February 2020

ཉན་མཁན་ལྷན་རྒྱས་སྐུ་ཁམས་བཟང་།ང་ནིཡུལ་ཤུལ་ཁུལ་གེ་སར་རིག་གནས་ཞིབ་འཇུག་སློབ་ཚོགས་ཀྱི་རྡོ་རྐོ་ངག་དབང་ྡགེ་ལེགས་ཡིན་།དེ་རིང་ངས་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་གི་སྒྲིགས་བཀོད་དང་ཁུལ་གེ་སར་རིག་གནས་ཞིབ་་འཇུག་སློབ་ཚོགས་ཀྱི་འཆར་འགོད་ནང་ལྟར་༼གེ་སར་སྨོན་ལམ་དགྲ་ལྷའི་གོ་མཚོན་སྣ་དགུ་༽ཞེས་པའི་ལས་ཚན་གཉིས་པའི་ནང་ནས་ཁྱེད་རྣམ་པའི་སྙན་ལམ་དུ་འཛམ་གླིང་གེ་སར་རྒྱལ་པོའི་རྟོག་བརྗོད༼གྲུ་གུ་གོ་རྫོང་༽ནང་དུ་བཀོད་པའི་མི་དང་སྲོག་ཆག་ཕ་ཝང།མི་དང་ཚན་བྱ་འུག་པ་བར་གྱི་ངོ་མཚར་བསྡུས་སྒྲུང་ཞིག་ཕུལ་བ་ལགས་པས།བསྡུས་སྒྲུང་འདི་ཉོན་རྗེས་གུས་པར་རྣམ་པའི་སེམས་ལ་སེམས་ཅན་ཐམ་ཅད་རིང་གི་ཕ་མ་ཡིན་པ་དང་།རང་གི་ལུས་ལ་དཔེ་ལེན་ནས་གཞན་ལ་གནོད་པ་མ་རྐྱེལ་བ།མ་ཚད་གེ་སར་རླབས་ཆེན་རིག་གནས་བྱིན་རླབས་གྱིས་གཏོག་དབྱིབས་བམ་གློ་ཚད་འཇའ་ཡལ་མ་ནི་ཉི་ཟེར་གྱིས་བ་མོ་བཞུས་པ་བཞིན་དང་དགྲ་ལྷའི་གོ་མཚོན་སྣ་དགུ་ཡིས་རྩ་བ་ནས་མེད་པར་བཟོ་ཐུབ་པའི་ཡིད་ཆེས་རྟན་པོ་དང་སྨོན་ལམ་སྙིང་ཀའི་དཀྱིལ་ནས་ཞུ་བ་ཡིན།

༄དེ་ཡང་གྲུ་གླིང་གཡུལ་ཆེན་དེ་ཕན་ཚནཕམ་རྒྱལ་དབྱེ་མ་ཆོད་བའི་བར་མཚམས་ཞིག་ལ་གླིང་དམག་དཔུང་ཆེན་དེ་ལྷ་རྟ་འགྲིན་གྱིས་ཨ་ཁུ་ཁྲོ་རྒྱལ་ལུངས་གནང་བ་བཞིན་གྲུ་ཡུལ་ལ་གསེར་རྫོང་ཞིག་ཡོད་པ་དེ་ལེན་པའི་དུས་ལ་བབ་ནས་ཨ་ཁུ་ཁྲོ་རྒྱལ་་ནས་གསེར་ཡོད་པའི་བྲག་རི་ཕྱོགས་ལ་ས་ཤིས་ལམ་སྟོན་བྱས་ནས་སླེབས་པ་དང་། སྟག་རོང་ཆིབས་ལས་བབས་ཏེ་་།ད་གསེར་ཡོད་ས་འདི་ན་ཡིན་ཟེར།དཔའ་རྟུལ་རྣམས་ཡང་ཆིབས་ལས་བབས་ཏེ་ཕུགས་སྒོ་ལ་ཡར་ཕེབས། འདན་མ། གཡུ་ལྷ། དཔའ་ལ། སྒ་བདེ་བཅས་ནས་ཕུག་པའི་སྒོར་འབྱོར། ནང་ལ་འོད་ཆེན་པོ་གླིང་བཞི་ཁྱབ་པ་ཙམ། གསེར་ནག་གྲུ་བཞིའི་རྡོ་འབྲོང་གཡག་གི་ཚད་ཙམ་ཞུག་གི་སྟེང་ལ་།།གསེར་བདག་ཕ་ཝང་སྒོམ་ཆེན་དེ་གཞི་རླིངས་ཆགས་པ་ལྟར་ཉལ་ཡོད་པས། དཔའ་རྟུལ་རྣམས་ཅུང་ཟད་འཐེན། ཨ་ཁུས་སུ་འགི་ཟེར་ནས་ཡར་བལྟས་པས་ཕ་ཝང་དེ་མཐོང་། ཁོས་ཞེ་ལ་འདི་བཏུལ་མི་ཕོད་པ་ཅི་ཡོད། གནང་དཔའ་དར་ང་ཡིས་ལེན་བསམ། ཁྱེད་དཔའ་རྟུལ་རྣམས་འགྲོ་མི་དགོས་ཟེར། སྲིན་གྲི་མགོ་འཕུར་ནས་ཕུག་པའི་ནང་ལ་འཛུལ། ཕ་ཝང་དེས་ཨ་ཁུ་རིག་ནས་ཁ་གདངས། མིག་བགྲད། སྒྲོ་རྒྱངས། མཆུ་བརྡར། ཨ་ཁུ་ཤིན་ཏུ་སྐྲག་ཀྱང་མི་འཇིགས་པའི་ཚུལ་གྱིས། ཡ། ཁོ་རེ་འདྲེ་བྱེའུ་དངོས་མེད་སྐྱི་མོ་མཆུ། ཨི་ན་འདུག་དོན་ཅི་འདྲ་ཡིན་ཟེར་ནས་སྲིད་གྲི་ཤུབས་ནས་ཕྱེད་ཙམ་བཏོན་པར། ཕ་ཝང་དེས་ཚག་ཚག་ཟེར་ནས་སྟག་རོང་གི་བྲང་ལ་སྦར་བྱུང་བས། ཁོང་གཉིས་འཐམ་རེས་བྱས་མཐར་སྟག་རོང་གན་རྐྱལ་ལོགས། ཕ་ཝང་དེ་བྲང་ལ་བབས་།སྦར་མོ་གདེངས་།ངར་སྐད་བསྒྲགས་ཏེ་ཡ་ཁོ་རེ་ཉོན་དང་། དམར་རྒྱ་བ་ཁྱོད་ས་འདི་ན་ཡོང་དོན་ཅི་ལ་ཡིན་ཟེར་ནས་གླུ་འདི་བླངས་སོ། །གླུ་ཨ་ལ་ལ་མོ་ཨ་ལ་ལེན། ། གླུ་ཐ་ལ་ལ་མོ་ཐ་ལ་ལེན། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །བཙན་ལ་འཁོར་བའི་དམག་ཚོགས་མཆོད། ། བདུད་ལ་འཁོར་བའི་སྟོབས་ཤུགས་མཆོད། །ཐོག་རྒོད་རྒྱལ་པོའི་དགྲ་ལྷ་མཆོད།། དོམ་ནག་ཁམས་གསུམ་སྲོག་འཇོམས་མཆོད། །ཁོ་རེ་ཉོན་དང་དམར་རྒྱ་བ། །ཁྱོད་སྦྲང་རྒན་ཧམ་པ་ཆེ་ལེ་རེད། ། ཕྱོགས་འགྲུལ་རྒྱལ་ཁམས་མཆོག་དམན་དང་། །ལས་དབང་ཅན་གྱི་ཕོ་མོ་ནས། ། རྟེན་འབྲེལ་སྣ་ཚོགས་བཞག་ནས་ཐལ། ། ཁྱེད་འདྲེ་བྱ་ཟེར་དོན་ཅི་ལ་ཡིན། ། བདུད་རྗེ་ཐོག་རྒོད་རྒྱལ་པོ་དེས། །གསེར་གྱི་བདག་པོར་བསྐོས་ལེ་ཡིན། །གསེར་འཕྲུ་འདབ་མ་ལེན་མི་ལ། །རྒྱལ་ཁབ་མང་པོ་བཤར་ནས་བྱུང་། །འདྲེ་བྱ་ཟེར་མི་འགི་ལེ་མིན། ། རྒོད་པོའི་དཔུང་བ་ངོམ་མི་ལ། །གསེར་ཁབ་རྩེ་ཙམ་ཞིག་བསྐུར་མ་མྱོང་། །བློ་གཏ་ནས་རེ་ཞུ་བྱུང་བས་ན། །གསེར་གྱི་འདབ་མ་མང་པོ་རྒྱས། །དབུས་ལྷ་སའི་ཇོ་བོ་ཞལ་དཀར་ལ། །གསེར་དང་པོ་ཕུལ་མི་ང་རང་ཡིན། ། རྟེན་འབྲེལ་མ་འགྲིག་བྱུང་མ་མྱོང་། །མ་མཁའ་འགྲོ་གྲུབ་པའི་རྒྱལ་མོ་ལ། །གསེར་གྱི་ལུས་རྒྱན་ང་ཡིས་ཕུལ། །རྟེན་འབྲེལ་མ་འགྲིག་བྱུང་མ་མྱོང་། །ཨ་གྲགས་ནོར་རྫོང་ཕབ་པའི་དུས། །སྒོ་ང་མི་དགུ་རྟ་དགུ་ལ། །གསེར་རྒྱབ་དྲུག་ཅུ་རེ་གཉིས་བསྐུར། །རྟེན་འབྲེལ་མ་འགྲིག་བྱུང་མ་མྱོང་། ། འཛམ་གླིང་མངའ་བདག་རྒྱལ་བོ་ནས། །གསེར་