དེང་རབས་བསླབ་བྱའི་བཤད་འགྲེལ།
བླང་དོར་ལམ་སྟོན།
སྐབས་ལྔ་པ། ཡུལ་གཞན་ན་གནས་པའི་བསླབ་བྱ་བསྟན་པ།
མཛད་པ་པོ་དང་འཆད་འགྲེལ་པ། མཁན་པོ་ཚུལ་ཁྲིམས་བློ་གྲོས།
ཡིག་འབེབ་པ། རོང་སྦྱིན་པ་ཚུལ་ཁྲིམས། པདྨ་རྡོ་རྗེ།
ཀློག་འདོན་པ། བོད་ལྕེ།
རྩ་དོན་གཉིས་པ། རང་ཚུགས་མ་ཉམས་པར་བྱ་བ་ནི།
གཉིས་པ་རང་ཚུགས་གཟུང་བ་ནི། །
ཡུལ་གྲུ་གང་དུ་མི་རིགས་ཚོགས། །
སུ་ཡི་ཁྲོད་ན་གནས་ཀྱང་རུང་། །
རང་གི་དད་པ་རིག་གནས་སྲོལ། །
མི་ཉམས་གཟུང་དང་སྤེལ་བར་བྱ། །
བོད་པ་ཚོས་ལག་ལེན་དུ་མ་ཐེབས་པར་ཆེས་འཐུས་ཤོར་འགྲོ་ས་དེ་རྩ་དོན་གཉིས་པ་རང་ཚུགས་འཛིན་པ་འདི་རེད། དེ་ལ་རང་ཚུགས་ཇི་ལྟར་འཛིན་དགོས་རེད་ཅེ་ན། ཡུལ་གྲུ་དང་རྒྱལ་ཁབ་ གཞན་པ་གང་དང་། མི་རིགས་གཞན་པ་སུ་ཞིག་གི་ཁྲོད་དུ་གནས་ནའང་། རང་གི་ཆོས་ལུགས་ཀྱི་དད་པ་དང་། རང་གི་མི་རིགས་ཀྱི་རིག་གནས། རང་གི་ས་གནས་ཀྱི་ཡུལ་སྲོལ་གོམས་གཤིས་དག་མི་ཉམས་པའི་སྒོ་ནས་བརྒྱུད་འཛིན་བྱེད་པ་དང་། མ་ཟད་ཕ་མ་ཚོས་རང་གི་བུ་ཕྲུག་རྣམས་ལ་བཤད་དེ་མི་རབས་ཕྱི་མ་རྣམས་ལ་ངེས་པར་དུ་བརྒྱུད་སྤེལ་བྱེད་དགོས། རང་གི་དད་པ་དང་། རིག་ གནས། ཡུལ་སྲོལ་གོམས་གཤིས་འདི་དག་མི་རིགས་གཞན་པ་ཞིག་ཏུ་སོང་ནས་དེ་དག་ལ་བསྒྲུབ་ཏུ་འཇུག་དགོས་ན་དཀའ་མོ་རེད། འོན་ཀྱང་རང་གི་བུ་རྒྱུད་རྣམས་ལ་ངེས་པར་དུ་སྤེལ་དགོས། དེ་ཧ་ཅང་གལ་ཆེན་པོ་རེད།
ཡིན་ཡང་དངོས་གནས་བཤད་ན། འདི་ཕྱི་ན་ཡོད་པའི་བོད་པ་རྣམས་མ་ཟད། ནང་ན་ཡོད་པའི་བོད་པ་རྣམས་ཀྱིས་ཀྱང་བྱེད་ཐུབ་ཀི་མི་འདུག །སྤྱིར་ཕྱི་ན་ཡོད་པའི་བོད་པ་རྣམས་ཀྱི་ནང་ལ་རང་གི་བུ་ཕྲུག་ཚོས་བོད་སྐད་རྩ་བ་ནས་མི་ཤེས་པ་གང་མང་མང་རེད། ད་དུང་བོད་དང་བོད་ཀྱི་རིག་གནས་ལ་དགའ་ཞེན་ཡོད་ནའང་ཆོས་ཀྱི་ཐོག་ནས་དད་པ་ཡོད་ས་དེ་ཉུང་ཉུང་རེད། ངས་སྔོན་ཆད་ལའང་བཤད་ཡོད། བོད་ཀྱི་ལོ་ཉུང་མང་པོ་ཞིག་ལ་དྲིས་པ་ཡིན། ནུབ་ཕྱོགས་ན་ཡོད་པའི་བྱིས་པ་ཆུང་ཆུང་སྟེ་ཕ་མ་གཉིས་ཀ་བོད་ཡིན་ནའང་སྐྱེ་ས་ནུབ་ཕྱོགས་སུ་སྐྱེས་པ་རྣམས་ཀྱི་ནང་དུ། ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་ཡོད་དྲན་མཁན་དང་། མེད་དྲན་མཁན། དེ་བཞིན་ཡོད་དམ་མེད་དྲན་མཁན་དག་ལས་སུས་མང་བལྟ་དུས། ཡོད་དམ་མེད་དྲན་མཁན་དེས་མང་འདུག་ཟེར། དེ་འདྲ་རེད། ད་དུང་དད་པ་མ་ཟད་རང་གི་སྐད་དང་ཡི་གེ་ཙམ་ཡང་མི་ཤེས་མཁན་གང་མང་མང་རེད། ང་ཚོས་འདང་བརྒྱབ་ན། ཕྱི་ན་ཡོད་པ་དག་གིས་བོད་སྐད་བོད་ཡིག་ལོས་ཤེས་བསམས་ནའང་དེ་འདྲ་ཞིག་ཀྱང་གཞི་ནས་རེད་མི་འདུག
དེ་བཞིན་ནང་དུ་ཡོད་པ་དག་ཀྱང་དེ་དང་གཅིག་མཚུངས་རེད། མར་ཁྲིན་ཏུའུ་དང་། ཕར་ཟི་ལིང་སོགས་ན་གནས་སྡོད་བྱས་ཡོད་པའི་ཕ་མ་དག་གིས་བྱིས་པ་ཚོས་རང་གི་སྐད་དང་ཡི་གེ་ཙམ་ཡང་མི་ཤེས་པར་མ་ཟད། ད་དུང་མི་ཤེས་པ་དེ་དགེ་མཚན་ཞིག་ལ་བརྩི་བ་རེད། མ་ཟད་ཐ་ན་གྲོང་ཁྱེར་ཞིག་གི་མིང་ཙམ་ཡང་མེད་པའི་པདྨ་རྫོང་དང་། གསེར་རྟ་རྫོང་། བྲག་འགོ་རྫོང་སོགས་ན་གནས་ཡོད་པའི་ཕ་མ་ཚོས་ཀྱང་བརྩིས་པ་རེད། དེ་ད་སྐབས་ཅུང་ཙམ་འགྱུར་བ་སོང་ཡོད་མོད། ཡིན་ནའང་ད་དུང་ཆེན་པོ་འགྲོ་རྒྱུ་མ་རེད།
སྤྱིར་བོད་ཀྱི་ལས་ཀ་བྱེད་སྟངས་དེ། དང་པོ་འུར་ལངས་རེ་བྱས་ནའང་དེའི་འཕྲོར་འཇམ་ཐིང་ཐིང་ཡིན་པ་རེད། དཔེར་ན། སུ་རུ་༼དག་ཡིག་དང་ཚིག་མཛོད་སོགས་སུ་འདི་ལ་ད་ལིས་དང་དུང་ཤིང་ཞེས་འཁོད། དེ་ལ་སུར་དཀར་དང་སུར་ནག་གཉིས་ལས། སུར་ནག་ནི་འབྲོག་པ་ཚོས་མེ་ ཁ་བསྲོ་བྱེད་དུ་འཁོལ་གི་ཡོད།༽ལ་མེ་གཏུགས་པ་ལྟ་བུ་རེད། སུ་རུ་ལ་མེ་གཏུགས་ན་ཚག་སྒྲ་དང་བཅས་འབར་ཚར་མ་ཐག་ཏུ་མེ་ཡང་ཤི་འགྲོ་བ་དང་། མེ་ཤི་རྗེས་ཐ་ན་ཐལ་བ་ཡང་མེད་པ་རེད། དེ་འདྲ་ཞིག་རེད་མ་གཏོགས་རང་གི་རིག་གནས་སོགས་ཀྱི་ཐད་ལ་རྒྱུན་འཁྱོངས་བྱས་ནས་ལས་ཀ་ཞིག་ལས་ན་ཡར་རྒྱས་སུ་འགྲོ་བ་རེད།
གང་ལྟར་རང་གི་རིག་གནས་དེ་ངེས་པར་དུ་མི་ཉམས་པར་བརྒྱུད་འཛིན་བྱེད་དགོས། དེ་རྒྱལ་ཁབ་ཀྱིས་ཁྲིམས་ཀྱི་ནང་དུའང་རང་གི་རིག་གནས་དང་། རང་གི་སྐད་ཡིག་དག་རང་གིས་བདག་པོ་བརྒྱབ་སྟེ་དར་སྤེལ་བྱས་ན་ཆོག་ཅེས་ཡིག་ཐོག་ཏུ་བཀོད་ནས་ཡོད་པས་གཞན་འགལ་འགྲོ་ས་གང་ཡང་ཡོད་པ་མ་རེད། དེས་ན་རང་ལ་ཐུག་ཡོད། གཞན་ཞིག་གིས་འདི་ཉམས་འགྲོ་གིན་འདུགངས་ཡར་སྤེལ་རོགས་བྱེད་ཟེར་མཁན་ཞིག་ཡོད་དཀའ་རྒྱུ་རེད།
འཛམ་གླིང་ཆོས་ལུགས་སྣ་ཚོགས་པ།།
ཀུན་ལ་ལེགས་པའི་ཆ་ཡོད་ཅིང་། །
གང་དད་རང་དབང་ཡིན་མོད་ཀྱང་། །
ཡང་དག་གནས་ལ་དད་པ་གལ། །
འཛམ་བུ་གླིང་ལ་ཆོས་ལུགས་སྣ་ཚོགས་པ་ཞིག་ཡོད་ལ། ཆོས་ལུགས་གང་ཞིག་ཡིན་ཡང་དེ་ལ་ ལེགས་པའི་ཆ་རེ་ཡོད་པ་རེད། དེ་དག་གིས་བཤད་ཚད་དེ་བཟང་པོ་དང་ཡང་ན་སྡུག་པོ་འབའ་ཞིག་ཡིན་རྒྱུ་མ་རེད། དེ་དག་གང་ལ་དད་པ་བྱེད་པ་དེའང་སྤྱིར་རང་དབང་རེད། དེ་ལ་ཆོག་མི་ཆོག་ཟེར་མཁན་ཞིག་ཡོད་པ་མ་རེད། ཡིན་ནའང་ཡང་དག་པའི་གནས་ལ་དད་པ་འཇོག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་མ་གཏོགས་རང་དགར་ཆོས་ལུགས་ཤིག་ལ་དད་པ་བཞག་པ་ཙམ་གྱིས་གཏན་ ནས་འགྲིག་པ་མ་རེད། དད་པ་ལ་ལས་རང་ལ་གནོད་པ་སྐྱེལ་བ་རེད་ལ། ཡང་ལ་ལས་གཞན་ལའང་ གནོད་པ་སྐྱེལ་བ་རེད།
