༄༅༅།།རྫོགས་ཆེན་གཞི་ལམ་འབྲས་བུའི་སྨོན་ལམ་ཀུན་བཟང་སྙིང་གི་ཐིག་ལེ་ཞེས་བྱ་བ་བཞུགས༔
དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔
ཀ་དག་གདོད་མའི་ངོ་བོ་སྤྲོས་དང་བྲལ༔
ལྷུན་གྲུབ་འོད་གསལ་རང་བཞིན་དག་པའི་ཞིང་༔
ཟུང་འཇུག་རིག་པའི་ཐུགས་རྗེ་ཀུན་ཁྱབ་དཔལ༔
རང་བཞིན་རྫོགས་པ་ཆེན་པོ་རྟོགས་གྱུར་ཅིག༔
སྣང་སྟོང་གཞི་ཡི་ཨ་མ་སྤྲོས་དང་བྲལ༔
གསལ་སྟོང་ལམ་གྱི་བུ་ཆུང་འོད་དུ་གསལ༔
བདེ་སྟོང་མ་བུ་ངོ་འཕྲོད་རིག་པའི་རྩལ༔
གནས་ལུགས་རྫོགས་པ་ཆེན་པོ་རྟོགས་གྱུར་ཅིག༔
ཡོད་མེད་རྒྱལ་བས་མ་གཟིགས་འདུས་མ་བྱས༔
གཉིས་མིན་འཁོར་འདས་ཀུན་གཞི་འགལ་འདུ་བྲལ༔
སྨྲ་བསམ་བརྗོད་མེད་རྟོག་པའི་ཡུལ་ལས་འདས༔
རྫོགས་ཆེན་གཞི་ཡི་གནས་ལུགས་རྟོགས་པར་ཤོག༔
ཆོས་དབྱིངས་ངོ་བོ་སྟོང་པས་རྟག་མཐའ་གྲོལ༔
ཆོས་ཉིད་རང་བཞིན་གསལ་བས་ཆད་མཐའ་བྲལ༔
ཆོས་ཀྱི་ཐུགས་རྗེ་འགག་མེད་སྣ་ཚོགས་སྣང་༔
རྫོགས་ཆེན་ལམ་གྱི་གནས་ལུགས་རྟོགས་པར་ཤོག༔
ཡེ་གྲོལ་རྒྱལ་བའི་དགོངས་པ་ཀུན་ཏུ་བཟང་༔
གཅེར་གྲོལ་འོད་གསལ་སྙིང་པོ་དག་པའི་ཞིང་༔
རང་གྲོལ་གཉུག་མའི་འཕོ་ཆེན་རྡོ་རྗེའི་སྐུ༔
རྫོགས་ཆེན་འབྲས་བུའི་གནས་ལུགས་རྟོགས་པར་ཤོག༔
ཆོས་ཀུན་དབྱེར་མེད་དོན་དམ་ཐ་མི་དད༔
བསམ་གྱིས་མི་ཁྱབ་སྒྲོ་འདོགས་ཀུན་དང་བྲལ༔
ཐོབ་བྱ་ཐོབ་བྱེད་ཐོག་མཐའ་བར་མེད་ཉིད༔
རྫོགས་པ་ཆེན་པོའི་གནས་ལུགས་རྟོགས་པར་ཤོག༔
ཅེས་པ་འདི་ཡང་རབ་གནས་ས་ཕག་མགོ་ཟླའི་ཡར་ངོའི་རྒྱལ་བ་གཉིས་པར་སྤྲུལ་སྐུ་དམ་པ་མགར་ཆེན་ཨ་ཉ་རིན་པོ་ཆེའི་ཞལ་ཐོག་ནས་གྲུབ་པའི་སིདྡྷི་དུང་ཕྱུར་གྱི་དགེ་བསྔོ་དང་སྨོན་ལམ་དུ་གསུང་སྐུལ་ངོར་ཤྲཱིཿསྨྱོན་ཨེ་མ་ཧོས་གང་ཤར་རིག་རྩལ་ལ་བཅོས་བསྒྱུར་མེད་པར་སུག་ལས་བགྱིས་པར་དགེའོ།། །།