དངོས་གྲུབ་བདག་པོ་བྱེད་མི་ལ། །འདྲེ་རེད་ཟེར་བའི་ཉེས་ཆད་དུ། ། གདོང་སྣ་བཟང་སེན་འབྲེད་མི་བྱེད་རི། །མིག་ཁྲ་ཆུང་མཆུ་ཡིས་མི་འབྲུ་རེ། །ལྕེ་དམར་པོ་ནར་སེ་མིའཐེན་རེ། །ལུས་ཤ་ཁྲག་ཧུབ་འཇོང་མི་བྱེད་རེ། ། ཞེས་ཟེར་བ། ཨ་ཁུས་ལག་པས་ངོ་བཀབ་འགྲེ་ལོག་བརྒྱབ་ཀྱང་འཕེན་མ་ཐུབ་ནས། ང་འདི་འདྲ་བྱས་ཤིང་ཡོད་གླིང་པ་རྣམས་ཟེར་ནས་ཨོ་འབོད་བྱས། དཔའ་ཐུལ་རྣམས་འུར་ལྡིར་རེ་ཕུག་པའི་ནང་འཛུལ། བློན་ཆེན་འདན་མས་གཞུ་སྟེང་མདའ་ཞིག་བཞག་ནས། ཡ་ཉོན་དང་བྱེའུ་འདྲེ་ཙིག་སྡུག་ཁྱོད། ང་སུ་རེད་ཤེས་ན་གླུ་ལ་ཉོན་ཟེར་ནས་གླུ་འདི་བླངས་སོ། ། གླུ་ཨ་ལ་ལ་མོ་ཨ་ལ་ལེན། །གླུ་ཐ་ལ་ལ་མོ་ཐ་ལ་ལེན། །སྐྱབས་བླ་མ་ཡི་དམ་དཀོན་མཆོག་གསུམ། །ག་གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །ས་འདིའི་ས་ངོ་མ་ཤེས་ན། །གསེར་ནག་ཕུག་པའི་བང་མཛོད་རེད། །ང་འདྲའི་ང་ངོ་མ་ཤེས་ན། །ཚ་ཞང་འདན་མ་སྤྱང་ཁྲ་ཡིན། དགྲ་བོ་ཆམ་ལ་འབེབས་མི་ཡིན། །གྲུ་
གུའི་གོ་རྫོང་འབེབས་རྒྱུ་ཡིན། ། བྱེའུ་འདྲེ་ཁྱོད་ལ་ཨའུ་ཙི། །མ་བཞི་དཔོན་པོ་ཁྲོ་ཐུང་དེ། །སེང་ཆེན་རྒྱལ་པོའི་ཁུ་བོ་ཡིན། །སྨུག་པོ་གདོང་གི་གདུང་རྒྱུད་ཡིན། །ལན་ཡ་མེད་པ་གླིང་བཞིར་གྲགས། །དེ་རིང་བྱེའུ་འདྲེ་སྟེང་ལ་བབས། །མདའ་ཉག་ཕྲན་སྣ་ལ་མ་དྲངས་ན། །འདན་མ་མིན་པའི་རྟགས་ལ་ཞོག །ཡང་བསྐྱར་གཏམ་གྱི་འདྲ་མ་ལ། །ད་ནང་ནམ་གྱི་སྔ་ཆ་ལ། །ངེད་རྒྱལ་བློན་དཔུང་བ་གྲ་བསྡེབས་བྱས། །ངར་རྒོད་དོམ་གྱི་སྙིང་གཏེར་བླངས། །ངར་མ་གཟིག་གི་པགས་པ་བཤུས། །དེ་མོ་མ་བསད་མ་བརྡུངས་མེད། །ལན་ཡ་མེད་པ་གླིང་རུ་ཡིན། ། བྱེའུ་ཆུང་ལན་ཡ་ཅི་ལ་ཟིན། །རིན་ཆེན་གསེར་གྱི་གཏེར་མཛོད་ དེ། །དབུ་ནག་བོད་ཀྱི་ནོར་སྐལ་ཡིན། །བསོད་ནམས་བསགས་པའི་ཡོ་བྱད་ཡིན། །ཁྱེད་འདྲེ་བྱེའུ་སྒེར་བདག་ཆོག་ལེ་མིན། །ཤེས་ན་དད་པའི་སྦྱིན་བདག་གྱིས། །མ་གོ་ཉག་ཕྲན་སྣེ་ལ་སྦྱར། །ཨེ་ཐལ་ཁོ་རེ་སྐྱི་མོ་མཆུ། །ཞེས་གསུངས། ཕ་ཝང་སྐྲག་ནས་ཁྲོ་ཐུང་གི་སྟེང་ནས་ཕར་སོང་སྟེ་སྒྲ་ོལྡིར་ལྡིར་བྱས་ནས། ཡ་ལྷ་བློན་དཔའ་ཐུལ་བརྒྱད་ཅུ་རྣམས། ང་མ་གསོད་ཞུ་རྒྱུ་འགའ་རེ་ཡོད་ཟེར་ནས་གླུ་འདི་བླངས་སོ། ། གླུ་ཨ་ལ་ལ་མོ་ཨ་ལ་ལེན། །གླུ་ཐ་ལ་ལ་མོ་ཐ་ལ་ལེན། །བླ་མ་ཡི་དམ་དཀོན་མཆོག་གསུམ། །གསོལ་བ་འདེབས་སོ་སྤྱན་རས་གཟིགས། ། གླིང་ལྷ་རྒྱུད་དཀར་པོར་གསོལ་བ་འདེབས། །ས་འདིའི་ས་ངོ་མ་ཤེས་ན། །བྲག་ཆེན་གསེར་མཛོད་ཕོ་བྲང་ནས། །ང་འདྲའི་ང་ངོ་མ་ཤེས་ན། །བྱ་བརྒྱ་རྣམས་ཀྱི་དང་པོ་ལ། །ཕ་ཝང་སྒོམ་ཆེན་ མིང་དུ་འབོད། །ང་འདྲེ་ཞིག་མ་ཡིན་བྱེའུ་ཞིག་ཡིན། །བྱེའུ་ནང་གི་ལྷ་ཞིག་ཡིན། ། སྒོམ་སེམས་ཉིད་བཟུང་བའི་སངས་རྒྱས་ཡིན། །ཆུས་སྲིད་པ་བཟུང་བའི་མཁས་པ་ཡིན། །ང་མ་བསད་ཚེ་ཐར་གཏོང་རོཊ་གྱིས། ། སྟག་རོང་དཔོན་པོ་ཁྲོ་རྒྱལ་དེས། །དངོས་གྲུབ་མཛོད་ཀྱི་སྣ་འདྲེན་བྱས། ། གསེར་མཛོད་གཡང་ར་དམ་པ་ འདི། ། དཀར་པོ་གླིང་ལ་འབུལ་བསམས་ཀྱང་། །བྱེའུ་འདྲེ་ཟེར་བས་རྟེན་འབྲེལ་འཆུག །ཁ་ཐོག་མི་རྒྱག་ཁ་མེད་བྱུང་། །གླིང་དཀར་དགོངས་པ་མ་འཚོམ་ལགས། །ང་བསད་ན་སྡིག་པ་ཆེན་པོ་ཡོད། །མགོ་བོ་རྐྱང་རྐྱང་ཝ་དང་འདྲ། །ཝ་བརྒྱ་བསད་པའི་སྡིག་པ་ཡོད། །ཁ་ཞེང་ཆེ་བ་ཁྱི་དང་འདྲ། ། ཁྱི་བརྒྱ་བསད་པའི་སྡིག་པ་ཡོད། །གནམ་འཕང་གཅོད་པ་བྱ་དང་འདྲ། །བྱ་བརྒྱ་བསད་པའི་སྡིག་པ་ཡོད། །ལུས་པོ་རི་མོ་སྟག་དང་འདྲ། །སྟག་བརྒྱ་བསད་པའི་སྡིག་པ་ཡོད། ། ཕ་ཝང་མ་བསད་མ་བཅད་དོ་། །བསད་ནས་ཤི་ཁོག་སྐྱ་བོ་ཡིན། །ང་མ་བསད་པ་ལ་ཕན་པ་ཡོད། །ལུས་ལ་ཡོན་ཏན་སྣ་ལྔ་ཡོད། །ཕ་ཝང་རྒོས་པོ་བརྔན་ནོ་སྐད། ། ཕྱི་མ་བརྔན་པ་ཕན་པ་ཡོད། །ཕ་ཝང་རྒོས་པོ་མ་བརྔན་ན། །ཡང་ན་ཚེ་ལ་དགྲ་བས་ན། །གནམ་ས་གཉིས་ཀྱང་སྟེང་འོག་འགྱུར། ། མགོ་ནག་མྱི་ལ་ན་ཚ་ཡོད། །སེམས་ཅན་ཕྱུགས་ལ་གོད་ཁ་ཡོད། །གནམ་ལས་ཆར་ཆུ་འབབ་མི་ཉན། །ས་ལ་རྩི་ཏོག་འཁྲུངས་མི་ཉན། །འབྲུ་དྲུག་ལོ་ཏོག་སྐྱེས་མི་ཉན། །གསོ་བའི་བེའུ་ལུག་འཕེལ་མི་ཉན། །དབང་ཐང་བུ་ཚ་སྐྱེ་མི་ཉན། །ཆུ་བོ་གཞུང་བཞིན་བབས་མི་ཉན། །རྟ་ནོར་ལུག་གསུམ་འཕེལ་མི་ཉན། །མགྲོན་པོ་གྲོགས་དང་སྤྱོད་མི་ཉན། །དམག་གཡག་དགྲ་སྲང་འདུལ་ཐབས་མེད། །ས་རྐོ་མཁར་ལས་བྱས་མི་ཉན། །ཤི་བ་ལྷ་དང་འཕྲད་མི་ཉན། །དེ་བས་ཕ་ཝང་བརྔན་ན་ཡག།