ང་ཚོའི་ཆོས་ཀྱི་ནང་དུ་སྔར་ནས་བཤད་ཡོད་པ་བཞིན། འདོད་ཆགས་ཆོས་སུ་སྨྲ་བ་དང་། ཞེ་སྡང་ཆོས་སུ་སྨྲ་བ། གཏི་མུག་ཆོས་སུ་སྨྲ་བ་སོགས་མང་པོ་ཡོད། དེ་དག་གིས་སེམས་ཅན་རྣམས་ལ་གནོད་པ་བྱེད་པ་རེད། དཔེར་ན། རྒྱ་གར་དང་བལ་བོ་སོགས་སུ་ཆོས་ལུགས་ལ་ལས་ཅི་འདྲའི་སེམས་ཅན་མང་པོ་གསོད་ཀྱིན་འདུག །དེ་ལོ་རྒྱུས་ཐོག་ལོ་སྟོང་ཕྲག་མང་པོའི་རིང་ནས་ད་ལ་ཐུག་གི་བར་དེ་འདྲ་བྱས་ནས་ཡོང་བ་རེད། དེང་སྐབས་མི་མང་པོས་དཔྱད་བརྗོད་སྤེལ་ནས་ཕལ་ཆེར་ ལུགས་སྲོལ་དེ་མེད་པར་གྱུར་འདུག་མ་གཏོགས་དེ་འདྲའི་གཞན་ལ་གནོད་པ་མང་པོ་སྐྱེལ་བ་རེད།
དེ་བཞིན་རང་ལའང་གནོད་པ་སྐྱེལ་བ་སྔར་ནས་གཞུང་གི་ནང་དུ་བཤད་ཡོད་པ་རེད། དོན་མེད་ཀྱི་དཀའ་སྤྱད་མང་པོ་བྱས་ན་དགེ་བ་ཡིན་ཟེར་བ་དང་། རང་སྲོག་གཅོད་པ་དང་གཡུལ་འགྱེད་ཀྱི་ནང་དུ་ཞུགས་ན་ལྷ་ཡུལ་དུ་སྐྱེ་འགྲོ་ཟེར་བ་སོགས་འདྲ་མིན་སྣ་ཚོགས་ཤིག་བཤད་ཡོད་པ་ལྟ་བུ་རེད། དེར་བརྟེན་ཆོས་ལུགས་གང་ལའང་དད་པ་བྱས་ན་ཆོག་མོད། ཡིན་ཡང་ཡང་དག་པའི་གནས་ལ་དད་པ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། གལ་ཏེ་དད་གནས་ནོར་སོང་ན་རང་གི་ཚེ་འདི་ཕྱི་གཉིས་ཀ་ལ་ཅི་ཡང་མེད་པར་བྱེད་འགྲོ་བ་རེད།
མཆོག་གསུམ་སྐྱབས་སུ་བསྟེན་པའི་བོད་ཀྱི་དད་པ།
མཆོག་གསུམ་ཡིད་ཆེས་འགྱུར་མེད་པ། །
གངས་ཅན་ཕ་མེས་དད་པ་སྟེ། །
དད་གནས་འཕྱུག་མེད་འདི་ལྷག་མེད། །
འདི་ཕྱིའི་ལམ་མཆོག་འདི་ཉིད་ཡིན། །
འོ་ན་བོད་གངས་ཅན་གྱི་དད་པ་དེ་ཅི་འདྲ་ཞིག་རེད་ཅེ་ན། དེ་ནི་བོད་ཀྱི་ཕ་མེས་ཡང་མེས་ རྣམས་ཀྱིས་གནའ་ནས་ད་ལྟའི་བར་དུ་ཡིད་ཆེས་འགྱུར་མེད་ཀྱིས་དཀོན་མཆོག་གསུམ་པོ་ལ་དད་པ་བྱེད་པ་འདི་རེད། འདི་ལས་ལྷག་པའི་དད་པ་དང་དད་གནས་ཤིག་གང་དུའང་མི་འདུག
