དགའ་སྤྲོའི་གླུ།
ཐུབ་དབང་ཐུགས་ཀྱི་དགོངས་དོན་དེ།།
རིན་ཆེན་བྱང་ཆུབ་སེམས་མཆོག་ཡིན།།
དམ་པའི་ཆོས་ཀྱི་ཉིང་ཁུ་ཡང་།།
སེམས་དུལ་བ་དེ་ལེགས་པར་གསུངས།།
སྔར་བསགས་བསོད་ནམས་བཟང་པོའི་འབྲས།།
དལ་འབྱོར་ལྡན་པའི་ལུས་མཆོག་ཐོབ།།
ཁྱིམ་བརྒྱུད་གཅིག་ནས་ནར་སོན་པའི།།
ང་ཚོ་ལྷན་འཛོམ་ལས་དབང་ཡིན།།
བརྩེ་བའི་མི་ལ་ནམ་ཡང་གུས།།
དུང་བའི་སེམས་པ་ཁྱེད་ཚོར་འཁྲུངས།།
ནང་མི་ལྷན་འཛོམ་དུས་བཟང་འདི།།
སེར་པོ་རིན་ཆེན་གསེར་ལས་ལྷག།
ཕུ་ནུ་མིང་སྲིང་བརྩེ་བ་དེ།།
གཏན་ནས་གཏན་དུ་གནས་དགོས་ན།།
ཡིད་ཆེས་བརྟན་པའི་བློ་གྲོས་དང་།།
དུང་ལས་དཀར་བའི་ལྷག་བསམ་དགོས།།
ང་ལ་ཡོད་པ་ཁྱོད་ཚོ་ཡིན།།
ཁྱེད་ཅག་ཡུན་དུ་འཚོ་གྱུར་ན།།
བུ་ངས་གཏན་གྱི་འདུན་མ་ཡི།།
བདེ་སྐྱིད་ཉི་གཞོན་དེས་ཡིད་ཚིམ།།
ཕར་ཕྱིན་དྲུག་གི་གྲངས་ལྡན་གྱི།།
སྨོན་པའི་ལྷ་དར་དཀར་པོ་འདི།།
སྙན་ངག་ཚིག་གིས་དབེན་ཀྱང་རུང་།།
དྲན་པའི་རྡོ་རིང་འདི་ལྟར་བཞེངས།།
ལྷོ་ཆུ་འཛིན་ནམ་འཇམ་དཔལ་རྒྱ་མཚོ་རུ་འབོད་པ་གང་དེས་ཕུ་ནུ་མིང་སྲིང་དག་ལ་བརྩེ་བའི་དྲི་མེད་ལྷ་དར་དཀར་པོ་ཞིག་གི་ཚབ་ཏུ་གུས་པས་ཕུལ་བ་དགེ་ལེགས་འཕེལ། ༢༠༡༩–༡༢–༡༣–