གདམས་ངག་ཡིད་བཞིན་ནོར་བུའི་དོ་ཤལ།
ན་མོ་གུ་རུ་ཨེ་མ་ཧོ།།
༡༽
བསྐལ་མང་ཚོགས་གཉིས་བསགས་པའི་མཐུས།།
རྫོགས་པ་ཆེན་པོའི་ཆོས་དང་འཕྲད།།
ཆོས་དང་གང་ཟག་གཅིག་ཉིད་དུ།།
བརྩོན་པའི་ཐུགས་དམ་མ་ལྷོད་ཅིག།
༢༽
དང་པོ་བློ་ལྡོག་རྣམ་བཞི་གོམས།།
བར་དུ་ཚད་མེད་རྣམ་བཞི་བསྐྱེད།།
དོན་ལ་སྲོག་སྡོམ་གཟེར་བཞིས་ངང་།།
རྫོགས་པ་ཆེན་པོའི་སྣང་བཞི་ཐོབ།།
༣༽
དངོས་གཞི་ལས་ཀྱང་སྔོན་འགྲོ་གཙོ།།
ལུས་ངག་ལས་ཀྱང་ཀུན་སློང་གཙོ།།
དྲག་འབད་ལས་ཀྱང་རྒྱུན་བརྩོན་གཙོ།།
འཁོར་བ་ལས་ཀྱང་མྱང་འདས་གཙོ།།
༤༽
རྫོགས་ཆེན་བླ་མེད་སྙིང་པོའི་དོན།།
དད་གུས་དམ་ཚིག་བརྩོན་པའི་མཐུས།།
ཉམས་རྟོགས་ཡར་ངོའི་ཟླ་བ་བཞིན།།
འབྱུང་འགྱུར་འདི་ལ་ཐེ་ཚོམས་མེད།།
༥༽
ཉམས་ལེན་རྒྱུན་ཁྱེར་བྱེད་པ་ནི།།
སྲོག་གི་སྙིང་པོ་དམ་པར་ཟུངས།།
འཇིག་རྟེན་ཞེན་སྣང་རྒྱབ་ཏུ་བསྐྱུར།།
འདུ་འཛི་མེད་པའི་དབེན་པར་བསྟེན།།
༦༽
ངེས་འབྱུང་བརྟན་པོའི་ས་གཞི་ལ།།
བྱང་སེམས་བདུད་རྩིའི་ཐིགས་པ་བྲན།།
དད་གུས་དག་སྣང་རྩི་ཤིང་བརྟས།།
སྣང་སྲིད་རྫོགས་པ་ཆེན་པོར་ཤར།།
༧༽
བླ་མའི་གདམས་པ་སེམས་ལ་དྲིལ།།
ཡི་དམ་བསྙེན་པ་ངག་ལ་བཟླས།།
མཁའ་འགྲོ་དམ་ཚིག་མ་རལ་ན།།
ཆོས་སྐྱོང་བཀའ་སྲུང་སྤྲིན་བཞིན་འདུ།།
༨༽
གཞི་ལ་སྤྲོས་བྲལ་ཀ་དག་ངང་།།
ལམ་དུ་ལྷུན་གྲུབ་ཐོད་བརྒལ་ལས།།
འབྲས་བུ་ཚེ་གཅིག་སངས་རྒྱས་ཐོབ།
ངེས་ཤེས་མཛོད་ཅིག་སྐལ་བཟང་ཚོ།།
༩༽
བླ་མ་དད་པའི་མོས་གུས་ངང་།།
གང་ཤར་སྣང་བའི་རྟོགས་པ་རྣམས།།
སྤངས་བླང་དབེན་པའི་ལམ་ཁྱེར་ཀུན།།
ཀུན་བཟང་སྤྱོད་པ་རྒྱ་མཚོ་ལགས།།
༡༠༽
