August 2019

དེང་རབས་བསླབ་བྱའི་བཤད་འགྲེལ།

དེང་རབས་བསླབ་བྱའི་བཤད་འགྲེལ། 
སྣ་ཚོགས་བཟའ་བ་བྲོ་ཞིམ་ཅན། །
མི་གཙང་དུག་གི་སྡེབ་སྦྱོར་ཅན། །
ཁྱི་ལུད་དར་བཏུམས་ཕྱི་ཐུམ་ཅན། །
གཡོ་སྒྱུ་འཕྲུལ་གྱི་རྫུ་བག་ཅན། །
དེང་སང་ཟ་མ་ལ་རྗེན་དང་། ཤ་དང་། སྔོ་ལྡམ་སོགས་ཀྱིས་བཟོས་པའི་རྣམ་པ་སྣ་ཚོགས་པ་ཞིག་ཡོད། དེ་དག་ཁ་ནང་དུ་ཟོས་ནའང་བྲོ་བ་ཞིམ་པོ་ཅན་རྐྱང་རྐྱང་རེད། དེས་ན་ང་ཚོས་བྲོ་བ་ཞིམ་པོ་ཞིག་ཡོད་ན་དེས་ཆོག་སྣང་ཤར་ནས་བསྡད་ཡོད་མོད། འོན་ཀྱང་དེང་སང་བྲོ་བ་ཞིམ་པོ་ལས་རྒྱུ་ནི་སླ་མོ་ངོ་མ་རེད། དཔེར་ན། བཏུང་བ་བྲོ་བ་བཙོག་པ་ཅན་ཟོམ་གང་གི་ནང་དུ་བྲོ་བ་ཞིམ་པོ་བཟོ་བྱེད་ཀྱི་རྫས་ཅུང་ཙམ་ཞིག་ལས་འཕེན་དགོས་པ་མ་རེད། ཐམས་ཅད་རྫས་འགྱུར་གྱི་དབང་གིས་མངར་སྐྱུར་གང་ཞིག་ཏུ་བསྒྱུར་དགོས་ན་ལས་སླ་མོ་རེད།
དེ་བཞིན་དུ་ཡང་བྱ་ཤའི་བཅུད་ཡིན་ཟེར་བའི་བྲོ་རྫས་འདྲ་མིན་འདེབས་རྒྱུ་ཡོད་པ་དེའང་།དོན་གྱི་ཐོག་ནས་རྩ་བ་ནས་བྱ་ཤ་ཞིག་མ་ཡིན་པར་རྫས་འགྱུར་གྱིས་བསྒྱུར་བཞག་པ་རེད། རྫས་ འགྱུར་ཟེར་བ་དེས་ཅི་ཞིག་ཡིན་ཡང་དེའི་བྲོ་བ་དེ་ཟོག་ཤ་དང་། ཉ་ཤ །བྱ་ཤ་གང་ཞིག་གི་བྲོ་བ་བྱེད་དགོས་ནའང་བྱེད་སླ་མོ་རེད། དེས་ན་ཟོག་ཤ་མ་ཡིན་པ་ཞིག་ལ་ཟོག་ཤའི་བྲོ་བ་བྲོར་བཅུག་ནའང་ཅི་ཡང་གོ་བ་མ་རེད། སྤྱིར་ཤ་ཡིན་མིན་དེ་ཁ་ནང་ལ་བླངས་ནས་བལྡད་ན་མ་གཏོགས་བལྟས་ནས་ཤེས་དཀའ་མོ་རེད། ཡིན་ཡང་འདིས་བལྡད་དུས་ཀྱང་ཅི་ཡང་མི་གོ་བའི་བྲོ་བ་གཅིག་མཚུངས་བྱས་ཡོད་པ་རེད། དེའི་ཕྱིར་གང་ཡིན་ཡང་བྲོ་བ་ཞིམ་པོ་ཅན་ཡིན་པ་རེད།

གོང་དུ་བཤད་པ་བཞིན། མདོར་ན་ཟོག་དང་ཕག་གི་ཤ་རུལ་བ་དང་རྨེན་སོགས་མར་གཡུག་རྒྱུ་ཚང་མ་ཡར་བླངས་ནས། དེའི་སྟེང་དུ་རྫས་འགྱུར་གྱི་བྲོ་བ་བྲོར་བཅུག་ཡོད་པ་ཅི་འདྲའི་མང་པོ་འདུག །ད་སྔོན་དེ་འདྲ་ལས་མཁན་ཡོད་པ་ཡོངས་གྲགས་སུ་སོང་ཚར་བ་ཧ་ཅང་མང་པོ་རེད། འོན་ཀྱང་ང་ཚོ་ཞིང་འབྲོག་མང་ཚོགས་ཀྱིས་ད་རུང་ཅི་ཡང་གོ་ཡོད་རྒྱུ་མ་རེད། དེའི་ཕྱིར་འདི་འདྲ་རྐྱང་པ་ཟོས་ན་རྗེས་ནས་ན་ཡོང་བ་རེད། ན་ཡོང་ན་སྨན་སྟེན་བྱེད་ཀྱི་སྒོར་མོ་ནི་མེད། སྨན་ཁང་ནི་ང་ཚོའི་ཉེ་ཟུར་ན་མེད་པར་ཤིན་ཏུ་ཐག་རིང་པོ་རེད། དེས་ན་ད་འཆི་རྒྱུ་ལས་ཅི་ཡང་ཡོད་པ་མ་རེད།