སྤྱིར་འཛམ་བུ་གླིང་གི་ཆོས་ལུགས་པ་མང་པོ་ཡོད་ས་ཞིག་ནས་ང་ཚོའི་དད་པ་འདི་ཨང་དང་པོ་ཡིན། གཞན་པ་ཐམས་ཅད་སྡུག་པོ་རེད་ཟེར་ན་མི་རྣམས་ཀྱི་རྣ་ལམ་དུ་འགྲོ་རྒྱུ་མ་རེད། ཡིན་ཡང་འདི་ལས་ལྷག་པ་ཞིག་མི་འདུག་ཅེས་ཟེར་ན་ཟེར་ཆོག་རྒྱུ་རེད། བླ་མ་དཀོན་མཆོག་གསུམ་ལ་དད་པ་འཇོག་རྒྱུ་འདི་ལས་ལྷག་ཅིག་ཚེ་འདི་དང་ཕྱི་མ། ལུང་དང་རིགས་པ། རྒྱུ་མཚན་དང་གནས་ལུགས། རང་དོན་དང་གཞན་དོན། ཉམས་ལེན་དང་ལྟ་བ། སྤྱི་ཚོགས་ལ་ཕན་ཐོགས་ཡོད་དང་མེད། དེང་རབས་ཀྱི་འཚོ་བ་དང་མཐུན་དང་མི་མཐུན། ཚན་རིག་གི་རྣམ་གཞག་དང་འགལ་དང་མི་འགལ་སོགས་གང་གི་ཐད་ནས་བལྟས་ནའང་། འདི་ལས་ལྷག་པ་ཞིག་དངོས་གནས་མི་འདུག་བསམ་རྒྱུ་ཞིག་རེད།འོ་ན་འདི་དང་འདྲ་བ་ཞིག་ཨེ་འདུག་ཟེར་ན། དེ་ག་ལེར་བལྟ་དགོས་རྒྱུ་ཞིག་རེད།
དེ་འདྲའི་དཀོན་མཆོག་གསུམ་པོ་ལ་ཡིད་ཆེས་འགྱུར་མེད་ཀྱིས་དད་པ་བྱེད་པ་དེ་བོད་གངས་ཅན་གྱི་དད་པ་རེད། འདི་ལས་ལྷག་པ་ཞིག་འཛམ་བུ་གླིང་གི་ཆོས་ལུགས་གང་གི་ཐོག་ཏུའང་མི་འདུག །ང་ཚོས་འདི་ལ་དད་པ་བྱས་ནས་བསྡད་ན་གསར་པ་ཞིག་བཙལ་དགོས་དོན་མི་འདུག ནང་ཆོས་ལ་དད་པ་བྱས་ན། འཛམ་བུ་གླིང་གི་ཆོས་ལུགས་གང་ཞིག་གི་ནང་དུ་སོང་ནའང་འདིས་བག་ཆགས་སྡུག་པོ་བཞག་ཡོད་ས་གཅིག་ཀྱང་ཡོད་པ་མ་རེད།
དཔེར་ན། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཨ་མེ་རི་ཁ་ལྟ་བུ་ལ་མཚོན་ན། ནང་ཆོས་ལ་དད་པ་ཡོད་མེད་ཀྱི་མི་སྣ་ཚོགས་པ་ཞིག་ཡོད་ཀྱང་མི་རྣམས་ཀྱི་སེམས་ན་ནང་ཆོས་ཟེར་བ་དེ་ཡག་པོ་ཞིག་རེད་བསམ་པ་ལས། འདི་སྡུག་པོ་ཞིག་རེད་བསམ་པའི་བག་ཆགས་ཅུང་ཟད་ཙམ་ཡང་བཞག་མི་འདུག དེ་བཞིན་ས་ཆ་གང་ཡིན་ཡང་ནང་ཆོས་ལ་སློབ་སྦྱོང་བྱེད་མིན་དང་། དད་པ་ཡོད་མེད། དོ་སྣང་ བྱེད་མིན་དེ་འདྲ་མིན་སྣ་ཚོགས་ཤིག་རེད་མ་གཏོགས་ནང་ཆོས་ཀྱིས་བག་ཆགས་སྡུག་པོ་བཞག་སྟེ་འདི་བཙོག་པ་རེད་སེམས་མཁན་སུ་ཡང་མི་འདུག
