January 2020

ཨ་མའི་ལྟ་སྒོམ་སྤྱོད་པ་ཉི་ཟླ་སྐར་མའི་འོད་གསལ།།
ཨེ་མ་ཧོ།།
ཀ་དག་ཆོས་དབྱིངས་དགོངས་པ་ཀུན་བཟང་མོ།།
ཞིང་སྣང་ལྷུན་གྲུབ་འོད་གསལ་བདེ་ཆེན་གནས།།
ཟུང་འཇུག་སྣང་སྲིད་རྣམ་དག་རང་དབང་བསྒྱུར།།
ཨོ་རྒྱན་སྒྲོལ་མའི་ཞབས་ལ་གསོལ་བ་འདེབས།།
ཆོས་ཀུན་མཉམ་ཉིད་དག་པར་བྱིན་གྱིས་རློབས།།
རང་སྣང་སྐུ་གསུམ་རྫོགས་པའི་དངོས་གྲུབ་སྩོལ།།
ཀུན་བཟང་གདོད་མའི་རང་བཞིན་སྨིན་གྲོལ་ནས།།
ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་ནུས་ཤོག།
བསམ་ཡས་མཆིམས་ཕུ་གངས་རི་ཐོད་དཀར་སོགས།།
འཕགས་བོད་དབེན་གནས་སྒྲུབ་པའི་རྒྱལ་མཚན་བསྒྲེངས།།
དོན་གཉིས་ལྷུན་གྲུབ་ཚེ་འདིར་སངས་རྒྱས་མ།།
ཨོ་རྒྱན་སྒྲོལ་མའི་ཞབས་ལ་གསོལ་བ་འདེབས།།
འཁོར་འདས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས།།
ཨ་མའི་རྣལ་འབྱོར།
ཨཱཿ
དབྱིངས་སྣང་འོད་གསལ་ལྷུན་གྲུབ་རིག་པའི་རྩལ།།
འཇའ་ཟེར་ཐིག་ལེའི་ཀློང་ན་རྗེ་བཙུན་མ།།
སེར་གསལ་མཛེས་མཛུམ་སྐྱབས་སྦྱིན་ཕྱག་རྒྱ་ཅན།།
བྱིན་རླབས་མཆོག་སྟེར་སྐྱབས་ཀུན་ངོ་བོར་གསལ།།
ཡེ་ཤེས་སྐུ་ཅན་གདོད་མའི་ཀུན་བཟང་མོར།།
གུས་པས་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི།།
ཚེ་རབས་ཕྲེང་བར་འབྲལ་མེད་རྗེས་བཟུང་ནས།།
བསྟན་འགྲོའི་དོན་ཀུན་བདེ་མྱུར་ལྷུན་གྲུབ་མཛོད།།
ཨོཾ་ཨོ་ཌཱི་ཡ་ཏཱ་ར་སིདྡྷི་ཧཱུཾ།། ཅི་ནུས་མཐར།
ཏཱ་ར་དགྱེས་པས་འོད་ཞུ་རང་ལ་ཐིམ།།
ཡེ་ཤེས་ཨ་མའི་རྩལ་དབང་སེམས་ལ་རྫོགས།།
རང་རིག་ཆོས་ཟད་དགོངས་པ་ཨ་མའི་ཐུགས།།
ཆོས་ཀུན་མཉམ་ཉིད་ཀློང་དུ་ཨེ་མ་ཧོ།།
ཞེས་པའི་དོན་ལ་ཅི་ནུས་སུ་མཉམ་པར་བཞག་ནས་རྒྱུན་གྱི་སྤྱོད་ལ་ཇི་བདེར་འཇུག་གོ། ཞེས་པའང་རབ་གནས་ས་ཁྱིའི་རྒྱལ་ཟླའི་དབང་ཕྱོགས་རྒྱལ་བ་གཉིས་པར་། ཆུང་ནས་དད་གུས་དམ་ཚིག་ལ་འགྱུར་བ་མེད་པའི་ཨ་ནེ་དཔལ་ལྡན་ཆོས་སྒྲོན་དང་། རིག་འཛིན་ནམ་མཁའ་རྒྱ་མཚོ་དང་། སྲས་མོ་ཨརྱ་ཏཱ་ར་སོགས་ཀྱིས་ངོར་ཨེ་ཝཾ་ཛྙཱ་ན་གུ་རུའི་ལྷ་ཁང་དུ། ཨ་མའི་ཐུགས་དམ་ཟག་མེད་བདུད་རྩིས་བྱིན་རླབས་སྩལ་བཞིན་པའི་སྐབས་སུ། ཨ་མའི་ཉེ་གནས་པ་ཤྲཱིཿཨེ་མ་ཧོས་དད་གུས་དགོངས་རྒྱུད་བསྐུལ་ཕྱིར་བྱམས་བརྩེའི་དག་སྣང་མིག་ཆུའི་རྒྱ་མཚོ་ཆེན་པོའི་ཀློང་ནས་ཕུལ་བར་དགེའོ།། །།

Leave a Reply

Your email address will not be published. Required fields are marked *