ཚོད་དཔག་གིས་འཆི་རྐྱེན་འཚོལ་བ།

ང་རང་གིས་འདང་བརྒྱབ་པ་ཡིན་ན། ང་ཚོ་དང་ན་ཚོད་མཉམ་པ་དང་དེ་ལས་ཆུང་བའི་ཞིང་འབྲོག་ནང་གི་ངོ་ཤེས་མང་པོ་ཞིག་ཤི་ཚར་འདུག །སྤྱི་ཁྱབ་ནས་ཚེ་མི་རྟག་པ་ཡིན་པས་ནམ་འཆི་སུས་ཀྱང་ཧ་གོ་བ་མ་རེད། ཡིན་ཡང་ཕར་ཚོད་དཔག་བྱས་ན། ཁོ་ཚོ་མང་ཆེ་བ་དེ་ནད་དུས་ཐོག་ཏུ་ བསྟེན་མ་ཐུབ་པ་དང་། ལུས་པོ་ལ་བརྟག་དཔྱད་དང་འཕྲོད་བསྟེན་ཡག་པོ་མ་ཐུབ་པས་ཤི་སོང་བ་ཡིན་རྒྱུ་རེད་བསམས་སོང་། དེ་མ་གཏོགས་ཆ་རྐྱེན་ཅུང་ཙམ་ཡོད་ནས་ལུས་པོ་བརྟག་དཔྱད་དང་སྨན་བཅོས་འཕྲོད་བསྟེན་རེ་བྱེད་ཐུབ་ཡོད་ན། ངས་བསམས་ན་དེ་ཚོ་ད་དུང་ཤི་ཡོད་རྒྱུ་མ་རེད། དེ་མེད་པ་ཅི་ཞིག་གིས་གོ་ཟེར་ན། རྒྱུ་མཚན་ཆེན་པོ་མེད་མོད། འདིའི་གནད་དོན་ཁ་ཤས་འོག་ནས་ཀྱང་བཤད་ཡོང་། དེ་རེད་མ་གཏོགས་ཁོ་ཚོ་འདི་ལྟར་འཆི་འགྲོ་དོན་མེད་པ་འདྲ་ཞིག་རེད།

འཛམ་བུ་གླིང་གི་སྟེང་ན་མིའི་ཚེ་རིང་ཐུང་གི་ཚད་གཞི་ཞིག་འཇོག་རྒྱུ་ཡོད་འདུག །ང་ཚོ་བོད་ལ་བསམ་བློ་བཏང་ན་ཚེ་དེ་ཙམ་རིང་ས་མ་རེད། སྤྱིར་མཐོ་སྒང་ན་ཡོད་པའི་དབང་གིས་རྒས་སླ་བ་དང་ན་སླ་མོ་རེད། ཡང་ཕྱོགས་གཅིག་ནས་ཁོར་ཡུག་ལ་འབགས་བསླད་སོགས་མེད་པས་བཟང་ས་ཡང་ཡོད་རེད། ཡིན་ཡང་དེ་ཚོ་གཙོ་བོ་མ་རེད། གཙོ་བོ་ང་ཚོའི་ལུས་པོ་ལ་འཕྲོད་བསྟེན་སོགས་བྱེད་མ་ཐུབ་པས་ཆ་མཉམ་གྱི་ཚེ་ཅུང་ཟད་ཐུང་ས་རེད། དེ་ལས་གཞན་པ་ཞིག་ཡིན་ཟེར་གྱིན་ཡོད་མོད། དེ་ཚོ་ལ་ཡིད་རྟོན་ཅི་ཡང་མི་འདུག