འདི་ལས་ལྷག་པའི་ཆོས་ཤིག་གང་ནའང་མི་འདུག
དེའི་ཕྱིར་ང་ཚོ་བོད་པ་ཚོས་སྔོན་ནས་ད་ལྟའི་བར་དུ་དད་པ་འདི་ལ་བྱས་ནས་ཡོང་བ་རེད། བོད་ཀྱི་རྗེས་རབས་པ་རྣམས་ཀྱིས་ཀྱང་དད་པ་དེ་འདི་ལ་བྱས་ནས་སོང་ན། འདི་ལས་གཞན་ཞིག་བཙལ་དགོས་དོན་གཏན་ནས་མི་འདུག །ཡིན་ཡང་ཡིན་གཅིག་མིན་གཉིས་འདི་དགོས་ཟེར་ནས་འཆར་གཞི་འཇོག་རྒྱུ་ཡོད་པ་མ་རེད་མ་གཏོགས་གནས་ལུགས་ཀྱི་ཐོག་ནས་བཤད་ན་འདིས་ཆོག་འདུག །སྤྱིར་བཏང་ཆོས་ལུགས་གང་ལ་དད་པ་བྱེད་ན་ལོས་ཆོག །དེ་རང་དབང་རེད། འོན་ཀྱང་ཆོག་མི་ཆོག་དང་གནས་ལུགས་གཉིས་སོ་སོ་རེད།
མི་རིགས་གཞན་པ་རྣམས་ལའང་རང་རང་སོ་སོ་ལ་དད་པ་ཡོད་མེད་དང་། དད་པ་ལའང་འདྲ་མིན་སྣ་ཚོགས་ཡོད་པ་རེད། དེ་ལ་དགག་པ་རྒྱག་དགོས་དོན་ཅི་ཡང་ཡོད་པ་མ་རེད། རང་གིས་དད་པ་འདི་རྒྱུན་འཁྱོངས་བྱས་ནས་བསྡད་ན་འདི་ལས་ལྷག་ཅིག་མི་འདུག །དེང་སང་འཛམ་བུ་གླིང་གི་ཆོས་ལུགས་ཆེ་ཆུང་ཚང་མའི་ལྟ་སྒོམ་སྤྱོད་གསུམ་གང་ལ་བལྟས་ན་བལྟ་ས་ཡོད་འདུག །དེ་འུ་ཚོའི་ལྟ་ཚུལ་དང་དཔྱད་ཚུལ་རྐྱང་པ་ཞིག་གིས་དཔྱད་བརྗོད་བྱེད་རྒྱུ་ཡོད་པ་མ་རེད། འཛམ་བུ་གླིང་གི་མི་ཚང་མས་ཐུན་མོང་གིས་བལྟས་པའི་རིན་ཐང་གི་ལྟ་ཚུལ་གྱི་ཐོག་ནས་བཤད་ནའང་འདི་ལས་ལྷག་པ་ཞིག་མི་འདུག
ཆོས་ལུགས་ལ་ལ་ནི་གཞན་གྱི་ལག་ཆ་རེད།