ཕ་ཝང་ཚེ་ཐར་གཏོང་ན་དགའ།།ལས་ཀྱི་དཔའ་ཐུལ་བཀའ་བློན་རྣམས། །ཐུགས་ཀྱི་དགོངས་པ་མ་འཚོམ་དང་། ། གཏེར་གྱི་སྒོ་མོ་ང་ཡིས་འབྱེད། ། དངོས་གྲུབ་ཀྱི་བུམ་པ་འབུལ་རྒྱུ་ཡོད། །ཁྱེད་ཚོ་་ང་ཡི་རྗེས་ལ་ཕེབས། ། ཞེས་ཞུས་ནས་ཡར་ཙམ་སོང་བས། གསེར་ནག་ཕ་ཝང་འབྲོང་ཙམ་ཡོད་པ་ཞིག་འདུག དེ་ནས་ཡར་སོང་བས་གསེར་གྱི་ལྡེ་མིག་འདྲ་འདྲ་གསུམ་བླངས་སྒོ་གཅིག་ཕྱེས་པར། གསེར་ནག་གི་ནོར་བུ་ལུག་གཡང་དཀར་གྱི་རིལ་མ་འདྲ་བ། གསེར་གྱི་སྒོ་མོ་རང་ཞིག་ནང་ལ་ཆུ་རས་དཀར་པོའི་སྟེང་ལ་བཞག་ཡོད་པར་དེ་དངོས་གྲུབ་ཀྱི་དང་བོ་ཡིན་ཟེར། དེ་ནས་སྒོ་ཆེན་གསུམ་ཙམ་ཕྱེས་པས་གསེར་ནག་ཞུན་མའི་ཕུང་བོ་ནམ་མཁའ་ལས་རྒྱ་ཚེ་བ། རྩི་ཤིང་ལས་གྲངས་མང་བ། ཆུ་བོ་ལས་སྣ་རིང་བ་སེར་འཁྱིལ་ལེ་སྤུངས་འདུག་
པ་མཐོང་། དཔའ་ཐུལ་རྣམས་ནས་གྲུ་གུའི་ཡུལ་ལ་གསེར་ཕོན་ཆེ་བ་འདི་འདྲ་འདུག་བསམ་ནས་བདག་སྤྲད་བྱས། སྒོམ་ཆེན་ཕ་ཝང་གྲོག་སུ་ཀུག་ནས་་གྲུ་ཡུལ་གསེར་གཏེར་ཕབས་པའི་ངོ་མཚར་བསྡུས་སྒྲུང་རེ་ཞིག་རྫོགས་སོ།་་།།།།།།།།དེ་ཡི་མཚམས་སུ།གེ་སར་མི་ཡི་་ཉི་མས་སྨོན་ལམ་དགྲ་ལྷའི་གོ་མཚོན་ལྷ་དགུ་ཡིས་བྱིན་གྱི་རླབས་པའི་གླིང་ཆེ་རྒྱུད་གསེར་བ་ནས་གྲུ་གུ་ཐོག་རྒོད་ཀྱི་བླ་གནས་གཉིས་པ་སྲིན་བྱ་འུག་པ་མགོ་དགུ་འདུལ་བར་ཆས། ཁྲོ་ཐུང་ནས་སྣ་འདྲེན་།ཉི་འབུམ་དཔོན་གཡོག་བཅུ་མཆན་ཁེབས་ལྔ་རེས་བསྐོར་ཏེ་བྲག་དམར་ནམ་མཁའི་ཁྱུང་རྫོང་ཕྱོགས་ཕེབས། གྲུ་སྟོད་དཀར་ཁྲ་ལ་ཁ་ན། གྲུ་གུའི་ཇག་པ་མི་བརྒྱ་གླིང་ཕྱོགས་ལ་རྟ་ཇག་ལ་འགྲོ་བ་དང་གདོང་ཐུག་བརྒྱབ། འཐབ་འཛིང་ཡུད་ཙམ་མཐར། ཇག་པོན་སེང་གེ་དོན་གྲུབ་ནས་མགོ་བསྒུར། དེ་ནུབ་སྐར་ལེབ་ཐང་ལ་ཞག་མལ་གནང་བར། ནམ་སྲོད་ཙམ་ན་ཐན་བྱ་འུག་པ་མགོ་དགུ་དེ་གཡས་ལྟག་བྲག་རི་ཞིག་གི་མགོར་བབས་ཏེ། གཡས་ཀྱི་འུག་པ་མགོ་དང་པོས་ཐན་གླུ་འདི་འདྲ་བླངས་སོ། །ཧ྄ཱུཾ་ཧ྄྄ཱུཾ་ དབུ་ནག་བདེ་ཞིང་སྐྱིད་པ་ལ། མ་མོའི་ཁ་རླངས་བར་ཆད་ཡིན།།ནད་རིགས་བཞི་བརྒྱ་རྩ་་བཞི་ཡོད། འགོ་ནད་སྟོང་དང་རཉཙ་གཉིས་ཡོད།