མི་གཙང་དུག་གི་སྡེབ་སྦྱོར་ཅན།

གོང་ནས་བཤད་པ་བཞིན་ཕར་བལྟས་ན་བྱ་སྒོང་གིས་བཟོས་པའི་གོར་བ་ལྟ་བུ་ཞིག་ཉེ་ཆར་བོད་པ་ཞིག་གིས་དྲྭ་ཐོག་ནས་སྟོན་གྱིན་འདུག །དེ་མར་ཆུ་ནང་དུ་སྦོང་དུས་ཤུལ་ན་ཡོད་པ་ཚང་མ་འབུ་བལ་ལམ་སྲིན་བལ་ཁོ་ན་རེད། འབུ་བལ་ཡང་ཡག་པོ་ཞིག་ཡིན་ན་རིན་པ་དགོས་པས་དེ་ཡང་མ་ཡིན་པར་མར་གད་སྙིགས་ནང་དུ་འཕངས་པའི་གོས་ངན་སློག་ངན་ཞིག་ཡིན་ངེས་ཅན་རེད། ཡིན་ཡང་ སབ་སོབ་དེ་ཡར་ཟོས་ན་ཅི་ཡང་གོ་གི་མ་རེད།
དེ་བཞིན་དུ་བཟའ་བཅའི་དངོས་པོ་མང་པོ་ཞིག་ཆུ་ཚན་གྱི་ནང་ལ་བཞག་ནས་མཐར་ཁུ་བ་རྣམས་མེད་པར་གྱུར་དུས་ཤུལ་དུ་ལྷག་ཡོད་པ་དེ་ཆུ་ཤོག་རྐྱང་རྐྱང་རེད། ཆུ་ཤོག་དེའང་ཁ་ནང་དུ་ཟོས་ན་ཐང་ཆུ་དང་འདྲ་བར་སྙི་མོ་ཅི་ཞིག་ཡིན་ཧ་མི་གོ་རྒྱུ་ཞིག་ཡིན་ནའང་ཁོག་པའི་ནང་དུ་སོང་དུས་འཇུ་མི་ཐུབ་པ་དེ་འདྲ་ཞིག་རེད། དེས་ན་དེང་སང་གི་བཟའ་བཏུང་འདི་ཚོ་ལ་ངེས་པར་དུ་གཟབ་དགོས། ཚོང་ཁང་དག་གི་ནང་ན་ཐུམ་ཡག་པོ་བརྒྱབ་ཡོད་པའི་གོར་བ་སོགས་འདྲ་མིན་ཞིག་ཡོད་པ་དེ་དག་ལ་ཧ་ཅང་གཟབ་དགོས། ཁྱད་པར་དུ་སྒེར་གྱིས་གཉེར་བའི་ཚོང་ཁང་ཆུང་ཆུང་སྡུག་པོ་ཚོ་ལ་ལྷག་ཏུ་གཟབ་དགོས། སྔོན་ཆད་ང་ཚོའི་སྒར་ནའང་ཧ་ཅང་མང་པོ་ཡོད། ཇོ་མོ་ཚོས་དེའི་ནང་ནས་ཟུར་ལྔ་ཅན་མང་པོ་ཉོས་ནས་འགའ་རེ་འདས་སོང་ཟེར་ནས་བཤད་རྒྱུ་འདུག །བདེན་མི་བདེན་ད་དུང་ཞིབ་ཀྱིས་མ་བལྟས་ན་གོ་རྒྱུ་མ་རེད།

གང་ལྟར་དེ་འདྲའི་རིགས་ཧ་ཅང་མང་། རྒྱ་ནང་སོགས་ནས་དེ་ཚོའི་སྐོར་རིག་ཚད་དེ་ཡར་ བླངས་ནས་མེ་ལ་སྲེག་བཞིན་ཡོད་པ་རེད། དེ་འདྲའི་ཟུར་ལྔ་ཅན་གྱི་རིགས་དེ་ལ་འདྲ་མིན་སྣ་ཚོགས་ཤིག་ཡོད་འདུག །དེ་ཚོའི་ཐོག་ཏུ་སུར་པན་དང་གཡེར་མ་སོགས་བྲོ་རྫས་སྣ་ཚོགས་ཤིག་བྲུད་ཚེ། ཁ་ནང་དུ་ཟོས་ནའང་ཞིམ་པོ་ཞིག་མ་གཏོགས་ཅི་ཡང་གོ་རྒྱུ་ཡོད་པ་མ་རེད། དེས་ན་མི་གཙང་དུག་གི་སྡེབ་སྦྱོར་ཅན་ཟེར་བ་ནི་དེ་འདྲ་རེད།

ཁྱི་ལུད་དར་བཏུམས་ཕྱི་ཐུམ་ཅན།

དངོས་གནས་བཤད་ན། བཟའ་བཏུང་རྫུན་མའི་རིགས་འདི་ཚོ་བཤད་ནས་བཤད་ཚོད་མེད་པ་ཞིག་རེད། ད་སྔོན་གོ་ཚར་བའི་སྐོར་དེ་དྲྭ་ཐོག་དག་ན་བརྙན་ཡང་བལྟ་ས་འདུག །མིན་ཡང་ཉེ་བའི་ལོ་འདིར་ཟས་རིགས་ལྔ་བཅུ་ལྷག་ཅིག་དུག་ཅན་ཡིན་ཟེར་ནས་ཁྱབ་བསྒྲགས་བྱས་ཡོད་པ་རེད། དེའི་ལྔ་བཅུ་ལྷག་དེ་ནམ་རྒྱུན་ང་ཚོའི་ཉེ་འཁོར་གྱི་ཚོང་ཁང་དག་ལས་རིག་འདུག་རྒྱུ་དེ་དག་རེད། འདི་སྒར་གྱི་ཚོང་ཁང་རྐྱང་པ་ལ་ཟེར་བ་མིན། སྒར་ལ་མཚོན་ན་ལོ་ཁ་ཤས་ཀྱི་གོང་ནས་བཟུང་ཁོང་རྣམ་པས་དཀའ་ལས་མང་པོ་བརྒྱབ་ནས་ཅ་ལག་ཚང་མ་རང་གིས་བླངས་ནས་དག་མ་འཁྱེར་ཡོང་གི་ཡོད་པ་རེད། དེ་ཡང་བརྒྱ་ཆ་བརྒྱ་དེ་དག་རྐྱང་རྐྱང་མ་ག་ལ་ཡིན། ལེན་ས་དེ་དག་མ་ཞིག་མ་ཡོད་དུས་ལེན་རྒྱུ་དེ་ཡང་དག་མ་ཞིག་ཡིན་རྒྱུ་མ་རེད། དཔེར་ན། བ་མའི༼སྣོད་ཁའི་བྱེ་བྲག་ཅིག༽ནང་དུ་དག་མ་མ་ཡོད་ན། ཐོམ་བུའི༼སྐྱོགས་ཀྱི་བྱེ་བྲག་ཅིག༽ནང་དུ་དག་མ་ཞིག་ཐོན་ཡོང་རྒྱུ་ག་ལ་ཡོད། འོན་ཀྱང་ནུས་པ་ཡོད་ཚད་ཀྱིས་ཚང་མས་གཟབ་གཟབ་བྱེད་ཀྱིན་ཡོད་པ་རེད།

ཁྱད་པར་དུ་གཞན་ས་ཁུག་ལུང་ཁུག་དང་། ཚོ་བ་དང་ཡུལ་ཤོག་སོགས་ཀྱི་མི་སྒེར་གྱིས་ཕྱེས་ཤིང་བདག་གཉེར་བྱེད་མཁན་མེད་པའི་ཚོང་ཁང་སྡུག་པོ་དེ་ཚོའི་ནང་ན་འདི་འདྲ་འབའ་ཞིག་ཡིན་པས་ལྷག་ཏུ་གཟབ་དགོས། དེའི་ཕྱིར་འདི་དག་མི་གཙང་དུག་གི་སྡེབ་སྦྱོར་ཅན་རྐྱང་པ་ཡིན་ནའང་ཁྱི་ལུད་དར་གྱིས་བཏུམས་པ་བཞིན་ཕྱི་ཐུམ་གྱི་པགས་ཡག་པོ་བཀོན་ཡོད་པ་རེད། ཤུན་པགས་ཟེར་བ་ནི། གཅིག་ནས་ཤོག་སྒམ་དང་། གཉིས་ནས་དེའི་ནང་གི་འགྱིག་ཤུབས་དེ་ཚོ་རེད། ད་དུང་རྫས་འགྱུར་གྱིས་དྲི་དང་རོ་ཞིམ་པོ་བྱས་ཡོད་པའི་ཤ་རུལ་བ་དང་། སྡུག་པོ། བཙོག་པ་དེ་ཚོ་ལའང་ཁྱི་ལུད་དར་བཏུམས་ཟེར་བ་རེད།

གཡོ་སྒྱུ་འཕྲུལ་གྱི་རྫུ་བག་ཅན།

སྤྱིར་བཟའ་བ་དང་བཏུང་བ་འདི་ཚོ་རྫུན་མ་མིན་ཞིང་དག་མ་ངོ་མ་ཞིག་ཡིན་པའི་དབང་དུ་བཏང་ནའང་ཚང་མ་དུག་གི་རང་བཞིན་ཅན་འབའ་ཞིག་རེད། མ་ཟད་ད་དུང་དེའི་སྟེང་ལ་རྫུན་མ་ལས་ཀྱིན་ཡོད་པ་རེད། རྫུན་མ་ཇི་ལྟར་ལས་པ་རེད་ཅེ་ན། བཅའ་དངོས་གང་ཞིག་གི་མིང་ཡིག་ དང་ཚོང་རྟགས་རྣམས་འདྲ་འདྲ་བྱས་ནས་ལས་ན། རྗེས་མར་གོ་སོང་དུས་སྒོར་མོ་མང་པོ་འཇལ་དགོས་པས་ཞིབ་ཀྱིས་མ་བལྟས་ན་ཅི་ཡང་མི་གོ་རྒྱུ་བྱས་ནས་ལས་ཡོད་པ་རེད།

སྤྱིར་རྒྱ་ཡིག་ཟེར་བ་དེ་ཧ་ཅང་རྙོག་གྲ་ཅན་ཞིག་ཡིན་པ་རེད། རང་དགར་ཚེག་ཅིག་རྒྱག་པ་དང་། ཡང་ན་ཅུང་ཟད་གཡས་གཡོན་གང་རུང་ལ་དཀྱོགས་ན་གཞན་པ་ཞིག་ཏུ་འགྱུར་འགྲོ་བ་རེད། དེར་བརྟེན་ཧང་བལྟས་ཤིག་གིས་ཡི་གེ་དག་མ་དེ་རེད་བསམ་རྒྱུ་ཞིག་ཡིན་ཡང་ཞིབ་ཀྱིས་བལྟས་ ཡོང་ན་ཡིན་པ་མ་རེད། རྗེས་ནས་གྱོད་འདྲར་གཏུགས་དགོས་བྱུང་ནའང་། ངས་ཁྱེད་ཀྱི་ཚོང་ རྟགས་དང་ཡི་གེ་བརྒྱབ་མེད། ཁྱེད་ཚང་གིས་ཚུར་དཀྱོགས་འདུག །ངས་ཕར་དཀྱོགས་ཡོད་ཟེར་དུས་འགྲིགས་སོང་བ་རེད། ཁྲིམས་ཀྱི་ས་ནས་ཀྱང་འདྲ་མཚུངས་ངོ་མ་བྱས་མེད་ན་དེས་འགྲིགས་ཡོད་པ་རེད། ཡིན་ཡང་ང་ཚོས་ཧང་བལྟས་ཤིག་གིས་ཕར་ཀྱོག་ཚུར་ཀྱོག་གང་བྱས་ཡོད་ཤེས་ཐུབ་པ་མ་རེད། ཚང་མས་དག་མ་ཡིན་སྣང་ཤར་ཏེ་ཉོ་འགྲོ་བ་རེད། དེས་ན་གཡོ་སྒྱུ་འཕྲུལ་གྱི་རྫུ་བག་ཅན་ཟེར་བ་དེ་འདྲ་ཞིག་རེད།ཁྱད་པར་དུ་བཏུང་བ་འདི་ཚོའི་སྐོར་རྫུན་མ་ལས་བཞིན་ཡོད་པ་ནི་ཧང་སང་བ་ཞིག་རེད། འགྱིག་དམ་ནང་གི་ཆུ་འདི་ཚོ་ཡང་རྟགས་མ་ཡོད་ས་གཅིག་གཉིས་ཤིག་མ་གཏོགས། གཞན་མང་ཆེ་བ་དེ་སྤྱིར་བཏང་གི་སྦུག་ཆུ་བླུགས་ནས་ཁྱེར་ཡོང་བའི་དུག་ཅན་རྐྱང་པ་རེད། དེ་བཞིན་དུ་འགྱིག་དམ་ཆེན་པོའི་ནང་དུ་ཡོད་པའི་ཇ་སྐོལ་བྱེད་ཀྱི་ཆུ་དེ་ཚོ་ཡང་། སྦུག་ཆུའི་ནང་ནས་བླངས་ཏེ་གཞན་ལ་འཚོང་གིན་ཡོད་པ་རྗེས་དེད་ནས་དངོས་སུ་བརྙན་བླངས་ཡོད་པ་རེད། དེ་འདྲའི་རྗེས་དེད་མཁན་དང་དོ་དམ་བྱེད་མཁན་མེད་པའི་ང་ཚོའི་ས་ཆ་འདི་དག་ལ་ཅི་ཞིག་ཡོད་དང་ཅི་ཞིག་མེད། དེས་ན་དེ་ཚོ་ཧ་ཅང་གནོད་པ་ཅན་ཞིག་རེད།

ཉེན་དུག་ཅན་གྱི་གཅིག་སྤྱོད་ཟ་ཐུར།

དེ་བཞིན་སྣོད་ཆས་དག་ཀྱང་དེ་དང་གཅིག་མཚུངས་རེད། དཔེར་ན། ཟ་ཐུར་ལ་མཚོན་ན། ལན་གཅིག་བེད་སྤྱོད་བྱ་རྒྱུའི་ཟ་ཐུར་ཞིག་ཡོད་པ་དེ་ལ་རྒྱ་རྣམས་ཀྱིས་འཕྲོད་བསྟེན་ཟ་ཐུར(卫生筷子)ཟེར་ནས་མིང་བཟང་པོ་ཞིག་བཏགས་ཡོད་པ་རེད། ཕར་བལྟས་ནའང་མི་མང་པོའི་ཁ་ནང་དུ་བཅུག་མེད་པས་གཙང་མ་རེད་བསམ་རྒྱུ་ཞིག་རེད། ཡིན་ཡང་དེ་ལས་བྱེད་ཀྱི་ཤིང་དེ་གཙང་མ་མ་རེད་ལ། ཁྱད་པར་དུ་མདོག་དཀར་པོ་ཡོང་ཆེད་རྫས་འགྱུར་གྱི་སྨན་ཞིག་གི་ནང་ན་སྦོང་གིན་ཡོད་པ་རེད། དེའི་རྫས་འགྱུར་དེ་ང་ཚོའི་ཁ་ནང་ལ་སོང་ན་དོན་གྱིས་ངན་སྐྲན་དུ་འགྱུར་འགྲོ་བྱེད་ཅིག་རེད།
འོ་ན་ད་ཅི་བྱེད་དགོས་པ་རེད་ཟེར་ན། ཆེས་བཟང་ཤོས་དེ་བོད་ཀྱི་གནའ་མི་ཚོས་ཁག་ལོ་སྐེ་ལ་བཏགས་ཤིང་ཕོར་བ་རུམ་ལ་ཁུར་ནས་འགྲོ་བཞིན་ཡོད་པ་དེ་རེད། སྔོན་ཆད་དཀོན་པོ་ཡིན་པས་རེད་མ་གཏོགས། དེ་དུས་བོད་ཡུལ་ན་རྫས་ངན་ཞིག་ཡོད་པས་མ་རེད། དེང་སང་མི་མང་པོས་དེ་འདྲ་བྱས་ཏེ་སྒེར་གྱི་ཕོར་བ་དང་ཟ་ཐུར་ཁྱེར་ནས་འགྲོ་བཞིན་ཡོད་པ་རེད། ཐུབ་ན་དེ་འདྲ་དགོས། དེ་འདྲ་མ་ཐུབ་ན། མི་མང་པོའི་ཁ་ནང་དུ་སྤྱད་ཚར་ཡང་དུག་སེལ་དང་གཙང་མ་བཀྲུས་ཡོད་པའི་ཟ་ཐུར་གཞན་པ་སྨྱུག་མའི་ཟ་ཐུར་དག་སྤྱད་ན་དེས་དགའ་བ་རེད།