ཆོས་ལུགས་མང་པོ་ཞིག་ཕར་བལྟས་ན་ཆོས་ལུགས་ཤིག་ཡིན་ཟེར་ཡང་དོན་དངོས་སུ་ཚོང་ རྒྱག་བྱེད་དང་། ཡང་ན་མི་རིགས་རིང་ལུགས་པ་དང་ཆབ་སྲིད་གང་ཡང་རུང་བ་ཞིག་གི་ལག་ཆ་ལྟ་བུར་གྱུར་ཡོད་པ་རེད། སྔོན་མར་ཁེ་སིས་༼(1818-1883) རླབས་ཆེ་བའི་གསར་བརྗེའི་བསམ་བློ་པ་དང་མར་ཁེ་སིའི་རིང་ལུགས་ཀྱི་སྲོལ་འབྱེད་པ།༽ཀྱང་ཆོས་ལུགས་ནི་ཆབ་སྲིད་དབང་སྒྱུར་པ་ཚོའི་ལག་ཆ་རེད་ཅེས་བཤད་པ་རེད། སྤྱིར་ཆོས་ལུགས་ཡིན་ན་དབང་སྒྱུར་པ་ཚོའི་ལག་ཆ་ཡིན་པའི་ངེས་པ་མེད་ནའང་། ལག་ཆ་མི་བྱེད་པའི་ངེས་པའང་མི་འདུག །ཆེ་ས་ནས་ཆོས་ལུགས་མ་ཟད། ཆུང་ས་ནས་དགོན་པ་ཞིག་ཡིན་ནའང་དོན་དུ་དཔལ་འབྱོར་མ་གཏོགས་ཆོས་རྩ་བ་ནས་མེད་ས་ཡང་ཡོད་པ་རེད།
དཔེར་ན། ང་ཚོས་མར་སོང་ནས་རྒྱ་ནག་གི་དགོན་པ་ལ་ལར་བལྟས་ན། ཕར་བལྟ་སར་ནང་པ་སངས་རྒྱས་པའི་དགོན་པ་ཞིག་ཡིན་ནའང་དོན་དུ་གཙོ་བོ་ཡུལ་སྐོར་སྤྲོ་འཁྱམ་དང་སྒོར་མོ་བསྡུ་བྱེད་ཙམ་ལས། ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ལ་ཡིད་ཆེས། ངེས་འབྱུང་གི་བསམ་པ་དང་བྱང་ཆུབ་ཀྱི་སེམས། སྟོང་ཉིད་ཀྱི་ལྟ་བའི་ཐོག་ནས་ཅི་ཡང་མི་བརྩོན་ནས་བསྡད་ཡོད་པའང་འདུག །དེ་འདྲའི་དགོན་པ་དེ་ནང་བསྟན་གྱི་དགོན་པ་ཞིག་ཡིན་ནའང་རྩ་བ་ཆོས་མ་ཡིན་པར་དཔལ་འབྱོར་དང་ འབྲེལ་ཡོད་པ་རེད། དེ་དགོན་པ་ཆུང་ཆུང་གཅིག་རེད། ཡར་ཇེ་ཆེར་མངགས་ན་མང་པོ་ཞིག་དེ་འདྲར་གྱུར་ཡོད་པ་རེད།
ང་ཚོ་བོད་ལའང་རྗེས་སུ་དེ་འདྲ་ཡོང་རྒྱུ་རེད། ལོ་རེ་བཞིན་ཡུལ་སྐོར་སྤྲོ་འཁྱམ་པ་ཇེ་མང་དང་བོད་པ་ཚོ་སྒོར་མོ་ལ་ཇེ་དགའ་རེད། བོད་པ་ཚོ་སྒོར་མོ་ལ་དགའ་མི་ཉན་མ་གཏོགས་དགའ་ན་ དགའ་ལུགས་བཙོག་པ་རེད། གནས་ལུགས་གཏན་ནས་མེད་པའི་བླུན་པོའི་ལས་ཀ་ལས་ཡོང་གི་འདུག །གཞན་སྤྱང་པོ་ཚོས་སྒོར་མོ་ལ་དགའ་ནས་མགོ་སྐོར་བྱས་ནའང་ལས་ལུགས་འགྲོ་སྟངས་ཡག་པོ་ཤེས་པས་ག་ལེར་མ་གཏོགས་མི་གོ་བ་རེད། བོད་པ་ཚོས་བླུན་པོ་དང་གླེན་པའི་ལས་ལུགས་བྱས་ཏེ་དེ་འཕྲལ་རྐུབ་བུད་ཡོང་བ་དེང་སང་མང་པོ་རེད།
