ཤྲཱིཿགླུ་རྫོགས་པ་ཆེན་པོ།།
ཨ༔
ཨ་བྷྱེ་རྒྱལ་བ་ཀུན་འདུས་ཨ་ཏིའི་བདག།
ལཀྵཾ་ཀ་ར་མ་ལུས་འགྲོ་བའི་མགོན།།
གུཧྱེ་སིདྡྷི་དམ་ཚིག་མ་ཎི་ཀ།
ཙིཏྟ་རཏྣ་མཎྜལ་རྟག་ཏུ་རྒྱལ།།
ཀ་དག་ལྟ་བའི་གདར་ཤ་ཆོད་པའི་ཚེ།།
སྟོང་རྐྱང་མ་ཡིན་སྤྲོས་མཐའ་བརྒྱད་དང་བྲལ།།
དོན་དམ་རིག་པ་དབྱིངས་སུ་ཆུབ་པའི་ཚེ།།
ཕྱོགས་དུས་བདེ་གཤེགས་སྲས་བཅས་ཐུགས་ཐིག་མཇལ།།
ལྷུན་གྲུབ་སྒོམ་པའི་འཇའ་ཟེར་ཐིག་ལེའི་ཀློང་།།
ཞིང་དང་དཀྱིལ་འཁོར་དག་པ་རབ་འབྱམས་ཀུན།།
ཀུན་བཟང་ཚོགས་བརྒྱད་འཕོ་ཆེན་སྐུར་བཞེངས་ཚེ།།
འབྱུང་བ་རང་དག་ཡེ་ཤེས་རྡོ་རྗེ་འཆང་།།
ཡེ་གྲོལ་ཀ་དག་ཡེ་ཤེས་སྐུར་འཆང་བ།།
རང་གྲོལ་ཐོད་རྒལ་ལྷན་སྐྱེས་གཞལ་ཡས་ཁང་།།
གཅེར་གྲོལ་རིག་པ་བདེ་གཤེགས་མ་ཎི་ཀ།
སྨིན་གྲོལ་ཀུན་གཞི་གདོད་མའི་མགོན་པོ་དངོས།།
བྱམས་པ་ཆེན་པོ་རྣམ་འདྲེན་ལྔ་བ་དང་།།
སྙིང་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་དང་།།
དགའ་བ་ཕུན་ཚོགས་ཧ་ཤང་མ་ཧཱ་ཡ།།
འཇམ་དཔལ་གཞོན་ནུ་མཉམ་ཉིད་རིག་པའི་ལྷ།།
ལམ་དང་འབྲས་བུ་རྩོལ་བས་བྱར་མེད་ལ།།
དོན་དམ་ལྷུན་གྱིས་གྲུབ་པ་རྒྱལ་བའི་སྐུ།།
ལམ་དང་རིམ་པའི་མདོ་སྔགས་རྩོལ་མེད་པར།།
ལྷུན་གྲུབ་མཐར་ཐུག་རྫོགས་ཆེན་ཁོ་ན་ཉིད།།
གདོད་མའི་མགོན་པོ་དཔལ་ལྡན་བླ་མ་ལ།།
མཉམ་ཉིད་ཆོས་སྐུར་ལྟ་བའི་མོས་གུས་ཀྱིས།།
དོན་བརྒྱུད་དགོངས་པའི་བྱིན་རླབས་སྙིང་ལ་འཕོས།།
རིག་པ་རྩལ་གྱི་དབང་ཆེན་ཐོབ་པར་གསུངས།།
རྣམ་རྟོག་ཆོས་སྐུ་ལྟ་བའི་འཁྲུལ་རྟོག་མེད།།
ཟག་བཅས་བདེ་ཆེན་གོམས་པའི་ཕྱག་སྲོལ་མེད།།
ལྟ་སྒོམ་མ་ཤེས་འཁོར་འདས་དབྱེར་མེད་ཟེར།།
གཞུང་ལུགས་འགོ་སྟོང་དེ་དག་སྤངས་ན་ལེགས།།
ཡེ་ནས་གནས་ཕྱིར་རྩོལ་བསྒྲུབ་བྲལ་བའི་ཆོས།།
དམན་དང་དབང་རྣོན་ཁྱད་པར་མི་ལྟོས་ནས།།
ཡིད་ཆེས་སེམས་ཀྱི་གསང་བ་རིག་པའི་ཚེ།།
བླ་སློབ་དགོངས་པ་གཅིག་པུས་མན་ངག་རྟོགས།།
མངོན་སུམ་དབང་པོས་སྤྲོས་ཤིང་དཔྱད་ཡུལ་མེད།།
རྗེས་དཔག་ཀུན་རྟོག་སྣོན་མས་བཙལ་བྱ་དབེན།།
གཟུང་འཛིན་དགག་སྒྲུབ་ལས་འདས་རིག་པའི་ཀློང་།།
ཆེ་ཆོས་དྲུག་ལྡན་ཀུན་བཟང་རིག་པའི་དོན།།
ཐ་སྙེད་ཞེན་པར་རང་ཉིད་ངལ་བའི་རྒྱུ།།
དམིགས་བསྒོམ་ཁོ་ན་རང་སེམས་འཆིང་བའི་གཟེབ།།
ཟུག་རྔུའི་སྤྲོས་པ་ནང་ནས་མ་ཆོད་ཚེ།།
འཁོར་འདས་དབྱེར་མེད་འདོད་པ་འཁྲུལ་བའི་གཞི།།
སྨྲ་བསམ་བརྗོད་བྲལ་འདོད་པའི་དབུ་མ་དང་།།
ཐབས་ལམ་བདེ་ཆེན་རོལ་བའི་ཕྱག་ཆེན་ལས།།
ཁྱད་དུ་འཕགས་པའི་འོད་གསལ་རྫོགས་པ་ཆེ།།
མཐར་ཐུག་ཀུན་བཟང་དགོངས་པ་འདི་ཁོ་ན།།
