February 2020

ཨ་ཉ་རིན་པོ་ཆེ་ལ་གདམས་པ་སྙིང་གི་མ་ཎི་ཀ
ན་མོ་གུ་རུ་ཨ་དྷཱི་ཛྙཱ་ན་ཡེ།
ཆོས་དབྱིངས་ངོ་བོར་བཞུགས་པའི་བདེ་གཤེགས་དང་།།
འོད་གསལ་རང་བཞིན་སྣང་བའི་ཞིང་ཁམས་རིགས།།
ཟུང་འཇུག་ཐུགས་རྗེའི་བདག་ཉིད་བཅོམ་ལྡན་འདས།།
དབྱེར་མེད་དྲིན་ཆེན་བླ་མས་བདག་སོགས་སྐྱོངས།།
༡༽
དད་གུས་དག་སྣང་ཕྱུག་པའི་སློབ་མ་མཆོག།
སྲས་བཅས་རྒྱལ་ཀུན་ཚོགས་ཀྱིས་རྟག་ཏུ་སྐྱོབས།།
ཚེ་རབས་ལས་ཀྱིས་འབྲེལ་བའི་བླ་མ་ཉིད།།
སྤྱི་གཙུག་ཛ་ལནྡྷ་རའི་མཛེས་རྒྱན་དུ་སྒོམས།།
༢༽
ཕྱག་ཆེན་རིག་འཛིན་གྲུབ་པའི་དབང་ཕྱུག་གི།
རྨི་ལམ་འོད་གསལ་སྟོན་པའི་དེད་དཔོན་རྗེ།།
དགོངས་བརྒྱུད་རྟོགས་པའི་ཕ་ཕོག་སྩོལ་བའི་མགོན།།
མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྒྱན་དུ་སྒོམས།།།
༣༽
སེམས་ཉིད་མ་བཅོས་ཀ་དག་གཉུག་མའི་རང་གཤིས།།
རྩོལ་མེད་རང་བཞག་ངང་ནས་རང་བབས་མཐོང་།།
སྨྲ་བསམ་བརྗོད་མེད་སྟོན་པའི་བླ་མ་རྗེ།།
སྙིང་དབུས་དཀྱིལ་འཁོར་འཁོར་ལོའི་རྒྱན་དུ་སྒོམས།།
༤༽
འཁྲུལ་མེད་ཆོས་སྐུ་རིག་པའི་གནས་ལུགས་མཇལ།།
གནས་ན་ཆོས་སྐུ་འཕྲོ་ན་ཆོས་སྐུ་འི་རང་རྩལ།།
གང་ཤར་ཆོས་སྐུར་གྲོལ་བའི་བླ་མ་ཉིད།།
ལྟེ་སྤྲུལ་སྟོང་ཉིད་དབུ་མའི་དཀྱིལ་འཁོར་སྒོམས།།
༥༽
རྣམ་རྟོག་ཐམས་ཅད་བདེ་བའི་ཡེ་ཤེས་ངང་།།
དགའ་བ་མཆོག་དགའ་དགའ་བྲལ་ལྷན་སྐྱེས་དགའི།།
ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བླ་མ་རྗེ།།
གསང་གནས་དྲུག་ཅུའི་རྩ་བཞིས་དཀྱིལ་འཁོར་སྒོམས།།
༦༽
གཉུག་མའི་གནས་ལུགས་གཤིས་སུ་སོན་པའི་ཚེ།།
འོད་གསལ་རིག་པ་སྙིང་གི་དཀྱིལ་ནས་ཤར།།
གསང་ཆེན་ཨ་ཏི་ཡོ་གའི་བླ་མ་ཉིད།།
ཡེ་གྲོལ་ཀུན་བཟང་ཡབ་ཡུམ་རྒྱུན་དུ་སྒོམས།།
༧༽
གང་ཤར་ཚོགས་དྲུག་རིག་སྟོང་ཟང་ཐལ་ངང་།།
ཡེ་ཤེས་དཀྱིལ་འཁོར་དག་པ་རབ་འབྱམས་ཀྱི།།
དག་མཉམ་རྒྱལ་བའི་ཞིང་ཁམས་ཕྱོགས་ལྷུང་བྲལ།།
གསང་ཆེན་བླ་མེད་རྒྱུད་ཀྱི་དགོངས་དོན་རྟོགས།།
༨༽
གསང་གསུམ་དད་གུས་མོས་པའི་རྟེན་འབྲེལ་ལས།།
བཀའ་དྲིན་མཚུངས་མེད་བླ་མའི་གདམས་ཟབ་དཔལ།།
དགྱེས་པ་རྡོ་རྗེ་འཆང་གིས་སྐལ་བཟང་ཐོབ།
བསྟན་འགྲོར་ཕན་བདེའི་ཕྲིན་ལས་ལྷུན་གྲུབ་ཤོག།
ཅེས་པ་རབ་གནས་ལྕགས་བྱིའི་ལོ་སར་སྐབས་སུ་མགར་ཆེན་ཨ་ཉ་རིན་པོ་ཆེས་དད་གུས་ཀྱིས་རྐྱེན་ལས་གང་ཤར་ཏུ་ཤྲཱིཿཨེ་མ་ཧོས་གདམས་པར་དགེའོ།། དགེའོ།། དགེའོ།། དགེའོོ།།

Leave a Reply

Your email address will not be published.