བླ་མ་དང་སློབ་མའི་དམ་ཚིག་ཡིད་བཞིན་ནོར་བུ།།
བླ་མ་དང་སློབ་མའི་དམ་ཚིག་ཡིད་བཞིན་ནོར་བུ།།
ན་མོ་གུ་རུ་ཡེ།
ཕྱོགས་དུས་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི།།
མཁྱེན་བརྩེ་ཐུགས་རྗེའི་རོལ་གར་བླ་མ་ལ།།
སེམས་ཉིད་རང་ངོར་ཤེས་པས་གསོལ་བ་འདེབས།།
སྐུ་གསུམ་དབྱེར་མེད་བླ་མས་བྱིན་གྱིས་རློབས།།
བླ་མ་སངས་རྒྱས་མཇལ་བའི་བསོད་ནམས་དང་།།
ཟབ་ལམ་གདམས་ངག་ཐོས་པའི་ཕན་ཡོན་ལས།།
བྱིན་རླབས་བཙན་ཐབས་འཇུག་པའི་ཨེ་ཝཾ་ཆོས།།
སྙིང་གི་བུ་ལ་གདམས་པ་འདི་ལྟར་ལགས།།
དད་གུས་དག་སྣང་ལྟ་བ་བླ་མའི་ཐུགས།།
རང་ངོར་གསལ་བཞག་གནས་པ་སྒོམ་པ་ཡིན།།
གཏད་མེད་རང་གྲོལ་སྤྱོད་པ་རྣམ་ཐར་ལ།།
འབྲས་བུས་རང་བཞིན་རྫོགས་པའི་ས་མཆོག་གོ།
རང་སེམས་ངོ་བོ་བླ་མ་དབྱེར་མེད་ངང་།།
བདེན་ཚིག་རང་བཞིན་གསོལ་བ་སྙིང་ནས་འདེབས།།
ཐུགས་ཡིད་དབྱེར་མེད་གནས་པའི་བར་མཚམས་ནས།།
སངས་རྒྱས་ཀུན་འདུས་སྙིང་དབུས་དཀྱིལ་ནས་རྙེད།།
བླ་མ་དཀོན་མཆོག་ཀུན་འདུས་ངོ་བོར་མཁྱེན།།
མ་ལུས་འགྲོ་བ་ཀུན་ལ་རང་བཞིན་བརྩེ།།
ཕྲིན་ལས་རབ་འབྱམས་དབང་བའི་ཐུགས་རྗེའི་བདག།
གནུབས་ཆེན་སངས་རྒྱས་ཡེ་ཤེས་དེ་ཀ་ལགས།།
བདག་གཞན་མ་ལུས་སེམས་ཅན་ཐམས་ཅད་ཀུན།།
ཀུན་བཟང་རྫོགས་པའི་སངས་རྒྱས་མ་ཐོབ་བར།།
དམ་བཅའ་མ་གཡེལ་ཕྲིན་ལས་རྒྱུན་དུ་སྐྱོངས།།
རྣམ་སྨིན་རིག་འཛིན་རྒྱལ་བའི་སྐུ་རུ་བཞེངས།།
འཆི་མེད་ཚེ་དབང་རིག་འཛིན་བརྙེས་པའི་ཚེ།།
བདེ་ཆེན་ཕྱག་རྒྱའི་དགོངས་པ་མངོན་དུ་གྱུར།།
ལྷུན་གྲུབ་ཆོས་སྐུའི་དབྱིངས་དང་མཉམ་པ་ལ།།
སྐུ་གསུམ་རྒྱལ་བའི་རྒྱལ་སར་ཕྱིན་པར་ལགས།།
ཀུན་ཏུ་བཟང་པོ་མཁྱེན་པའི་ཡེ་ཤེས་གསལ།།
ཐུགས་རྗེ་ཆེན་པོ་བརྩེ་ཆེན་རབ་ཏུ་རྒྱས།།
པདྨ་འབྱུང་གནས་ཕྲིན་ལས་རྫོགས་པའི་ཚེ།།
འོད་གསལ་སྙིང་པོའི་བསྟན་པའི་རྣལ་འབྱོར་ལགས།།
ཨེ་ཝཾ་སྒྲོན་དྲུག་ཨ་ཏིའི་གསང་ལམ་ནས།།
ཆོས་ཟད་དགོངས་པ་མཐར་ཕྱིན་དམ་ཚིག་ཅན།།
དད་ལྡན་སངས་རྒྱས་རྒྱ་མཚོས་སྐུལ་བའི་ངོར།།
ཤྲཱིཿསྤྲུལ་དཔལ་དགྱེས་རྡོ་རྗེས་ཐོལ་བྱུང་བྲིས།།
ཞེས་རབ་གནས་ས་ཕག་ཁྲུམས་ཟླའི་དབྱར་གནས་སྐབས་སུ་ཨེ་ཝཾ་སངས་རྒྱས་ཡེ་ཤེས་ཆོས་གླིང་ནས་ཨེ་མ་ཧོས་བགྱིས་པར་དགེའོ།། །།