གད་སྙིགས་ཀྱིས་བཟོས་པའི་ཤོག་ཕོར།

དེ་བཞིན་དུ་ཤོག་ཕོར་ལ་མཚོན་ན། ང་ཚོས་བེད་སྤྱོད་མ་གཏོང་ཞེས་ཐེངས་མང་པོ་བཤད་ ནའང་། ད་དུང་ཚོགས་སྒྲུབ་པ་སོགས་ཀྱི་སྐབས་སུ་མང་པོ་ཁྱེར་ནས་འགྲོ་བཞིན་འདུག །ཤོག་ཕོར་མང་པོ་བེད་སྤྱོད་མ་གནང་མ་གཏོགས་དགེ་འདུན་པ་ལ་གནོད་པ་སྐྱེལ་བ་རེད། ཤོག་ཕོར་ཆེ་ཆུང་གང་ཡིན་ཡང་ནང་དུ་ཆུ་ཁོལ་བླུག་དུས། ཆུ་མི་ཟག་པར་འཛིན་བྱེད་ཅིག་ཡོད་པ་དེའི་ནང་ན་རྫས་འགྱུར་བསྲེས་ཡོད་པ་རེད།
སྤྱིར་ང་ཚོ་བོད་ཀྱི་ས་ཆའི་ཆུ་ཁོལ་མ་ཞིག་ཡིན་ན་དྲོད་ཚད་ཨང་གྲངས་བརྒྱད་ཅུ་ཐམ་པ་རེད། རྒྱ་ཡུལ་ནས་དྲོད་ཚད་ཨང་གྲངས་བརྒྱ་རེད། ཤོག་ཕོར་གྱི་ནང་དུ་དྲོད་ཚད་ཨང་ཀི་དྲུག་ཅུ་ཅན་གྱི་ཆུ་ཚན་ཞིག་བླུག་དུས། དེའི་ཆུ་འཛིན་བྱེད་ཀྱི་ནང་དུ་ཡོད་པའི་རྫས་དེ་ཞུ་ནས་ཆུའི་ནང་དུ་ཐོན་ ཡོང་བ་རེད། དེ་ཚང་མ་ངན་སྐྲན་སྐྱེད་བྱེད་རྐྱང་པ་རེད། ཞོ་ལྟ་བུའི་གྲང་མོའི་རིགས་དེའི་ནང་དུ་ བཏུངས་ན་ཆེན་པོ་དྲག་མོད།གཞན་ཚ་མོའི་རིགས་དེའི་ནང་དུ་བཏུངས་ན་དེ་འདྲའི་གནོད་པ་ཡོད་པ་རེད། དེའི་ཕྱིར་དགེ་འདུན་པ་རྣམ་པས་ཀྱང་གསོལ་ཞལ་བཟུང་ན་དགའ་གི་མ་གཏོགས་ཤོག་ཕོར་མང་པོ་སྤྱད་ན། གཅིག་ནས་ཁོར་ཡུག་ལ་གནོད་པ་དང་། གཉིས་ནས་གཙང་མ་མ་རེད།
འོ་ན་འཁྱག་པ་བླུག་ན་མི་སྐྱོན་ནམ་ཟེར་ན། དེ་ཡང་ཉན་ཡོད་པ་མ་རེད། ལན་གཅིག་བཀོལ་སྤྱོད་བྱ་རྒྱུའི་ཤོག་ཕོར་སོགས་ཀྱི་སྣོད་མང་ཆེ་བ་དེ་ཅི་ཞིག་གིས་ལས་ཀྱིན་ཡོད་པ་རེད་ཟེར་ན། སྨན་ ཁང་ནང་གི་ཆུ་ཤོག་དང་སྨན་ཁབ་སོགས་ཀྱི་གད་སྙིགས་དག་ཚུར་འཁྱེར་ཡོང་ནས་ལས་ཀྱིན་ཡོད་ འདུག །སྨན་ཁང་གི་གད་སྙིགས་ཟེར་དུས་ཧ་ཅང་བཙོག་པ་རེད། མི་བརྒྱ་སྟོང་མང་པོའི་ཁྲག་རྣག་དང་ནད་རིགས་འདྲ་མིན་སྣ་ཚོགས་ཤིག་འགོས་ཡོད་པ་རེད། དེ་ང་ཚོས་གང་བྱུང་དུ་བཤད་པ་ཙམ་མ་ཡིན་པར་གནས་ཚུལ་ལ་དངོས་སུ་བལྟ་ས་ཡོད་པ་རེད། དེར་བརྟེན་འདི་དག་གི་ནང་ན་ཡག་པོ་ཞིག་རྩ་བ་ནས་མི་འདུག

བན་རྒན་ཚོས་ག་ཤེད་གཞན་ཞིག་ལ་རྣམ་རྟོག་འབའ་ཞིག་བྱེད་འདུག་ནའང་། འདི་ཚོ་ནི་གཙང་མ་ཞིག་ལ་བརྩིས་ཏེ་འཁྱེར་འགྲོ་བ་རེད། ཡིན་ཡང་མི་གཙང་བ་ངོ་མ་དེ་འདི་ཚོའི་ནང་ན་ཡོད་པ་རེད་མ་གཏོགས། ང་ཚོའི་ཕོར་བ་སོགས་མ་གཙང་ན་ཡང་ས་རྡུལ་དང་། ཡང་ན་རྩམ་པ་འདྲ་ཅུང་ཙམ་འགོས་ཡོད་རྒྱུ་རེད། དེ་ཁོག་པའི་ནང་དུ་སོང་ན་ཡང་རྩམ་པ་བགོ་མཁན་དེ་ལ་ནད་འདྲ་མེད་ན་ཆེན་པོ་སྐྱོན་རྒྱུ་མ་རེད།
འདི་འདྲའི་སྡུག་པོ་ལས་མཁན་དང་དེ་ཚོའི་སྒེར་གྱི་རྫུན་མ་ལས་སའི་བཟོ་གྲྭ་ཆུང་ཆུང་དག་རྒྱ་ཡི་གཏིང་དང་རྒྱ་མཚོའི་ཁ་ཟུར་དག་ན་ཁྱབ་ནས་བསྡད་ཡོད་པར་མ་ཟད། ད་དུང་གཞན་པས་མི་གོ་རྒྱུ་བྱས་ནས་ས་ཞབས་སོགས་ན་བསྡད་ཡོད་པ་རེད། སྤྱིར་རྒྱལ་ཁབ་ཀྱིས་ལྟ་གི་ཡོད་ཀྱང་དེ་ཚོ་རིག་ཐུབ་ཀྱི་ཡོད་པ་མ་རེད། དེས་ན་ཤོག་ཕོར་དང་ཟ་ཐུར་འདི་ཚོ་ལའང་ཧ་ཅང་གིས་གཟབ་དགོས།


བདེ་ཐང་གི་ཟ་མ་ཟ་ལུགས།

དེ་བཞིན་ཟ་མ་ཟ་ལུགས་ཀྱི་དབང་དུ་བྱས་ན། རྒྱ་རྣམས་ཀྱི་ཟ་ལུགས་ལྟར་བྱས་ཏེ། སྡེར་མ་ གཅིག་གི་ནང་ལ་ཚང་མས་མཉམ་དུ་ཐུར་མས་བསྙབས་པ་དེ་ཆེས་ཟ་མ་ཟ་ལུགས་བཙོག་ཤོས་དེ་རེད།རྒྱ་ཁོང་ཚང་གིས་ཀྱང་དེང་གི་ཕོ་ཁའི་ངན་སྐྲན་མང་ཆེ་ཤོས་དེ་ཟ་མ་ཟ་ལུགས་ཀྱི་ཐོག་ནས་ཡོང་གིན་འདུག་ཅེས་ཟེར་བཞིན་ཡོད་པ་རེད།
དེ་ལོས་ཡོང་བསམ་རྒྱུ་ཞིག་ཀྱང་རེད། དཔེར་ན། རྒྱ་ཁོག(火锅)༼ཟས་ཅོག་ཐོག་ཏུ་བཞག་སྟེ་ཚོད་མའི་རིགས་སྣ་ཚོགས་འཚེད་ཅིང་ཟ་ཆོག་པའི་ཐབ་སྣོད་གཉིས་གཞི་གཅིག་ཏུ་འབྲེལ་བའི་རྡིག་གམ་བ་མ་ཞིག།འདི་ལ་རྟ་ཐབ་ཀྱང་ཟེར།༽ལྟ་བུ་ཞིག་ལ་མཚོན་ན། མི་བདུན་བརྒྱད་ཅིག་སྣོད་གཅིག་གི་མཐའ་བསྐོར་ནས་བསྡད་དེ་ཚང་མས་མཉམ་དུ་ཟོས་ཤིང་མཉམ་དུ་བསྙབས་ན། དོན་ངོ་མར་གཅིག་གིས་གཅིག་གི་ཁ་ཆུ་འཐུང་གིན་ཡོད་པ་དང་འདྲ་བོ་རེད། དེའི་ནང་ནས་མི་སུ་ཞིག་ལ་ནད་ཅིག་ཡོད་ན་དེ་ཚང་མ་ལ་འགོ་འགྲོ་བ་རེད། ལ་ལས་ཟེར་ན་དེ་གདུ་གི་ཡོད་པས་སྐྱོན་རྒྱུ་མ་རེད་ཟེར་ནའང་། དེ་ཁ་ཤོ་ལ་གཡང་སྐྱབས་༼བོད་ཀྱི་གཏམ་དཔེ་ཞིག༽གདགས་རྒྱུ་ཅི་ཡང་མི་འདུག

