རིན་ཐང་གང་ཡང་མེད་པ་དང་དེ་རྟོགས་ནའང་ཕན་གནོད་གང་ཡང་མེད་པར་འདོད། ༢༽ ནང་པས་ཤེས་པ་ནི། བེམ་པོ་ལས་ལོག་ཏུ་གྱུར་བའི་གསལ་རིག་ཙམ་ཞིག་འདོད། ཚན་རིག་པས་ཤེས་པ་ནི། དབང་རྩ་དང་ཕྲ་ཕུང་གི་ནུས་པ་ཙམ་ལས་བེམ་པོ་ལས་ལོག་ཏུ་གྱུར་བའི་དངོས་པོ་ཞིག་མི་འདོད། ནང་པས་ཤེས་པ་ནི། ཐོག་མ་མེད་པའི་དུས་ནས་མར་བརྒྱུད་ནས་བར་དོའི་རྣམ་ཤེས་འཁྱམ་པོ་ཞིག་ཕ་མའི་ཁུ་ཁྲག་དཀར་དམར་ལ་ཞུགས་ནས་ཉིང་མཚམས་སྦྱར། དེ་ལ་བརྟེན་ནས་ད་ལྟའི་ལུས་སེམས་ཀྱི་མ་ལག་ཆ་ཚང་གྲུབ་པར་འདོད། ཚན་རིག་པས་ཕ་མའི་ཁུ་ཁྲག་དཀར་དམར་ལ་ད་ལྟའི་ལུས་སེམས་ཀྱི་མ་ལག་ཆ་ཚང་འགྲུབ་བྱེད་ཀྱི་ནུས་པ་ཕུན་སུམ་ཚོགས་པའམ་རྒྱུ་ཚོགས་གྲངས་ཚང་ཡིན་པས་བར་དོའི་རྣམ་ཤེས་འཁྱམ་པོ་ཞིག་ཕ་མའི་ཁུ་ཁྲག་ལ་ཉིང་མཚམས་སྦྱོར་ཡང་རུང་མ་སྦྱོང་ཡང་རུང་ཕན་གནོད་གང་ཡང་མེད་པར་འདོད། ༣༽ ནང་པས་ཤེས་ཡོན་ནི། སྐྱེ་བ་གོང་མ་ནས་སློབ་པའི་ཡོན་ཏན་གྱི་ནུས་པའམ་བག་ཆགས་ཤེས་པ་ལ་བཞག་ནས་མར་བརྒྱུད་ཡོང་བ་དེ་ལ་ད་ལྟར་སློབ་ལ་བརྩོན་ནས་ཡར་རྒྱས་སོང་བ་དང་། དེ་ཡང་ཤེས་པ་ལ་བསླབས་པ་ཡིན་པས་ཤེས་པའི་ནུས་པར་གྱུར་ནས་མཐར་གཟུགས་པོ་འདི་བཞག་ནས་སྐྱེ་བ་ཕྱི་མ་ལ་མར་འགྲོ་བ་དང་། གང་ཟག་རང་གི་རྣམ་ཤེས་ལས་ལོགས་སུ་ལེན་རྒྱུ་མེད་པར་འདོད། ཚན་རིག་པས་ཤེས་ཡོན་ནི། སྐྱེ་བ་སྔ་ཕྱི་ལ་བརྒྱུད་རྒྱུ་མེད་པར་སློབ་ལ་བརྟེན་ནས་ད་ལྟའི་ཀླད་པའི་དབང་རྩའི་མ་ལག་ཡར་རྒྱས་སོང་བ་ཞིག་ཡིན་པ་དང་། དེ་ཡང་ཤེས་ཡོན་དེ་ཚུར་ལེན་ནས་མེ་མོ་རིའི་ཁར་ Memory card 存储卡ནང་ལ་བཅུག་ནས་ཉར་རྒྱུ་ཡོད་པ་དང་། སླར་ཡང་སྔོན་མ་གང་ནས་བླངས་བ་དེ་ལ་ཕྱིར་བླུག་རྒྱུ་ཡོད་པ་མ་ཟད། མི་གཞན་གྱི་ཀླད་པའི་ནང་ལའང་སྤོས་རྒྱུ་ཡོད་པར་འདོད། ༤༽ ནང་པས་སྡུག་བསྔལ་ནི། ལས་ཉོན་ལས་བྱུང་བ་དང་། འདི་མེད་པར་ཆགས་དགོས་ན་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་དགོས་པ་ལས་གཞན་གྱི་ཐབས་གང་ཡང་མེད་པར་འདོད། ཚན་རིག་པས་སྡུག་བསྔལ་ནི། ཀླད་པའི་རྫས་ཕྲན་ཞིག་ཡིན་པས་འཕྲུལ་ཆའི་ཐབས་ལ་བརྟེན་ནས་ཕྱིར་ལེན་ནས་གང་ཟག་ལ་སྡུག་བསྔལ་མེད་པར་བཟོ་རྒྱུ་ཡོད་པ་མ་ཟད། སྙིང་རྗེ་དང་དད་པ་བྱམས་པ་སོགས་ཀྱི་རྫས་སྙོམས་སྒྲིག་བྱས་ནས་གང་ཟག་ལ་སྙིང་རྗེ་དང་དད་པ་ཤུགས་དྲག་ཡོད་པར་བཟོ་རྒྱུ་ཡོད་པར་འདོད། གང་སར་ནས
Alt Sidebar
Search





