February 2020

ཁྱབ་བདག་པའི་མཚན་གནས་བཞེས་སྐབས་ཀྱི་གསུང་བཤད། སྐལ་བཟང་གིས
དེ་རིང་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པའི་གདན་སའི་དཔལ་གྱི་སེངྒེ་རིའི་ཆོས་གྲྭ་ཆེན་པོ་འདི་ན། གངས་ལྗོངས་ཆོལ་གསུམ་ནས་ཕེབས་པའི་རིས་མེད་དགེ་འདུན་འདུས་པའི་སྡེ་ཆེན་པོ་འཁོར་རྣམ་པ་བཞི་དང་བཅས་པའི་ཁྱུ་ཚོགས། དད་ལྡན་རྒྱ་ཆེའི་ཆོས་དད་མང་ཚོགས་དང་བཅས་པ་སྟེ། ཕྱི་ན་ཉན་ནི། །ནང་ན་བལྟ་ནི། །གང་མང་མང་འཛོམས་ཡོད་ཅིང་། དེ་བཞིན་དབྱིངས་ན་བཞུགས་པའི་རྒྱལ་བ་སྲས་བཅས། བརྒྱུད་གསུམ་རིག་འཛིན་གྱི་བླ་མ། ཁྱད་པར་གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་ཀྱིས་ཡེ་ཤེས་ཀྱི་སྤྱན་གྱིས་མི་མངོན་དབྱིངས་ནས་གཟིགས་ཡོད་པ་མ་ཟད། ཆོས་སྡེ་འདིའི་བཀའ་སྡོད་སྲུང་མ་མངོན་ཤེས་མཐུ་རྩལ་གྱི་བདག་པོ། ལས་དང་ཡེ་ཤེས་ཀྱི་འཕྲིན་ལས་པ་ཐམས་ཅད་ཀྱིས་ཀྱང་མེལ་ཚེ་དང་བྱ་ར་བྱེད་བཞིན་ཡོད་སྙམ།
དཔལ་གྱི་སེངྒེའི་རིའི་ཆོས་གྲྭ་ཆེན་པོ་ཐུབ་བསྟན་བཤད་སྒྲུབ་མདོ་སྔགས་དར་རྒྱས་གླིང་འདི་སྔར་སེང་ཕྲུག་པདྨ་བཀྲ་ཤིས་ཀྱི་སྐུ་དུས་སུ་དབུ་བརྙེས། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་སྲོལ་གཏོད། མཁན་ཆེན་པདྨ་བཛྲ་གྱིས་རྒྱུན་བསྐྱངས། གཞན་ཕན་ཆོས་ཀྱི་སྣང་བས་དར་ཞིང་རྒྱས་པར་མཛད་པ་རེད། དེ་ནས་བཟུང་སྟེ་དུས་ཀྱི་ཆུ་རྒྱུན་མདུན་ཕྱོགས་སུ་བཞུར་བའི་འགྲོས་དང་བསྟུན་ནས་དར་རྒུད་འཕེལ་འགྲིབ་ཅི་རིགས་བྱུང་བ་དང་། ཁྱད་པར་བོད་ཁམས་སྤྱི་དང་བྱེ་བྲག་གི་བསྟན་པའི་ཉམས་གུད་ཆེན་པོའི་ལོ་མང་གི་རྗེས་སུ། གངས་ལྗོངས་བསྟན་པ་ཡང་དར་གྱི་སྐབས་འདིའི་ཆོས་གྲྭ་འདི་ཉིད་སླར་གསོ་རྒྱ་བསྐྱེད་ཀྱི་དབུ་དངོས་སུ་བཙུགས་པའི་དུས་ཚོད་དུས་རབས་སྔོན་མའི་ས་འབྲུག་ནས་དུས་རབས་འདིའི་ཆུ་ཕོ་འབྲུག་གི་ལོ་འདིའི་བར་དུ། མི་ལོ་ཧྲིལ་པོ་ཉི་ཤུ་རྩ་ལྔ་འཁོར་གྱིན་ཡོད་པའི་སྐབས་འདིར། ད་ཐེངས་ཆོས་གྲྭའི་དགེ་འདུན་གྱི་ཀུན་དགའ་ར་བའམ་སློབ་ཁྲིད་ཐོག་ཁང་ཆེན་མོ་ལུང་རིགས་དགའ་ཚལ་ཆོས་གླིང་གསར་བཞེངས་ཡོངས་སུ་གྲུབ་པའི་མཛད་སྒོའི་ཐོག་མ་རུ། རྒྱལ་བའི་ཆོས་འཁོར་དུས་ཆེན་དང་བསྟུན་ནས། ཁར་སེང་འཇམ་དཔལ་རྫོགས་པ་ཆེན་པོའི་དབང་དང་། གཞུང་ཆེན་བཅུ་གསུམ་རྒྱ་གཞུང་ངོ་མའི་འཆད་ཁྲིད་ཀྱི་རྒྱུན་སྤེལ་བའི་དབུ་བཙུགས། དེ་རིང་དེ་ལ་མཐུད་དེ། ང་ལ་བརྟན་བཞུགས་ཤིག་འབུལ་དགོས་ཞེས་མཁན་ཆེན་ཁྲི་བ་ཚང་གིས་དབུ་མཛད་དེ་དགེ་འདུན་འདུས་པ་མང་ཚོགས་ཀྱིས་ཨུ་ཚུགས་ནན་གསུང་མཛད་པ་ལ། ངས་མཐའ་གཅིག་ཏུ་སྐུ་ངོ་ལྡོག་སྟེ་མིན་ཞེས་ཞུ་གི་མ་བསྡད་པ་རེད། སྤྱིར་བརྟན་བཞུགས་འབུལ་རྒྱུ་དེ་རྟེན་འབྲེལ་ལེགས་མཚོན་གྱི་དར་སྲོལ་ཙམ་ཞིག་རེད། ཁྱེད་ལྷན་རྒྱས་ཀྱི་ངོས་ནས་དག་སྣང་བོང་བ་གསེར་གཟིགས་རེད་མོད་ཀྱང་། ངའི་ངོས་ནས་མངའ་དབུལ་མཛད་པ་ལས་དགེ་འདུན་པའི་ཐུགས་རྗེའི་སྐྱབས་འོག་ནས་མ་བོར་ན་དེ་རང་དགའ་བསམ་པ་རེད། དེ་བཞིན་རྒྱུ་ནོར་ཟང་ཟིང་གི་འབུལ་བ་རི་ཁྲོད་ཀྱི་ཆོས་པ་ལ་དེ་བས་ཀྱང་མི་དགོས། ཡང་སྒོས་ལོ་ན་བདུན་ཅུའི་ཚེ་མཇུག་གི་ཚེ་ཡི་ལྷག་མས་དུས་འདའ་བཞིན་ཡོད་པ་ཞིག་ལ། རྒྱུ་ནོར་རྫས་ཀྱི་དངོས་པོས་ཅི་ཡང་ལས་རྒྱུ་མི་འདུག དེས་ན་ཆོས་གྲྭ་གཞུང་གི་དངོས་འབུལ་འདི་ཚོའི་ནང་ནས་རྟེན་འབྲེལ་མཚོན་བྱེད་ཙམ་དུ་་་་་་་་ལེན་པ་ལས་གཞན་ཚང་མ་ཕྱིར་འབུལ་རྒྱུ་ཡིན། དེ་རིང་གི་མཛད་རིམ་གྱི་ནང་ནས་ངས་དོན་ཆེན་དུ་མཐོང་བ་ཞིག་ལ། ཆོས་གྲྭའི་མཁན་སློབ་དགེ་འདུན་འདུས་པ་སྤྱི་ཁྱབ་ཀྱིས་ཐུགས་སེམས་གཅིག་མཐུན་མགྲིན་དབྱངས་གཅིག་གྱུར་གྱིས་ཆོས་སྡེ་འདིའི་མཚན་གནས་ཐམས་ཅད་ཀྱི་ནང་ནས་རིམ་པ་མཐོ་ཤོས། ཁྱབ་བདག་པའི་མཚན་གནས་དེ་ང་ལ་གནང་རྒྱུ་ཡིན་གསུངས་པ་དེ་ལ། ངས་སྤྲོ་བ་དང་བཅས་ཏེ་རྟེན་འབྲེལ་གྱི་ཆེ་བས་དང་ལེན་ཞུ་དགོས་རྒྱུ་