March 2020

བྱིས་པ་ཞིག་གི་ཨ་རིའི་སྲིད་འཛིན་ཁྲོམ་རྒན་ལ་འཐབ་ཡིག་བསྐུར་འདུག
ཟླ་གཅིག་ལ་དཀར་ཟས་རོལ་ཐུབ་ཚེ། ངས་ཨ་སྒོར་ཁྲི་༡༠༠ཞལ་འདེབས་ཕུལ་ངེས།
ཚེ་སྲོག་ཕྲ་མོ།
ཉེ་ཆར་ཨ་རིའི་འཕྲིན་སྦྱོར་གྲགས་ཆེན་དག་གིས་འགྲན་འགོད་གནང་བ་ནི། ལོ་ན་དགུ་ཅན་གྱི་བྱིས་པ་ཆུང་ཆུང་ཞིག་གིས་ཨ་རིའི་སྲིད་འཛིན་ཁྲོམ་ཕུ་ལ་འཐབ་ཡིག་བསྐུར་འདུག དོན་དག་འདི་ཅི་ཞིག་ཡིན་ནམ་ཞེ་ན། འདྲ་པར་ནང་གི་བྱིས་པ་ནི་ཤ་ཚ་ཞིང་སྐྱེས་ཡག་ཅིག་འདུག མཛེས་སྡུག་གི་ཞལ་ངོ་ཡི་བྱིས་ཉམས་དེ་མཐོང་དུས། བྱིས་དུས་ནི་ཅི་འདྲ་སྐྱིད་པ་ལ་ཨང་སྙམ་བྱུང་།

བྱིས་པའི་མིང་ལ་Evan LeFevre ༼ ཨེ་ལེན ༽
ཕ་ཡུལ་ཨ་རི་ནས་ཡིན། ད་ལོར་ལོ་དགུར་སླེབས་འདུག ཁོང་ནི་བྱིས་པ་གཞན་དང་འདྲ་བར། གྲུང་ཞིང་ཡིད་དུ་འོང་བ། ཁམས་དྭངས་ལ་རྩེད་མོར་དགའ་བ་ཞིག་ཡིན། འོན་ཏེ་བྱིས་པ་གཞན་དང་མི་འདྲ་བ་ཞིག་ཀྱང་ཡིན་ཏེ། ཁོང་ནི་ཆུང་དུས་ནས་བྱ་འགུལ་མཁན་ཞིག་ཡིན། གཟའ་འཁོར་སྔོན་མར། ཨེ་ལན་གྱིས་ཡང་བསྐྱར་སྐད་གྲགས་བཞག རྒྱུ་མཚན་ནི་མངོན་གསལ་འཛེམ་མེད་དུ་ཨ་རིའི་སྲིད་འཛིན་ཁྲོམ་ཕུ་ལ་འགྲན་སློང་བྱེད། འགྲན་སློང་བྱེད་དོན་ནི། ཁྲོམ་ཕུ་ནི་ང་ཚོའི་རྒྱལ་ཁབ་ཀྱི་སྲིད་འཛིན་རེད། ཕལ་ཆེར་འབངས་མི་ཡོངས་ཀྱིས་བདེ་ཐང་ཅན་གྱི་སྲིད་འཛིན་ཞིག་ཡོད་པའི་རེ་བ་ཡོད་ཅེས་ཨེ་ལེན་གྱིས་བཤད་བྱུང་། རང་ཉིད་ཀྱི་གདན་ཞུ་ཡི་གེ་དེ་སྲིད་འཛིན་གྱིས་མཐོང་ཆེད། ཨེ་ལེན་གྱིས་འགྲེམ་བརྡ་བྱང་བུ་དང་བརྙན་འཕྲིན་འཕྲིན་སྦྱོར། མ་ཟད་ཉོའུ་ཡོག་ཚགས་པར་སོགས་ཤོག་སྦྱོར་སྟེང་དུ།ཁྲོམ་ཕུ་ལ་བྲིས་པའི་འཕྲིན་ཡིག་དེ་བཀོད་འདུག

འཕྲིན་ཡིག་ལས་རྩི་ཤིང་རང་བཞིན་ཅན་གྱི་བཟའ་བཏུང་གི་ཕན་ནུས་དང་ནད་ཡམས་གྱི་ཁུར་ཆེན་དག་གསལ་བཤད་གནང་འདུག འཕྲིན་གྱི་མགོར་ཨེ་ལེན་གྱིས་འདི་ལྟར་བྲིས་འདུག གལ་ཏེ་ཁྱོད་ཀྱིས་སང་ལོ་ཟླ་བ་དང་པོའི་ནང་དུ་དཀར་ཟས་པ་བྱེད་ན། ངས་དམག་ཁུངས་ནས་ཕྱིར་ལོག་པའི་དམག་མི་ལ་ཨ་སྒོར་ཁྲི་བརྒྱ་ཞལ་འདེབས་གནང་ངེས། བརྙན་འཕྲིན་ཁང་གིས་བཅར་འདྲི་གནང་སྐབས།