རིམས་ལ་ཅིག་ཁྲི་བདུན་སྟོང་ཡོད། གཉན་ནད་འབུམ་དང་ས་ཡ་ཡོད།ཐིབས་ཀྱིས་ཕོག་ནས་བརྒྱལ་ཏེ་ཤི། དེ་ལ་ཐིབས་ཕོག་བརྒྱལ་ཤི་ཟེར།འཛུམ་ཞིང་བགད་ནས་དགྱེ་སྟེ་ཤི། དེ་ལ་འཛུམ་བུ་ལྟག་དགྱེ་ཟེར།ཟ་མ་ཟ་འཕྲོ་ཁ་ལ་ཤི། དེ་ལ་ཟ་འཕྲོ་ལུས་ཤི་ཟེར།ཁྱོད་བྲག་རྩ་ཡོད་པའི་མགྲོན་པོ་ཚོ། ནད་རིགས་སྣ་ཚོགས་མི་གཏོར་རེ། ཞེས་ཟེར་ནས་བྱུང་བ་དང་།བྱ་གྲགས་དུང་སེང་དཀར་ལུ་དེ་བཅོམ་ལྡན་འདས་སྨན་གྱི་བླ་མའི་ང་རྒྱལ་དང་ལྡན་པས་ཨ་རུ་ར་གཅིག་ལག་གཡོན་ཏུ་ཐོགས། ཡུངས་ཐུན་ཞིག་གཡས་སུ་བཟུང་ནས་གླུ་འདི་བླངས་སོ། །བཅོམ་ལྡན་སྨན་གྱི་ལྷ་ལ་འདུད། སྤྲུལ་བའི་དྲང་སྲོང་རྣམ་བཞིས་སྐྱོངས། ས་འདི་གྲུ་སྟོད་དཀར་ལེབ་ཐང་། ང་འདྲའི་ང་ངོ་མ་ཤེས་ན། བྱ་གྲགས་དུང་སེང་དཀར་ལུ་ཟེར།། ཉོན་དང་འབྱུང་བོ་ཐན་གྱི་བྱ། ནད་བཞི་བརྒྱ་རྩ་བཞི་ཡོད་པས་ན། གཉེན་པོ་རྩི་རྩི་གྲངས་མེད་ཡོད། ཚ་བ་འབར་བའི་ནད་རིགས་ལ། ག་བུར་གཙོས་པའི་སྨན་སྦྱོར་སྟོང་། གྲང་བ་འཁྱགས་པའི་ནད་རིགས་ལ། སེ་འབྲུས་གཙོས་པའི་སྨན་སྦྱོར་སྟོང་། འགོ་བའི་ནད་ལ་སྲུང་བ་ཡོད། རིམས་ཀྱི་ནད་ལ་གཉེན་པོ་ཡོད། གཉན་གྱི་ནད་ལ་བཅོས་ཀ་ཡོད། ཆུ་ཡིས་མི་སོད་ཞུགས་མེ་མེད། མེ་ཡིས་མི་དྲོས་བ་མོ་མེད།སྨན་གྱིས་མི་འཆོས་ནད་རིགས་མེད། རིམ་གྲོས་མི་ཟློག་གདོནབགེགས་མེད། ཚེ་ཟད་སྲོག་མཐུད་སྒྲ་མི་ཉན། སྨན་རྫས་གྲུབ་པའི་རིགས་སྔགས་ཡོད། དབུ་ནག་བོད་ཀྱི་བདེ་སྐྱིད་ལ།གནོད་པའི་ནད་རིགས་སྣ་ཚོགས་དེ། སྡང་བ་དགྲ་ཡི་སྟེང་དུ་ཟློག གནོད་པ་བགེགས་ཀྱི་སྟེང་དུ་ཟློག །།།།བྷྱོ་བྷྱོཿཟློག་ཟློགཅེས་ཡུངས་ཐུན་འཕངས་པས་མགོ་གཅིག་ཆད། ཡང་གཡས་ཀྱི་འུག་མགོ་གཉིས་པ་ན་རེ། བྲག་རྩར་གནས་པའི་སྒར་མགྲོན་ཚོ། ནད་འབྱུང་འཁྲུགས་གཉེན་པོ་ཡོད་ནའང་། ལུས་གསོ་བར་བྱེད་པ་ཁ་ཟས་ཡིན། སློང་བར་བྱེད་པ་དུག་རྐྱེན་ཡིན། དེ་འབྱུང་ཁུངས་སོ་ནམ་ཚོང་ཁེ་ལ། བར་གཅོད་མི་གེའི་ལྟས་ངན་ཡོད། བཏབ་བཏབ་ལྗང་བོ་མི་འཁྲུང་ལེའུ། ས་བོན་ཟ་བའི་འབུ་ཐན་ཡོད། འབྲས་ལྗང་སྐེམ་པའི་ཐན་ཉི་ཡོད། འབྲས་བཟང་བཅོམ་པའི་སྐྱིན་ཐང་ཡོད། འབྲས་བཅུད་འཕྲོག་པའི་བ་མོ་ཡོད། ཚོལ་ཚོལ་རྙེད་དུས་མེད་པ་ཡི། ལྟས་ངན་ཐེའི་རང་ལྟོཊ་འགོང་ཡོད། གསོག་གསོག་