རེད་བསམ་གྱིན་ཡོད། འདིའི་མཚན་གནས་དང་པོ་བཞེས་མཁན་དེ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་རྒྱས་སྲས་གཞན་ཕན་མཐའ་ཡས་རེད། སྔར་རྫོགས་ཆེན་སྐུ་ཕྲེང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་སྐུ་དུས་ཤིག་ལ། དེའི་མཚན་གནས་དེ་ཉིད་རྒྱ་གར་ལ་གསེར་བྱིན་ཏེ་བླངས་པ་མ་རེད། རྒྱ་ནག་ལ་སྡེ་སྤྲད་དེ་ཉོས་པའང་མ་རེད། དོན་ཐོབ་ཀྱི་མཚན་མང་མོས་ཀྱིས་གསོལ་བ་དེ་ལ། རྗེས་སུ་ངོས་ལེན་དང་རྒྱབ་སྐྱོར་གྱི་ཆོ་ལོ་ཆེན་པོ་འགའ་རེས་ཕུལ་བའི་ལོ་རྒྱུས་ཡོད་པ་དེ་འདྲ་ཞིག་རེད། དེ་ནས་བརྩིས་ན་མི་ལོ་བརྒྱ་དང་ལྔ་བཅུས་མ་ཚད་ཉིས་བརྒྱར་ཉེ་བ་ཞིག་ཨེ་ཡིན་ནམ། དེ་འདྲའི་ལོ་མང་ཞིག་འདས་པའི་དེང་གི་དུས་རབས་ཏེ། དུས་རབས་གཉིས་ཀྱིས་མ་ཚད་གསུམ་ལ་ཉེ་བ་ཞིག་འདས་པའི་ཕྱི་མའི་དུས་འདིའི་བསྟན་པའི་གོད་ཆག་གི་དུས་འགྱུར་ཆེན་པོའི་རྗེས་ཀྱི་བསྟན་པ་ཡང་དར་གྱི་སྐབས་འདིར། དེའི་མཚན་གནས་ཀྱི་ཅོད་པན་གཉིས་པ་དེ་རིང་ང་ལ་གནང་བ་འདི། སྤྱིར་བཏང་གི་བླུན་པོ་བ་ལང་གསེར་རྒྱན་ཅན་ཁ་ཤས་ཀྱིས་མ་ཚད། རྨོངས་པ་བརྒྱ་ཚོ་དང་སྟོང་ཚོའི་ཁྱུ་ཚོགས་ཏེ། གཅིག་རྒྱབ་གཅིག་གིས་འཚོས། །རྫུན་རྒྱབ་ཤོབ་ཀྱིས་བསུམ། །ཟོག་པོའི་འཕོངས་གླེན་པས་བཀབ་པ་དང་། སྲིད་དོན་པ་འགའ་རེས་སྲིད་ཁྲིའི་གར་སྟེགས་ཀྱི་སྟེང་ནས། གཡོ་སྒྱུའི་ཚོང་ཟོག་ཟློས་གར་དུ་འཁྲབ་པ་དེ་ཚོ་དང་མི་འདྲ་བར། མཁས་མང་ཚོགས་པའི་ལྷ་གྲལ་གྱི་དཔྱད་པ་སྔོན་ལ་བཏང་སྟེ་གཏན་ལ་ཕབས་པ་ལ། མ་བརྟགས་གྱ་ཚོམ་སྨྲ་བའི་ཐོ་ཅོའི་མཛད་པ་དམ་པའི་རང་གཤིས་ལ་ཅི་ལ་འདྲེས། བསྲེག་བཅད་བརྡར་བའི་གསེར་བཞིན་དུ་དོན་གཅིག་གི་སྔ་བར་ཕྱི་གསུམ། ཟུར་བཞི་ལོགས་དང་བརྒྱད་ནས་གཟིགས་ཡོད་རྒྱུ་རེད་བསམས། ང་རང་ཉིད་ལ་མཚོན་ན། རང་བློ་རང་ལ་ལྐོག་ཏུ་མ་གྱུར་པས་དམ་པའི་ཡོན་ཏན་ཅན་ཞིག་མ་ཡིན་ཡང་། སྔར་གྱི་བླ་མ་གོང་མ་དག་གི་ཞལ་ཆེམས་དང་ད་ལྟའི་དངོས་ཡོད་ཀྱི་བྱུང་བ་འདི་དག་བབ་ས་གཅིག་ལ་འབབ་པ་མཐོང་ཚེ། དགོས་དབང་ཁྱད་པར་ཅན་ཞིག་ཡོད་སྙམ་གྱི་སྤོབས་པ་བསྐྱེད་བཞིན་དུ། དགའ་སྤྲོ་དང་བཅས་ཏེ་གཟི་བརྗིད་ཅན་གྱི་མཚན་གནས་འདི་དང་ལེན་ཞུ་འོས་པ་རེད་བསམས།
ང་ཆུང་མ་ལས་སྐྱེས་པའི་ཟླ་བ་ཁ་ཤས་ཀྱི་མཚམས་སུ་དམ་པ་གོང་མའི་སྐྱེ་སྲིད་ཀྱི་མཚན་བཏགས་ཏེ་ལོ་བརྒྱད་ཀྱི་སྟེང་གཙུག་སྐྲ་སོར་གསུམ་བཅད། ཕོ་ལོ་བཅུ་གསུམ་པའི་སྟེང་དམ་པའི་ཆོས་སྒོར་དངོས་སུ་ཞུགས་པ་ཡིན། རང་ལོ་བཅུ་དྲུག་ནས་ཉེ་བའི་ལོ་ཤས་ཀྱི་བར་དུས་ཀྱི་རྒུད་པའི་སྐལ་ངན་ཚེས་རུང་། རང་རྒྱུད་བསྟན་པའི་བྱི་དོར་ལ་རེམ་ནས་རླབས་དྲག་རླུང་འཚུབ་ལྟ་བུའི་རྐྱེན་ངན་མང་པོ་གཤགས་ཏེ་ཡོང་། མདོར་ན་བཅུ་གསུམ་ལོན་ནས་ད་ལྟ་བདུན་ཅུ་ལ་མ་ཐོན་གྱི་བར་དོན་གྱི་བསྟན་པ་སྲོག་གིས་གཅེས་པར་བསྲུངས་པའི་མཐའ་འབྲས་སུ། དེ་རིང་འདི་ནས་ཤྲཱི་སེང་ཆོས་གྲྭའི་ཆོས་སྲིད་ལུགས་གཉིས་ཀྱི་མཁྱེན་ཡོན་དང་རྣམ་དཔྱོད་ལྡན་པའི་བོད་ཡུལ་གངས་ལྗོངས་ཆོལ་གསུམ་ནས་ཕེབས་པའི་མཁན་སྤྲུལ། དགེ་སློབ། དགེ་འདུན་གྱི་སྡེ་དང་བཅས་པས། མ་བགྲོས་ཐུགས་སེམས་གཅིག་མཐུན་གྱིས་འདིའི་མཚན་གནས་ང་ལ་གནང་ཞིང་། འདིའི་གནང་ཡུལ། གནང་མཁན། ཇི་ལྟར་གནང་བའི་བརྒྱུད་རིམ་དང་བཅས་པ་གང་ལ་བསམ་བློ་བཏང་ན་དགོས་གནད་ཁྱད་པར་ཅན་གྱི་མཛད་པ་མ་འོངས་ཕྱི་མའི་དུས་རབས་ཀྱི་ཆོས་སྡེ་འདིའི་ལོ་རྒྱུས་ཀྱི་ལེ་ཚན་གསར་པ་ཞིག་ཡིན་པས་མ་ཚད། སྔ་འགྱུར་ཆོས་བརྒྱུད་ཆེན་པོའི་ཡོངས་གྲགས་ཀྱི་གཏམ་དོན་སོ་མ་དགེ་མཚན་ཡོད་པ་ཞིག་ཏུ་འགྱུར་བར་སྙམ།
འདས་པའི་ལོ་རྒྱུས་ལ་ཕྱིར་བལྟས་བྱས་ན། ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་བྱོན་ནས་ད་ལྟའི་བར་མི་ལོ་བརྒྱ་ལྷག