ཨེ་མ་ཧོའི་རྒྱལ་སྲིད་སྣ་བརྒྱད།
ན་མོ་མ་ཧཱ་གུ་རུ་ཨེ་མ་ཧོ།།
༼༡༽
ཆུང་ནས་བཟང་པོ་སྤྱོད་པའི་རྟུལ་ཞུགས་ཅན།།
ཆེ་ནས་བསྟན་འགྲོར་བརྩོན་པའི་དཀའ་སྤྱོད་ལྡན།།
ཆེ་ཆུང་མ་ངེས་ལྷག་བསམ་རྣམ་དག་པ།།
ཕན་བདེའི་ཀུན་བཟང་བླ་མ་རིན་པོ་ཆེ།།
༼༢༽
དང་པོ་ཐོས་བསམ་སྒོམ་པས་རང་རྒྱུད་དུལ།།
བར་དུ་འཆད་རྩོད་རྩོམ་པའི་འགྲོ་དོན་མཛད།།
མཐར་དོན་བསྙེན་ཕྲིན་ལས་སྐྱོང་བའི་མགོན།།
དམ་ཆོས་འཛིན་པའི་འཁོར་ལོ་རིན་པོ་ཆེ།།
༼༣༽
ཞི་དུལ་ཀུན་ཡིད་མཐུན་པའི་དཔལ་དགྱེས་པ།།
ཁྲིམས་གཙང་བསླབ་གསུམ་བརྒྱན་བཟང་རྡོ་རྗེ་འཆང་།།
བདེ་ཆེན་ཡེ་ཤེས་ཕྱག་རྒྱའི་དངོས་གྲུབ་ཐོབ།།
བཀའ་གཏེར་དབང་ཕྱུག་བཙུན་མོ་རིན་པོ་ཆེ།།
༼༤༽
རྒྱལ་བའི་བཀའ་དང་བླ་མའི་ལུང་གིས་ཟིན།།
མདོ་སྔགས་རིག་གཞུང་རྒྱ་མཚོའི་དགོངས་དོན་འགྱེད།།
སྙིགས་དུས་འགྲོ་ཁམས་འདུལ་བའི་ཐབས་མཁས་པ།།
སྟོན་པའི་རྒྱལ་ཚབ་བློན་པོ་རིན་པོ།།
༼༥༽
བདེན་པའི་ལམ་ལ་ངེས་ཤེས་དེ་ཉིད་རྟོགས༵།།
དྲང་པོས་ཀུན་ཕན་སྒྲུབ་པའི་བྱམས་བརྩེའི་དཔལ།།
མ་ལུས་འགྲོ་ཀུན་སྨན་པའི་དམ་ཚིག་ལྡན༵།།
བདེ་མཆོག་བརྗིད་པའི་གླང་བོ་རིན་པོ་ཆེ།།
༼༦༽
དབེན་རིར་བཞུགས་ནས་ཆོས་རྩྭའི་ཉིང་བཅུད་རོལ།།
ཉི་མཚན་མ་གཡེང་འདུ་འཛིས་ལྕགས་སྒྲོག་གྲོལ།།
རྒྱལ་ཀུན་དགྱེས་པའི་དམ་གཙང་བརྩོན་འགྲུས་ཅན།།
འགྲོས་བཟང་ཅང་ཤེས་རྟ་མཆོག་རིན་པོ་ཆེ།།
༼༧༽
ལས་ཉོན་སྟོབས་འཇོམས་ནག་ཕྱོགས་རྩ་བ་བརླགས།།
བདུད་བཞི་རབ་སེལ་དགྲ་བགེགས་འདུལ་བའི་གཤེད།།
ང་རྒྱལ་རྔོམ་བག་དབེན་པའི་རྒྱལ་བའི་སྲས།།
གཡུལ་རྒྱལ་དཔའ་བོ་དམག་དཔོན་རིན་པོ་ཆེ།།
༼༨༽
རེ་དྭོགས་ཆོས་བརྒྱད་དྲེགས་པའི་རློམ་སེམས་མེད།།
འཕགས་པའི་ནོར་བདུན་ཆོས་ལ་རང་བྱན་ཆུབ།།
ཕ་རོལ་ཕྱིན་དྲུག་སྤྱོད་པའི་རྣལ་འབྱོར་པ།།
ཨེ་ཧོ་ཡིད་བཞིན་ནོར་བུ་རིན་པོ་ཆེ།།
རང་འདོད་ཡིད་ལ་ཞེན་པའི་གཏམ་མེད་ཀྱང་།།
གཞན་འདོད་རེ་བ་བསྐོང་བའི་སྣ་བརྒྱད་ཚིག།
བཟོ་བཅོས་ཀུན་རྟོག་ཚིག་གིས་མ་ལྷད་པར།།
ཐོལ་བྱུང་ངག་རིག་སྨྲ་བས་དེ་སྐད་ཐལ།།
ཅེས་པ་འདི་ཡང་རབ་གནས་ས་ཕག་རྒྱལ་ཟླའི་ཡར་ཚེས་བཟང་པོ་དང་པོ་ལ་མཁན་པོ་དོན་ཀུན་གྲུབ་པ་དང་མཁའ་འགྲོ་སྒྲོལ་དཀར་ངོར་གང་ཤར་རང་གཤིས་རྣམ་དག་ལ་འཁྲུལ་རྟོག་ངན་པའི་ཚིག་གིས་མ་བཅོས་པར་ཐོལ་བྱུང་ཉིད་གྲོགས་བཟང་དགྱེས་པའི་དཔྱིད་དཔལ་དུ་རིག་འཛིན་ཨེ་མ་ཧོས་སེང་གླིང་ཀུན་བཟང་དགའ་ཚལ་ནས་ཚིག་ཇ་ཕོར་གང་འཐུང་ཞོར་དུ་སོར་བཅུའི་ལམ་ནས་ཤོར་བར་དགེའོ།། །།ཤྲཱིཿཨེ་མ་ཧོ་སརྦ་ལོ་ཀ་པ་ལ་བི་ཛ་ཡནྟུ།།