གཅེར་ལྟ་གཅེར་གྲོལ་སྒོམ་པར་བཞག།
གཞི་མེད་རྩ་བྲལ་མི་དམིགས་ངང་།།
གནས་ལུགས་རྫོགས་པ་ཆེན་པོར་ཞོགས།།
སྤྱོད་ལམ་ཀུན་ཏུ་བཟང་པོར་མཛོད།།
༡༡༽
སྣང་གྲགས་རིག་པའི་གཉུག་མ་ཉིད།།
ངོ་བོ་རང་བཞིན་ཐུགས་རྗེའི་དཔལ།།
སྐུ་གསུམ་དགྱེས་པ་རྡོ་རྗེ་འཆང་།།
ནམ་ཡང་འབྲལ་མེད་རྗེན་པར་སྐྱོང་།།
༡༢༽
ལོ་ཟླའི་དུས་ཚོད་དམ་དུ་འཛིན།།
དྲན་ཤེས་བག་ཡོད་རྒྱུན་དུ་སྐྱོང་།།
རྟག་ཏུ་དེ་ཉིད་གོང་དུ་སྤེལ།།
བསྟན་འགྲོའི་དོན་ལ་མ་གཡེལ་ཅིག།
༡༣༽
ནམ་ཞིག་ཆོས་ཀུན་སྟོང་པའི་ངང་།།
སྣང་སྲིད་ཐམས་ཅད་ཆོས་སྐུར་རྟོགས།།
དགག་བསྒྲུབ་བྱ་རྩོལ་ཟད་པའི་ཚེ།།
ཁྲེགས་ཆོད་དགོངས་པ་ལོན་པ་ཡིན།།
༡༤༽
རང་རིག་སྐྱེ་མེད་ངོ་བོ་ལས།།
འོད་གསལ་དཀྱིལ་འཁོར་རང་བཞིན་སྣང་།།
ཞིང་ཁམས་རབ་འབྱམས་མཇལ་བ་ཉིད།།
ཐོད་རྒལ་སྣང་བཞི་གོམས་པར་འབྱུང་།།
༡༥༽
མཐར་ཐུག་ཐེག་པའི་རྩེ་མོ་ཉིད།།
ཡང་གསང་རྫོགས་པ་ཆེན་པོ་ལ།།
ཀུན་བཟང་ས་ལམ་མ་ལུས་ཚང་།།
གསང་གསུམ་གྲུབ་པ་མཐར་ཕྱིན་མཛོད།།
ཅེས་པ་འདི་ཡང་རབ་བྱུང་བཅུ་བདུན་པའི་ས་ཕག་མགོ་ཟླའི་ཉ་གང་ལ་ཟླ་བ་གཟའ་ཀས་གྲོལ་བ་དང་མཉམ་དུ་སྐལ་ལྡན་གྱི་སློབ་མ་ཀརྨ་ཆོས་སྒྲོན་དང་རིག་འཛིན་རྡོ་རྗེས་དད་གུས་དམ་གཙང་གིས་སྐུལ་ངོར་གང་ཤར་ཤྲཱིཿསྨྱོན་ཨེ་མ་ཧོས་དམ་ཚིག་གཙང་ནའི་ལེགས་སྐྱེས་སུ་ཕུལ་བར་དགེའོ།། །། སྤྱི་ལོ་༢༠༢༠ཟླ་བ་༡ཚེས་༡༠་ལ།། མཆན། ༼དྲ་ཐོག་ནས་གདན་ས་ཁག་དང་ཚན་རིག་པའི་དགེ་རྒན་གྱིས་སྐུལ་ངོར་ཤར་མར་བྲིས་ནས་རྗེས་སུ་ཤྭོ་ལོ་ཀ་བཅོ་ལྔ་ཏག་ཏག་འགྲིགས་འདུག་པས་དུས་ཚེས་དགེ་བའི་རྟེན་འབྲེལ་རྨད་དུ་བྱུང་། ༽