ཉིས་བརྒྱ་ཟིན་ལ་མ་ཟིན་ཙམ་གྱི་དུས་རིང་ནང་། ཁྱབ་བདག་པ་གཉིས་པ་དང་གསུམ་པའི་མཚན་གནས་འབུལ་འོས་ཡུལ་དང་། བཞེས་འོས་པ་མ་ཕེབས་པ་མ་ཡིན། ཁོ་བོ་ཅག་དང་འདྲ་བ་ཡིས། བརྒྱ་འགྱུར་དང་སྟོང་འགྱུར། ཁྲི་འགྱུར་དང་འབུམ་འགྱུར་གྱིས་དེ་དག་རྣམས་ཀྱི་གསང་བ་གསུམ་གྱི་ཡོན་ཏན་དང་འཕྲིན་ལས་ཆ་ཤས་ཙམ་ཡང་གཞལ་ཐབས་མེད་པའི་མཁས་གྲུབ་གཉིས་ལྡན་གསེར་རིའི་ཕྲེང་བ་ལྟ་བུ་མང་པོ་བྱོན་མྱོང་བ་མངོན་གསལ་ཡིན་མོད། གང་ལྟར་སྙིགས་མར་ཕྱོགས་པའི་དུས་ཀྱི་རྒུད་པ་དང་ཉེ་ཡོང་བ་ཡིན་དུས། བོད་བསོད་ནམས་དབང་ཐང་མར་ཟད་ཀྱི་སྐབས་དང་ཁེལ་ནས། ཇི་ལྟར་བཤད་རུང་བླུན་པོ་དབང་འབྱོར་ཅན་གྱི་བླ་དཔོན་ངན་པས་ཤུགས་བཟུང་བའི་དབང་དུ་ཤོར་ནས། ཆོས་མཐུན་བཀུར་སྟིའི་བཞུགས་གྲལ་མཚམས་རེས་མི་ཚད་ཡུན་རིང་མགོ་གཞུག་ལྡོག་པ་འདིའི་ལོ་རྒྱུས་རྐྱང་པས་ཀྱང་མཚོན་ཐུབ་པར་བསམས། དེའི་མི་ཚད་དེ་དང་འདྲ་བར། ཆུ་ཆེ་ཆུང་རང་གི་སྒོ་རྩ་རེད། གངས་ལྗོངས་ལུགས་གཉིས་སྲོལ་བཟང་གི་བྱ་བཞག་མང་པོ་ཞིག་དེ་ལྟར་ཉམ་ཉེས་སུ་སོང་བ་ཡང་དཔོག་ཐུབ་པ་རེད། དཔེ་མཚོན་གྱི་འདྲ་གཟུགས་ཐད་ན་ཡོད་པ་དེ་ཚོར་བལྟས་ན། ད་རེས་ཀྱི་དུས་སྐབས་སུ་ས་ཆ་ཡུལ་ལུང་འདི་ལ་མཚོན་ན། ད་ལྟའི་གནས་སྐབས་ན་གསར་གཏོད་ཀྱི་རྣམ་དཔྱོད་དང་། གདོང་མཆོང་གི་སྤོབས་པས་ཁེངས་པའི་མི་རབས་གསར་པའི་ན་གཞོན་སྡེ་སྣོད་འཛིན་པ། མཁྱེན་ཡོན། འཇོན་ཐང་། ལྷག་བསམ་གསུམ་ལྡན་གྱི་དཔུང་སྡེས། ཆོས་སྡེ་འདིའི་བསྟན་སྲིད་བཟུང་ནས་ཟིན་གྱིན་ཡོད་པའི་མཚོན་རྟགས་ཀྱང་དངོས་དོན་ངོ་མས་ར་འཕྲོད་པ་གཟུགས་ཅན་མྱིག་གི་བལྟ་ས་ན་ཡོད་པ་འདི་རེད། དེས་ན་འདི་རྣམ་པ་ལྷན་རྒྱས་ཀྱི་གཟིགས་རྒྱང་དང་བསྟུན་ནས། མ་འོངས་ཕྱི་རབས་བསྟན་པ་མི་ནུབ་པའི་ཕྱོགས་སྟོན་གྱི་ལམ་རྟགས་ལ་བསམས་ཏེ། ངས་ཀྱང་ཚིག་ལ་མི་རྟོན་དོན་ལ་རྟོན། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་གསུངས་པ་བཞིན། ང་གང་ཟག་སྒེར་གྱི་ཁྱེར་འཁོས་ལ་མི་རྟོན་པར། བསྟན་པ་སྤྱི་ཁྱབ་ཀྱི་དགོས་དབང་ལ་རྟོན་ཏེ་འདིའི་མཚན་གནས་དང་ལེན་ཞུ་བཞིན་ཡོད་པ་རེད། ངས་འདི་དང་ལེན་ཞུས་པ་ང་སྒེར་གྱི་རྒྱན་དང་ཆེ་བ་ལ་བསམ་པ་མ་རེད། ཕྱི་རྟིང་གནམ་ལ་བཀྱག་སྟེ་སོར་གང་ཡིན་ཡང་ཅུང་ཟད་མཐོ་ཐབས་བལྟ་ཁུལ་བྱེད་པའི་བསམ་སྤྱོད་ལ་སྔར་ནས་ཞེན་པ་ལོག་པའི་མྱི་རེད། འདི་ཉིད་དང་དུ་བླངས་ཏེ་ཆོས་བརྒྱུད་འདིའི་དམ་པ་གོང་མ་སྤྱི་དང་། ཁྱད་པར་ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པ་ཡབ་སྲས་དང་། ངའི་རྩ་བའི་བླ་མ་བཀའ་དྲིན་ཅན། མདོའི་མཁན་ཆེན་པདྨ་ཚེ་དབང་། སྔགས་ཀྱི་ཡོངས་འཛིན་འཇིགས་མེད་ཡོན་ཏན་མགོན་པོ། རྫོགས་ཆེན་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་ལྷན་རྒྱས་ལ། ཁྱེད་རྣམ་པ་སྐུ་དངོས་ཀྱི་ཞལ་གྱེས་ཏེ་མྱི་ལོ་ལྔ་བཅུ་ང་གསུམ་གྱི་མཚམས་སུ། ངས་དེ་རིང་འདི་ནས་ཀི་བསྭོ་ལྷ་རྒྱལ་དང་བཅས་ཏེ་མཆོད་པ་འདི་འབུལ་བ་ཡིན། ༼ཞེས་གསུང་སྐད་མཐོན་པོས་ཕྱག་གཡས་པས་མཚན་གནས་ཀྱི་རྟགས་ནམ་མཁར་བསྒྲེངས་སྐབས་དགེ་འདུན་འདུས་པའི་འཚོགས་མང་གིས་དགའ་འབོད་དང་བཅས་ཐལ་མོའི་སྒྲ་དབྱངས་ཡུན་རིང་བསྒྲགས།༽ ཁྱེད་རྣམ་པའི་དགོངས་འདུན་རྒྱུན་འཛིན་གྱི་བྱ་ལས་བཅོལ་སའི་མྱི་ང་ལ། ཆེན་པོ་ཞིག་གི་གནམ་འདེག་ས་གནོན་གྱི་ནུས་པ་མེད་མོད། ཐུགས་རེ་མི་སྟོང་ཙམ་ཞིག་ཅུང་ཟད་བྱས་པའི་ལག་རྗེས་སྙིམ་པའི་རྡུལ་དང་འདྲ་བ་དེ། རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་དམིགས་ནས་འབུལ་གྱིན་ཡོད་པ་རེད་ཅེས་ཞུ་རྒྱུ་དེ་ཡིན། ལྷ་དང་བླ་མས་དབྱིངས་ནས་མ་ཁྲེལ་ན། །གཞན་དག་སུ་མ་མགུ་ཡང་ཞེ་བློ་བདེ། །ཞེས་གསུང་རྒྱུའི་འདོན་པ་ཞལ་བསྒྱུར་ཏེ། ལྷ་དང་བླ་མ་དབྱིངས་ནས་དགྱེས་པས་ན། །གཞན་དག་སུ་མ་མགུ་ཡང་ཞེ་བློ་བདེ། །ཟེར་རྒྱུར་ཁེལ་བ་རེད། འདི་སྒྲུབ་པའི་མཆོད་པར་འགྲོ་ཞིང་། བཀའ་དྲིན་གསོབ་བྱེད་གཏང་རག་མནྡལ་ཞིག་གི་ཚབ་ཡིན་ལ། མྱི་ཤུལ་དུ་མྱི་བསྡད། ཕ་ཤུལ་དུ་བུ་སྐྱེས་པ་དེའི་བྱས་པའི་ལས་ལ་འགྲུབ་པའི་མཐའ་ཡོད་པའི་གཡུལ་རྒྱལ་དཔའ་བོའི་ཀི་སྒྲ་ཡིན་ཞེས་མཐོ་བཤད་བྱས་ན་ཡང་ཆོག