མཐོང་བ་གང་མེད་གཉུག་མའི་ཡེ་ཤེས་ལ།།
མ་མཐོང་ལྷག་མར་གྱུར་བ་གང་ཡང་མེད།།
རང་རིག་ཁོ་ཐག་ཆོད་པའི་ཟབ་དོན་ཉིད།།
སྐལ་བཟང་སློབ་མས་བརྡ་དོན་དཔེ་ཡིས་རྟོགས།།
ཀ་དག་སྤྲོས་པ་བྲལ་ཕྱིར་ཡོད་མཐའ་སྤངས།།
ལྷུན་གྲུབ་རིག་གདངས་གསལ་ཕྱིར་མེད་མཐའ་བྲལ།།
ཟུང་འཇུག་ངོ་བོ་རང་བཞིན་ཐུགས་རྗེའི་རྩལ།།
རང་རིག་ཡེ་ཤེས་བླ་མ་འདི་ཁོ་ན།།
ཤེས་བྱའི་གཞི་ལ་སྒྲོ་འདོགས་མཐའ་ལས་གྲོལ།།
བགྲོད་བྱེད་ལམ་ལ་རེ་དོགས་འཁྲི་བ་ཆོད།།
ཐོབ་བྱ་འབྲས་བུའི་ཆོས་སྐུའི་རྒྱལ་ས་ཟིན།།
ཡེ་གྲོལ་ཀུན་ཏུ་བཟང་པོ་ཨེ་མ་ཧོ།།
ངོ་བོ་སྟོང་ཉིད་སྤྲོས་པའི་དྲྭ་ཟུར་དབེན།།
རང་བཞིན་གཤིས་ལ་ནམ་མཁའི་གོ་རིམ་བཞིན།།
ཐུགས་རྗེ་ཀུན་ཁྱབ་བདག་པོ་མ་ཎི་ཀ།།
ཀུན་བཟང་གདོད་མའི་མགོན་པོ་དེ་ཀ་ལགས།།
དོན་དམ་བློ་ལས་འདས་པའི་ཡེ་ཤེས་ཉིད་།།
ཀུན་རྫོབ་རྒྱུ་ལས་མ་བྱུང་རྫོགས་པ་ཆེ།།
སྒྲ་ཚིག་ལུང་ལས་མ་བྱུང་མན་ངག་ནི།།
རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལགས།།
རང་རིག་འགྱུར་མེད་གཞོན་ནུ་བུམ་པའི་སྐུ།།
མཁྱེན་ཆ་རང་འོད་གསལ་བའི་རྫོགས་ཆེ།།
ཤེས་རབ་རང་བྱུང་སྒྲོན་མའི་སྣང་བ་ཅན།།
སྒྲིབ་བྲལ་གདོད་མའི་སངས་རྒྱས་ཡེ་ཤེས་སོ།།
སྣང་སྟོང་བདེན་པའི་མཉམ་པ་ཉིད་ཀྱི་ངང་།།
བདེ་སྟོང་ཡེ་ཤེས་ཐིག་ལེ་ཉག་གཅིག་ལ།།
རིག་སྟོང་རིག་པའི་དབྱིངས་སུ་ཆོས་ཀུན་རྫོགས།།
འཁོར་འདས་རེ་དོགས་ཞིག་པའི་རྣལ་འབྱོར་རྒྱལ།།
སྣང་བ་སྐུ་ཡི་དཀྱིལ་འཁོར་མ་ལུས་དག།
གྲགས་པ་གསུང་གི་ཆོས་འཁོར་ཡོངས་སུ་རྫོགས།།
རིག་པ་ཐུགས་རྗེ་འགྲོ་ཁམས་ཕན་བདེས་སྨིན།།
རྫོགས་པ་ཆེན་པོ་ཡིད་བཞིན་ནོར་བུ་ལགས།།
རྩ་བརྒྱུད་བླ་མ་ཀུན་འདུས་པདྨ་འབྱུང་།།
ཡི་དམ་རྒྱལ་བ་ཀུན་འདུས་ཀུན་ཏུ་བཟང་།།
མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་ཡུམ་ཆེན་མོ།།
རྩ་གསུམ་ཀུན་འདུས་ཀུན་གྱིས་རྟོགས་གྱུར་ཅིག།
ཅེས་པ་འདི་ཡང་རབ་གནས་ས་ཕག་མགོ་ཟླའི་ཟླ་བ་ཉ་ཡོངས་སུ་གང་བ་དང་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་འདས་མཆོད་སྐབས་སུ་ཆོས་མཆེད་སློབ་གྲོགས་མང་པོས་སྐུལ་མ་དང་། རང་གིས་རྩ་གསུམ་ཆོས་སྐྱོང་རབ་འབྱམས་ལ་གསོལ་བ་བཏབས་པའི་མཐུ་ལས་གང་ཤར་རིག་པའི་ཀློང་ནས་ཤར་བ་དག་ལ་བཅོས་བསྒྱུར་སྤུ་ཙམ་མེད་པར་ཤྲཱིཿཨེ་མ་ཧོས་ཨེ་ཝཾ་ཛྙཱ་ན་གུ་རུའི་ལྷ་ཁང་དེ་ཉིད་དུ་ཐོ་རངས་སྟག་གི་དུས་སུ་བྲིས་པས་ཀུན་གྱིས་རང་བྱུང་རྫོགས་པ་ཆེན་པོའི་དེ་ཁོ་ན་ཉིད་རྟོགས་པའི་རྒྱུ་རུ་གྱུར་ཅིག་གུ།། །།