སོག་དུས་མེད་པ་ཡི། བླ་འཁྱམས་ཡི་དྭགས་དྲི་ཟ་ཡོད། སྲུང་སྲུང་གཞན་གྱིས་ཁྱེར་བ་ཡི། ཤ་ཟ་སྲི་རག་ནག་པོ་ཡོད། གབ་རྩེ་བ་དེ་མི་གཏོར་རེ། རུས་གོང་བ་དེ་མི་མངགས་རེ། ཐུར་མས་འཚོལ་བ་མི་བསྐྲུན་རེ། ཞེས་ཟེར་བ་དང། གདོང་ཡ་ཐིག་དཔོན་པོཉི་མ་བསམ་འགྲུབ་ནས་གནོད་སྦྱིན་ལག་ན་རྡོ་རྗེའི་ང་རྒྱལ་དང་ལྡན་པས་རྣམ་ཐོས་ཀྱི་བུ་སོགས་ནོར་ལྷ་བྲན་དུ་བཀོལ། ལག་གཡས་མདའ་དར། གཡོན་རྡོ་དཀར་གོང་གི་བྱེ་མའི་ཐུན་ཟོར་བཟུང་སྟེ་གླུ་འདི་བླངས་སོ། ། ལྷ་མཁྱེན་གཟིགས་མཐུ་སྟོབས་བདག་པོ་མཁྱེན། གནོད་སྦྱིན་རྣམ་མང་ཐོས་པས་སྐྱོངས། ནོར་བདག་ཨརྱ་ཛམ་བྷ་ལས། འདོད་དགུ་དངོས་གྲུབ་ཆར་དུ་ཕོབ། ང་འདྲ་སྟག་མོ་ཉིན་སྲིབ་ཀྱི། ཁྲི་དཔོན་ཡ་ཐིག་ཉི་མ་ཟེར། ་ཁྱོད་ཐན་གྱི་འུག་པའི་ཁ་བར་ནས། བོད་དབུ་ནག་མུ་གེས་མནར་བས་ཟེར། ཁོང་ཚོགས་གཉིས་ཡོངས་རྫོགས་མགོན་པོ་དེས། འཁོར་ལོས་བསྒྱུར་བའི་བསོད་ནམས་ཁྲི། རྗེ་འཇུག་ཚེ་ལ་བསྔོས་པ་ཡིན། སེན་མོའི་སྟེང་ལ་ཞིང་འདེབས་ཀྱང་། རྗེས་འཇུག་རབ་བྱུང་ཀུན་ལ་བཟང་། མི་གེེས་མུ་གནར་གདེངས་ཚོད་ཡོད། ཚད་པས་གདུང་བའི་བསིལ་སྐྱོབ་ལ། ཀླུ་དགའ་བོ་འཇོག་པོས་གྲུ་ཆར་གཡོ། སྐྱིན་ཐང་གདུག་པའི་ཚང་ཚིང་སྟོང་། སྲེག་བྱེད་རིགས་སྔགས་མེ་ཆེན་འབར། བཙའ་དང་བྲ་བྱི་འབུ་ཡི་ཐན། རླག་བྱེད་བྱིན་ནུས་རྡོ་རྗེའི་ཤུགས། སྦྱིན་འབྲས་དཔག་བསམ་སྙེ་མ་ནས། འཛད་མེད་འབྲུ་ཡི་ཆར་བ་འབེབས། བསོད་ནམས་ཡོངས་འདུའི་དབང་བོ་ལས། དར་གོས་ལོངས་སྤྱོད་ཟད་མེད་འཇོ། མཆོད་བསྟོད་རྣམ་མང་ཐོས་པ་ལས། འདོད་དགུ་རིན་ཆེན་བང་མཛོད་བྱེ། དབུལ་ཕོངས་མུ་གེའི་འཇིགས་པ་ཀུན། སྡང་བ་དགྲ་ཡི་སྟེང་དུ་གཤོ། །།།།།ཞེས་རྡོ་ཟོར་འཕངས་ཏེ་གཡས་ཀྱི་འུག་མགོ་གཉིས་པ་བཅད། དེ་ནས་འུག་པ་དེ་གཡོན་ཕྱོགས་བྲག་རི་མེ་ལྕེ་འབར་བ་ལྟ་བུའི་སྟེང་བབས། གཡོན་གྱི་འུག་མགོ་དང་པོས་སྲིད་འབྱོར་འཁོར་བའི་བསླུ་བྲིད། ཟས་གོས་གནས་མལ་ཡོ་བྱད། བསྟོག་བཀུར་གཏམ་གྲགས་ཀྱི་ཐན་བཤད་བྱད་པར། གསེར་བའི་གཡུ་ཡག་རྩེ་རྒྱལ་ནས་བདག་ཉིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གསལ་སྣང་