ཁྱབ་བདག་བཀའ་འགྱུར་པ་ཆེན་པོ་རྒྱལ་སྲས་གཞན་ཕན་མཐའ་ཡས་རྫ་སྐམ་ཆེན་གྱི་ལུང་པར་འཁྲུངས་པ་ཡིན་ཞིང་། ང་ཐོག་མར་མ་ལས་སྐྱེ་སའི་ས་ཆ་དེའང་རྫ་རྒྱུད་ཉི་མའི་གདན་ཐོག་ཏུ་ཡིན་པས་དེ་རུ་དྲན་གསོའི་རྡོ་རིང་ཞིག་བསླང་ན་ཡང་མ་འཚམ་པ་ཞིག་མིན་པ་འདྲ། དེ་ཚོ་རང་གར་རྒན་པོ་སྣང་བ་མཐོ་བའི་ཁ་མཚར་གྱི་ཚུལ་དུ་ཀུ་རེ་ཞུས་པ་ཡིན། ངས་བྱ་བ་བྱས་ཟིན། ཁུར་བོར་ཚར་ཞེས་སྨྲས་པ་མིན་མོད། གང་ལ་གང་འཚམས་ཀྱི་མྱི་ཚེའི་བྱ་བའི་ཕྱོགས་སྡོམ་འདི་འདྲ་རེ་བྱས་པ་ང་གང་ཟག་སྒེར་གྱི་མི་ཚེའི་སྡོམ་ཚིག་ཅིག་ཡིན་པ་ལས་གཞན་རྫོགས་ཆེན་བསྟན་པ་སྤྱི་ངོས་ནས་ཆོས་སྡེ་འདིའི་བསྟན་སྲིད་སྤྱི་དང་བྱེ་བྲག་གི་ལམ་རྟགས་ཤིག་ཏུ་རང་ཤུགས་ཀྱིས་གྱུར་སོང་བ་རེད། དུས་སྙིགས་མ་ལྷ་བདུད་དཀར་ནག་ཤེད་ཆེ་ཆུང་བསྡུར་བའི་དུས་ཚོད་ལ། ཅུང་ཟད་ལེགས་པའི་ཆ་དང་ལྡན་པའི་དོན་འདི་ཚོས་ནག་ཕྱོགས་བདུད་རིགས་ཀྱི་སྙིང་ལ་ཚེར་མ་བྱེད་རྒྱུ་རེད། དེའི་རྐྱེན་གྱིས་གླགས་ཀྱང་འཚོལ་སྲིད་མོད། དཀར་ཕྱོགས་གཡུལ་རྒྱལ་གྱི་རུ་མཚོན་སྒྲེང་བའི་དུས་སུ་རེ་ཞིག་ལོག་རྟོག་ཅན་ལ་སྙིང་སྐྲན་འཇུག་རྒྱུ་དེ་ཆོས་ཉིད་རེད། དེ་འཕྲལ་དུ་བཟློག་ཐབས་མ་ཡོད་ཀྱང། ངའི་ཁ་ན་དུས་རྒྱུན་ཡོད་པའི་ཐ་ན་ང་ལ་ཟས་ཀྱི་འདུ་ཤེས་འཛིན་མཁན་གྱི་འབུ་སྦྲང་ཕྲ་མོ་ཚུན་ཆད་ཅེས་སྨྲས་པ་བཞིན། མཐར་ཐུག་བཟང་ངན་ལས་ཀྱིས་འབྲེལ་ཚད་འཁོར་རྩ་དྲུང་ནས་འབྱིན་པའི་སྨོན་ལམ་གྱི་ར་བ་ནས་མི་བཏང་བར་འབྲེལ་མཛད་དོན་ལྡན་གྱི་མཛད་པའི་རྗེས་བསྙེག་པ་ལ་དོགས་པ་གཞན་ཞིག་མི་དགོས་འདུག