ང་ཚོ་བོད་ཀྱིས་ཟ་མ་དག་རང་རང་གི་ཕོར་བའི་ནང་ལ་བླུགས་ནས་བཟའ་རྒྱུ་མ་གཏོགས། སྣོད་གཅིག་གི་ནང་ལ་ཚང་མས་མཉམ་དུ་བྱས་ནས་ཟ་གི་མ་རེད། དེ་བདེ་ཐང་ལ་ཤིན་ཏུ་བཟང་བ་རེད། མ་ཚད་གནའ་ཡི་འགྲོ་ལུགས་ལྟར་བྱས་ཏེ་ཕོར་བ་དང་ཁག་ལོ་རང་གིས་ཁྱེར་ནས་འགྲོ་ཐུབ་ན་དེ་ལས་ཀྱང་བཟང་བ་རེད།

ཟ་མ་བརྔོ་བ་ལས་བཙོས་ཏེ་ཟོས་ན་བཟང་།

ཡང་རྒྱ་རྣམས་ཀྱིས་ཟ་མ་ཟན་སྣུམ(色拉油)༼བ་དམ་དང་སྲན་ཆན་དང་ཏིལ་སོགས་བཙིར་ཅིང་བཙགས་པ་ལས་བྱུང་བའི་བཟའ་སྣུམ་ཞིག༽གྱི་ནང་ལ་བརྔོ་བ་རེད། དེ་ལས་ལུགས་བཙོག་ཤོས་ཤིག་ཡིན་པ་རེད། དེས་ཀྱང་ནད་མང་པོ་སྐྱེད་བཞིན་འདུག །ང་ཚོ་བོད་ཀྱིས་རང་གིས་རང་ལ་མཐོང་ཆུང་བྱས་ཏེ་གཞན་པ་ཞིག་གི་སྟངས་ཀ་བྱེད་འདུག་པ་རེད་མ་གཏོགས། བོད་ཀྱི་ཟ་མ་ མང་ཆེ་ཤོས་དེ་བཙོ་རྒྱུ་དང་། གཡོ་རྒྱུ། བསྐོལ་རྒྱུ་དེ་འདྲ་རྐྱང་རྐྱང་ཡིན་པ་རེད། དེའི་ནང་ལ་སྣུམ་བླུག་དགོས་ནའང་དེའི་ཁར་བླུག་རྒྱུ་མ་གཏོགས་སྣུམ་གྱི་ནང་ལ་བརྔོ་བ་མ་རེད།
དེ་ལུས་པོ་ལ་ཆེས་འཕྲོད་པའི་ཟ་མ་དེ་ཡིན་པ་རེད། ཕྱི་རྒྱལ་གྱི་ཟ་མ་མང་པོ་ཡང་དེ་འདྲ་རེད། དེང་སང་ཆེད་དུ་འཕྲོད་བསྟེན་དང་མཐུན་པ་ཚང་མ་དེ་འདྲ་བྱས་ཏེ་ཡར་བསྐོལ་ནས་བཙོ་བ་དང་། དེའི་ནང་ལ་སྣུམ་བླུགས་ཏེ་ཟ་གི་ཡོད་པ་རེད་མ་གཏོགས་སྣུམ་གྱིས་བརྔོ་བ་མ་རེད། ཁྱད་པར་དུ་ སྣུམ་བླུགས་ནས་བརྔོས་ན། ཡང་དེའི་ནང་ནས་ངན་སྐྲན་སྐྱེད་བྱེད་མང་པོ་ཞིག་ཡོང་གིན་ཡོད་པ་རེད། དེས་ན་བཟའ་བཏུང་གི་སྐོར་ལ་གཟབ་གཟབ་མ་བྱས་ན་ཤིན་ཏུ་དཀའ་མོ་རེད། འདི་དག་གིས་ནད་མང་པོ་སྐྱེད་ཀྱིན་ཡོད་པ་རེད། ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ནས་་་་

Leave a Reply

Your email address will not be published. Required fields are marked *