བརྡ་ཡིག་འགྱོད་མེད་ཀུན་ཏུ་བཟང་པོའི་ནོར་བུ།
ན་མོ་མ་ཧཱ་གུ་རུ་བུདྡྷ་ཛྙཱ་ན་ཡེ།
༡༽
ཁྱབ་བརྡལ་བསིལ་རླུང་དགུན་ལས་གྲང་བའི་དུས།།
སྙིགས་ལྔའི་མུན་ལ་ཉེར་དགུའི་དགུན་གཞུང་ལ།།
འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་འོད་ཀྱིས་གསལ།།
སེམས་ཀྱི་རབ་གསལ་ཟླ་བ་དགུང་དང་མཉམས།།
༢༽
ཁྲི་ཆེན་རྡོ་རྗེ་འཆང་དབང་གཟིམས་མལ་བདེ།།
གྲུབ་དབང་ཡིད་བཞིན་ནོར་བུའི་རྒྱལ་མཚན་བསྒྲིངས།།
འཁྲུལ་ཞིག་བྱང་གཏེར་བ་དན་ནུབ་ཏུ་བསྐྱོད།།
སྣང་ཆུང་གཡུ་སྟག་མེ་ཏོག་སད་ཀྱིས་བཅོམས།།
༣༽
ལྭ་དཀར་སྔགས་འཆང་ཞྭ་སེར་ཁོ་ནར་ཆགས།།
ཞྭ་ལྷམ་རབ་འབྱམས་ཚོགས་མང་ནུས་པར་གསུངས།།
རྨི་ལམ་དབང་ཕྱུག་དཀྱིལ་འཁོར་དཔལ་དུ་དགྱེས།།
རྟེན་འབྲེལ་སྣང་བ་མི་མངོན་དབྱིངས་སུ་གཟིམས།།
༤༽
འོད་གསལ་སྣང་བ་འགྱུར་མེད་སེངྒེའི་སྒྲ།།
གཅན་གཟན་རི་དྭགས་མགོན་དུ་མཛའ་ན་ཡང་།།
ལྷོ་མོན་ཁྲུང་ཁྲུང་སྒྱུ་འཕྲུལ་རོལ་མོའི་གར།།
རྔ་དུང་གླིང་བུའི་སྙན་པར་དྲུང་དུ་འཁོར།།
༥༽
གནམ་ལྕགས་ཆོས་རྒྱལ་གསང་ཆེན་ཕུག་ཏུ་སྦས།།
འབྱུང་འགྱུར་རིག་འཛིན་རྒྱུད་པའི་གསེར་ཁྲི་སྟོང་།།
རྨ་བྱ་ནེའུ་ཙོའི་འུར་ཟིངས་མངོན་པར་རྣམས།།
ཁྱུང་དཀར་ན་གའི་འཚོ་གནས་དབེན་དང་མཚུངས།།
༦༽
དབང་ཕྱོགས་རི་ནས་རྟ་བདུན་རྒྱ་མཚོར་གཡེངས།།
གསང་ཆེན་འོད་སྣང་ཕར་ཕར་ཡལ་བའི་ཚེ།།
གྲིབ་ནག་ཡོར་བ་ཚུར་ཚུར་ཉེ་བའི་དུས།།
ས་མཐའི་འཁྱར་པོའི་སྙིང་རྩའི་ཁྲག་རླུང་འཕར།།
༧༽
དད་གུས་དུང་སེམས་འོ་མའི་རྒྱ་མཚོ་ལ།།
རྦ་རླབས་འགྱུར་ལྡོག་སྟོང་གིས་མ་གཡོས་ཀྱང་།།
སྙིང་དམར་སྟེང་འོག་རྗེས་འདྲའི་སྤྱི་མཚན་ངང་།།
རྟེན་འབྲེལ་ཉམས་པའི་ལས་དབང་ཀྱེ་མ་ཧུད།།
༨༽
གླིང་བུ་སྙན་མོས་ཡིད་ཕམ་གཞི་ནས་སློང་།།
རམ་ནག་མེ་ཏོག་འཐོར་བའི་ན་ཐང་ན།།
ཅང་ཤེས་རྒྱུགས་རྟའི་བང་ཁ་གཤིབ་འདི་མཚར།།
འགྲན་རྩོད་སྣང་ཤེས་སྐྱོ་མགུར་རྣ་བར་གཟན།།
༩༽
ལྷོ་ནུབ་ཙན་དན་ནགས་སྟུག་ཚང་ཚིང་དབུས།།
ཕོ་རྒོད་སྟག་དམར་ཡག་གི་འཚོ་གནས་སྐྱིད།།
སྔ་འབངས་འཇོན་པོ་ཡོད་སའི་ཡུལ་ལུང་ནང་།།
ཕོ་གཞོན་ལང་གཅིན་མཛད་པའི་རྣམ་ཐར་ཤར།།
༡༠༽
གངས་སེང་འདམ་ལ་ཚུད་པའི་སྐྱོ་གར་ངང་།།
ཁྱུང་ཆེན་སྒྲོ་མཇུག་རལ་བའི་གནམ་དཀྱིལ་ནས།།
གཡུ་འབྲུག་ལག་གི་ནོར་བུ་རྒྱ་མཚོར་ལྷུང་།།
སྤྲིན་ནག་མོད་པའི་ཉི་མའི་འོད་མི་གསལ།།
༡༡༽
སེམས་ཁམས་རྨོངས་དད་མེད་པའི་ཡུལ་ལུང་ནང་།།
དག་པའི་སྲོལ་རྒྱུན་འཛིན་པ་ཤིན་ཏུ་གལ།།
ལྟ་བ་ནམ་མཁའི་དབྱིངས་ལས་མཐོ་ན་ཡང་།།
ལས་འབྲས་བསླུ་མེད་འབད་པར་ཤིན་ཏུ་གནད།།
༡༢༽
རྨི་ལམ་བདེན་འཛིན་ལུང་བསྟན་མངོན་སུམ་ལས།།
བསྟན་ལ་ཤ་ཞེན་ཆེ་བའི་ལྷག་བསམ་ངང་།།
མི་ཆོས་བླ་མའི་བདེན་གཏམ་བརྡ་རུ་བསྟན།།
ལྟ་སྤྱོད་ཡ་མ་བྲལ་ན་ཐུགས་དམ་མཛོད།།
༡༣༽
བསྟན་དོན་བདག་གིར་བཞེས་པའི་རྟུལ་ཞུགས་བཅས།།
དམ་ཆོས་རྒྱུན་མི་ཆད་པའི་འཁོར་ལོ་བསྐོར།།
ཆོས་རྗེ་ཡིད་བཞིན་ནོར་བུ་ཇི་བཞིན་དུ།།
ཉིད་ལས་བསྟན་འགྲོར་གཅེས་པར་མཛད་དུ་གསོལ།།
རྨི་ལམ་དབང་ཕྱུག་གིས་སྔ་འགྱུར་རིག་འཛིན་ཡོངས་ལ་བརྡ་རུ་སྤྲིངས་པར་དགེའོ།། སྤྱི་ལོ་༢༠༢༠ ཟླ་བ༢ ཚེས་༤ ལ།།