January 2020

རིམས་སེལ་ཀུན་བཟང་སྨོན་ལམ།།
ན་མོ་གུ་རུ་བཛྲ་རཀྵ་ཡེ།།
ཕྱོགས་དུས་རྒྱལ་ཀུན་ངོ་བོ་པདྨ་འབྱུང་།།
བདེ་ཆེན་ཡེ་ཤེས་རང་བཞིན་མཚོ་རྒྱལ་ཡུམ།།
རྒྱལ་དང་རྒྱལ་སྲས་ཐུགས་རྗེ་བསླུ་མེད་ལ།།
གསོལ་བ་འདེབས་སོ་རིམས་ནད་སེལ་བར་ཤོག།
སྐྱབས་གནས་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ།།
ཡི་དམ་ཀུན་འདུས་རྡོ་རྗེ་གོ་ཁྲབ་དཔལ།།
མཁའ་འགྲོ་ཀུན་འདུས་རྗེ་བཙུན་སྒྲོལ་མ་དང་།།
ཆོས་སྐྱོང་ཀུན་འདུས་གེ་སར་རྒྱལ་པོ་མཁྱེན།།
རྩ་གསུམ་བཀའ་སྲུང་ཚོགས་ལ་གསོལ་བ་འདེབས།།
སྙིགས་དུས་འགྲོ་བའི་ནད་རིམས་བདེ་མྱུར་སེལ།།
འགྲོ་ཁམས་སྤྱི་དང་རྒྱ་ནག་ནད་རིགས་རྣམས།།
རང་སངས་དག་ནས་ལུས་སེམས་བདེ་བར་ཤོག།
མཐའ་འཁོབ་འགྲོ་བའི་རྒྱུད་ལ་སྙིང་རྗེ་སྐྱེས།།
རི་དྭགས་གཡང་དྭགས་རང་དབང་དཔལ་གྱིས་འཚོ།།
གཉན་ནད་སྡུག་རྩུབ་རིགས་ཀུན་རབ་ཏུ་ཞི།།
ཞི་བདེ་འཚོ་བས་འཛམ་གླིང་མཛེས་པར་ཤོག།
ཡིད་བདེ་སྨེ་སྔགས་མི་འདོན་ཆོས་སྒྲ་སྒྲོགས།།
ཡུལ་བདེ་མཁའ་རླུང་གཙང་མས་འཁོར་ཡུག་ཁྱབ།།
མ་ལུས་འགྲོ་བའི་སྡུག་བསྔལ་རྒྱུན་ཆད་དེ།།
བསམ་སྦྱོར་ལེགས་པའི་ལམ་ལ་སྤྱོད་པར་ཤོག།
ལུས་ལ་ན་ཚ་མེད་ནས་བདེ་ཐང་རྒྱས།།
སེམས་ལ་འཇིགས་སྐྲག་མེད་ནས་ཀུན་ཏུ་བཟང་།།
ལུས་སེམས་བདེ་ཆེན་འཚོ་བར་རྟག་ཏུ་རོལ།།
འགོ་ནད་རིགས་མིང་ཙམ་མེད་པར་ཤོག།
ལུས་ཅན་ཀུན་ལ་གནོད་པའི་སེམས་དང་བྲལ།།
བྱང་ཆུབ་སེམས་ཉིད་འགྲོ་ཀུན་རྒྱུད་ལ་འབྱོར།།
ནད་གདོན་ཟུག་ངུས་མནར་གཅོད་མ་ལུས་སེལ།།
འགྲོ་ཁམས་བདེ་ཆེན་ཞིང་དང་མཚུངས་པར་ཤོག།
དུས་གསུམ་བསགས་པའི་དགེ་རྩའི་བདེན་པ་དང་།།
རྟེན་འབྲེལ་རྒྱུ་འབྲས་བསླུ་བ་མེད་པའི་མཐུས།།
སྣོད་བཅུད་ཉམས་རྒུད་ངན་པ་མྱུར་བསལ་ནས།།
བདེ་སྐྱིད་རྫོགས་ལྡན་དང་པོར་སྤྱོད་པར་ཤོག།
ཅེས་པ་འདི་ཡང་རབ་གནས་ལྕགས་བྱིའི་རྒྱལ་བ་གཉིས་པར་དད་གུས་དམ་ཚིག་ཅན་མཁའ་འགྲོ་དམ་པ་རིག་འཛིན་དབྱངས་ཅན་ལྷ་མོ་དང་། སྔགས་མ་དཔལ་ལྡན་ཆོས་སྒྲོན་དང་། རྣལ་འབྱོར་དཔལ་ལྡན་དོན་གྲུབ་སོགས་ཀྱིས་སྐུལ་ངོར་ཤྲཱིཿཨེ་མ་ཧོས་སེངྒྷ་གླིང་སངས་རྒྱས་ཚེམས་ལྷའི་ཁང་ནས་རྩེ་གཅིག་ཏུ་སྨོན་པར་དགེའོ།། །།

Leave a Reply

Your email address will not be published. Required fields are marked *