དང་ལྡན་པས་སྲིད་ལས་ངེས་པར་འབྱུང་བའི་གླུ་ལེན་དང་སྦྲགས་།།ཐལ་བ་བཏབ་ནས་བཅད། གཡོན་གྱི་འུག་མགོ་གཉིས་པས་བདག་གཅེས་འཛིན་གྱི་ཐན་སྐད་དྲག་ཏུ་ངུས་པར། བེ་རེའི་ཉི་མ་ཁྲི་བཙན་དེ་ཡི་དམ་གཤིན་རྗེ་གཤེད་ཀྱི་སྐུར་བཞེངས། སེང་ལྡེང་གི་བེ་ཅོན་གསུམ་ཀླད་ལ་བསྐོར་ཞིང་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་གླུ་བཏང་བས་ལྟས་ངན་བདག་གཅེས་འཛིན་གྱི་འུག་མགོ་བཅད། གཡོན་གྱི་འུག་མགོ་གསུམ་པས་བདག་འཛིན་དང་། བདག་རང་བཞིན་གྱིས་གྲུབ་པའི་གླུ་རྒྱ་ཆེར་བཏང་བ་ལ། དཔའ་བརྟུལ་སྒ་དྲག་ཤེས་རབ་རྒྱལ་མཚན་དེས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུར་བཞེངས། ཡང་དག་པའི་ལྟ་བའི་གླུ་ལེན་དང་བཅས་རལ་གྲིའི་སོ་ཁ་བཏབ་པས་རིལ་ལེ་བཅང། དེ་ནས་འུག་པ་དེ་རྒྱབ་རི་དམར་གཏོར་འདྲ་བའི་གོང་ལ་བབས། དབུས་ཀྱི་འུག་མགོ་དང་མས་སྣང་བ་ཞེ་སྡང་སྐྱེད་པའི་ཐན་སྐད་རྒྱ་ཆེར་བསྒྲགས་པ་ན། ཁྲ་གདོང་བསྟན་འཛིན་གྲགས་པ་དེ་ཐབས་མཆོག་སྟོང་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག རྩ་སྡིག་མཛུབ་ཀྱི་ཕྱག་རྒྱ་གཏད་པས་ཆད་། དབུས་ཀྱི་འུག་མགོ་བར་མས་མཆེད་པ་འདོད་ཆགས་ཀྱི་ཐན་སྐད་རྒྱ་ཆེར་བསྒྲགས་པ་ན།གདོང་བཙན་སྣང་ངུ་ཨ་བརྟན་དེ་ཉིད་ཐབས་མཆོག་བདེ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། རླུང་སྔགས་ཀྱི་རང་བཞིན་ ཕུ་བཏབ་པས་ཆད། དེ་ནས་འུག་མགོ་རྩ་བ་དེས། གཏི་མུག་ཉེར་ཐོབ་ཀྱི་ཐན་སྐད་མང་པོར་བྱུང་བར། གསེར་བའི་ཉི་འབུམ་དར་ཡག་དེས་འོད་གསལ་བདེ་སྟོང་དབྱེར་མི་ཕྱེད་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་།ཐིག་ལེ་སྟོང་བ་ཆེན་པོའི་ལྟ་སྟངས་གནང་བས་།རྩ་བའི་འུག་མགོ་དེ་ཉིད་ཆད་དེ། འཇིག་རྟེན་མི་ཡུལ་དུ་ནད་རྐྱེ་དུག་འགྱེད་གྱི་གནོད་པ་བཟོ་མཁན་ ཐན་བྱ་འུག་པ་མགོ་དགུ་་གཙོ་བོ་བྱས་པའི་དངོས་ཡོད་དངོས་མེད་ཚང་མ་དུས་མཐའི་སྐྱབ་མགོན་་གེ་སར་ནོར་བུ་དགྲ་འདུར་གྱིས་་སྙིང་རྗེའི་རལ་གྲི་ཡིས་བསྒྲལ་བ་གདའ་ོ།།

Leave a Reply

Your email address will not be published.