འདི་ཕྱིའི་ལམ་མཆོག་མ་ནོར་བ།
མདོར་ན་ཆོས་ལུགས་གང་ལ་དད་པ་བཞག་ན་ཆོག་པ་རེད། ཡིན་ཡང་དད་པའི་གནས་འཕྱུག་པ་མེད་པ་ཞིག་ཡིན་རྒྱུ་དེ་གལ་ཆེན་པོ་རེད། བོད་པ་ཡིན་ན་ནང་པའི་ཆོས་འདི་ཁོ་ན་མ་གཏོགས་དེ་ལས་གཞན་ལ་དད་པ་འཇོག་མི་ཆོག་ཟེར་མཁན་སུ་ཡང་མེད་མོད། འོན་ཀྱང་ང་ཚོ་ལ་གནས་ ལུགས་ཤིག་ཡོད་པས་གནས་ལུགས་དེའི་ཐོག་ནས་འགྲོ་དགོས། ཕ་མེས་རྣམས་ཀྱིས་ལོ་སྟོང་ ཕྲག་གཅིག་གི་རིང་དད་པ་བྱ་ས་དེའི་ཐོག་ནས་སོང་ན། དུས་རབས་གསར་པའི་ནང་དུའང་འདི་ལས་ལྷག་ཅིག་གང་ཡང་མི་འདུག །འདི་ངེས་པར་དུ་བོད་ཀྱི་ལོ་ཉུང་ཚོས་གོ་དགོས་མ་གཏོགས་ དེང་སང་ཚང་མས་དད་པ་གང་ལ་བཞག་ན་ཆོག་རེད་ཟེར་གྱིན་ཡོད་མོད། ཡིན་ནའང་ཆོག་པ་ཙམ་དང་དེའི་རྗེས་འབྲས་ལ་མ་བལྟས་ན་འགྲིག་གི་མ་རེད།
ང་ཚོས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ངོ་མ་འདི་ཉམས་ལེན་བྱས་ནས་འགྲོ་ཐུབ་ན། ཚེ་ཕྱི་མར་མ་ཟད་ཚེ་འདིའི་བདེ་སྐྱིད་ལའང་འདི་ལས་དགའ་ཞིག་གང་ཡང་མི་འདུགའདིས་མ་ཚིམས་པ་ཞིག་དང་། འདིས་མ་ཆོག་པ་ཞིག་ཅི་ཡང་མི་འདུག །བློ་གཟུ་བོ་དང་དྲང་མོར་གནས་པའི་སྒོ་ནས་ནང་པ་སངས་རྒྱས་པའི་ཆོས་འདིའི་ནང་མེད་རྒྱུ་ཞིག་གཞན་པ་ཚོའི་ནང་དུ་ཡོད་དང་མེད་བལྟས་ན། འདི་ལས་ལྷག་པ་ཞིག་མི་འདུག །དེའི་ཕྱིར་མི་ཚེ་མི་རབས་ཀྱི་བར་དུ་དད་པ་དེ་འདི་ལ་བྱས་ནས་བསྡད་ན། དེས་མ་ཆོག་པ་གང་ཡང་མི་འདུག །མ་འོངས་པར་འགྲོ་བ་མིའི་ རིགས་འདི་ཅི་འདྲའི་ཡར་རྒྱས་དང་མར་རྒུད་དུ་སོང་ནའང་། དད་པ་དེ་འདི་མ་གཏོགས་བསྒྱུར་བཅོས་རྩ་བ་ནས་རྒྱག་དགོས་ས་མ་རེད།