མདོར་ན་འདི་ནས་ངས་ཁྱེད་རྣམ་པའི་མཛད་པ་དང་ལེན་ཞུས་ཏེ། དེའི་བསྐུལ་མ་ལ་བརྟེན་ནས་སླར་ཡང་ཇི་སྙེད་སྐྱེ་བའི་ཕྲེང་བ་ཀུན་ཏུ་དམ་པའི་ཆོས་འཛིན་ཅིང་། ནམ་མཁའ་མ་ཞིག་འཁོར་བ་མ་སྟོངས་ཀྱི་བར་དུ། མཐའ་ཡས་འགྲོ་བའི་ཉེར་འཚོའི་རྒྱུར་འགྱུར་བའི་སྨོན་ཚིག རྒྱས་སྲས་ཞི་བ་ལྷའི་གསུང་བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ནང་གི་ཚིག་ཁ་ཤས་ཀྱིས་མཐའ་བརྒྱན་ཏེ་བརྡ་ལན་ཙམ་ཞིག་ཕུལ་བ་ཡིན། ༼ཞེས་འདི་དག་དབྱངས་སུ་གྱེར་ནས་གསུངས་སོ།༽

བདག་ལ་དམིགས་ནས་ནམ་དུ་ཡང་། །
འགའ་ཡང་དོན་མེད་མ་གྱུར་ཅིག །
བདག་ལ་དམིགས་ནས་གང་དག་གི། །
ཁྲོའམ་དད་པའི་སེམས་བྱུང་ན། །
དེ་ཉིད་རྟག་ཏུ་དེ་དག་གི། །
དོན་ཆེན་འགྲུབ་པའི་རྒྱུར་གྱུར་ཅིག །
ས་སོགས་འབྱུང་བ་ཆེན་པོ་དང་། །
ནམ་མཁའ་བཞིན་དུ་རྟག་པར་ཡང་། །
སེམས་ཅན་དཔག་ཏུ་མེད་པ་ཡི། །
རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །
དེ་བཞིན་ནམ་མཁའི་མཐས་གཏུག་པའི། །
སེམས་ཅན་ཁམས་ལ་རྣམ་ཀུན་ཏུ། །
ཐམས་ཅད་མྱ་ངན་འདའ་བར་དུ། །
བདག་ནི་ཉེར་འཚོའི་གཞིར་ཡང་ཤོག །
དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་། །
བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡི། །
ཆོས་སྲིད་མི་ནུབ་ནོར་བུའི་རྒྱལ་མཚན་སྒྲེང་། །
མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །
མདོ་སྔགས་ལུང་རྟོགས་བསྟན་པའི་འབྱུང་གནས་ཆེ། །
འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ། །
ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིག །

ཆུ་འབྲུག་བོད་ཟླ་༦པའི་ཚེས་༦་སྟེ་སྤྱི་ལོ་༢༠༡༣ཟླ་༧ཚེས་༡༤ཉིན་སྐྱབས་རྗེ་བླ་མ་མཆོག་ནས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭར་གསུང་བཤད་གནང་བའི་སྒྲ་འཁོར་ཕྱིས་འཆི་མེད་རྡོ་རྗེས་ཇི་བཞིན་ཡི་གེར་ཕབས། །

Leave a Reply

Your email address will not be published. Required fields are marked *