ངའི་རེ་བ་ནི་ཨ་རི་ལ་བདེ་ཐང་ཡོང་བའོ།། རྩི་ཤིང་རང་བཞིན་ཅན་གྱི་ཟས་རིགས་རོལ་བ་ནི་རྩོམ་གཞི་ཡང་དག་པ་ཞིག་ཡིན་ཞེས་ཨེ་ལེན་གྱིས་བཤད། ང་ཚོའི་དམག་ཁུངས་ནས་ཕྱིར་ལོག་པའི་དམག་མི་ལ་ཨ་སྒོར་ཁྲི་༡༠༠ཐོབ་པ་མ་ཟད། ཁྱོད་ཀྱིས་ཀྱང་རྩི་ཤིང་རང་བཞིན་གྱི་ཟས་རིགས་མཆོག་ཅིག་རོལ་ཐུབ། བློ་མཐུན་སྲིད་འཛིན་ལགས། འུ་གཉིས་ཀས་ཉོ་ཚོང་བྱེད་དམ་ཞེས་བཤད་མོད། ཁྲོམ་ཕུ་ཡིས་ད་དུང་དངོས་ལན་གནང་མེད།

གསར་འགྱུར་འདི་ཡོངས་ལ་བསྒྲགས་རྗེས། མི་མང་པོ་ཞིག་འགྲན་སློང་འདིས་ཧང་སང་སོང་། བྱིས་པ་ལོ་༩ཅན་ལ་འདི་འདྲའི་སྙིང་སྟོབས་ལྡན་པ་ནི་ཡིད་ཆེས་མི་ཐུབ་པའི་གནས་སུ་སྣང་། གནམ་རྒན་མ།ང་རང་ལོ་དགུའི་སྐབས་སུ་ཅི་ཞིག་བྱེད་ཀིན་འདུག ཁོང་ནི་དངོས་གནས་སྙིང་སྟོབས་ཅན་རེད་ཅེས་མང་པོས་བཤད། བྱིས་པ་ཁོང་གི་སྐད་གྲགས་བཞག་ཐེངས་དང་པོ་ནི་ལོ་གཉིས་ཀྱི་གོང་རེད། དེ་དུས་ལོ་བདུན་རེད། ཁོ་རང་གྲགས་ཆེ་དོན་ནི་ལོ་ལྔའི་སྐབས་སུ་བརྙན་ཞིག་ཕབ་འདུག བརྙན་དེའི་ནང་དུ་ཨེ་ལེན་གྱིས་མི་རྣམས་ལ་རང་ཉིད་ཀྱིས་དཀར་ཟས་རོལ་དོན་ངོ་སྤྲོད་གནང་། ཁོང་གིས་ཟེར་ན། མིའི་རིགས་ཀྱིས་སྲོག་ཆགས་དག་ལ་བཤུ་གཤོག་དང་དམར་གསོད་བྱས་ཏེ་ཤ་ཟ་བ་མཐོང་རྗེས། ཁོ་རང་ཧ་ཅང་སྐྱོ་ཞིང་དངངས་ཏེ། དཀར་ཟས་ལ་རོལ་མགོ་བརྩམ།

དེ་དུས་ཁོང་གི་སྐད་ཆའི་གོ་རིམ་དེ་ཧ་ཅང་ཁ་གསལ་མོ་ཆགས་འདུག གལ་ཏེ་ཁོང་གི་ཞལ་ངོ་དང་བྱིས་པའི་སྒྲ་གདངས་ལ་མཐོང་ཐོས་མེད་ཙང་། སྐད་ཆ་དེ་དག་ལོ་ལྔ་ཅན་གྱིས་བཤད་པར་ཡིད་ཆེས་དཀའ། ཤ་ཟོས་ན་ང་ཚོ་འཚོ་གནས་བྱེད་པའི་གོ་ལ་ལ་གནོད་འཚེ་བྱེད་སྲིད། ང་རང་དཀར་ཟས་ལ་ཧ་ཅང་དགའ། རྒྱུ་མཚན་ངས་གོ་ལ་འདི་སྐྱོབས་བཞིན་ཡོད། ང་རང་དཀར་ཟས་རོལ་བ་ལ་འགྱོད་པ་མེད་ཅེས་བཤད། དཀར་ཟས་པ་ཆུང་ཆུང་འདིའི་བརྙན་ཐུང་ནང་གི་ཤ་ཚ་བའི་སྐད་ཆ་དང་རྣམ་འགྱུར་དག་གིས་དྲྭ་གྲོགས་མང་པོ་ཞིག་གི་ཡིད་དབང་འཕྲོག་སོང་། བརྙན་ཐུང་འདི་ངོ་དེབ་རྐྱང་པའི་སྟེང་དུ་བལྟས་གྲངས་ཁྲི་༡༧༠བརྒལ་འདུག ད་དུང་དྲྭ་གྲོགས་འགས་དཔྱད་བརྗོད་དགོད་སློང་བ་འདི་ལྟར་སྤེལ། ཁོང་ལྷ་སུ་ཡི་ཕོ་ཉ་རེད།བརྐུས་ནས་ཁྱིམ་ནང་དུ་ཁྲིད་འགྲོ་བསམ་གི

༢༠༠༧ལོར། ཨེ་ལེན་ནི་PETA༼སྲོག་ཆགས་གཅེས་སྐྱོང་རྩ་འཛུགས༽ཚང་གིས་ཆེས་ཤ་ཚ་བའི་དཀར་ཟས་མི་སྣ་རུ་བདམས་འདུག ཨེ་ལེན་གྱི་ལྷག་བསམ་དང་ཟོལ་མེད་ནི་ཁྱིམ་པའི་སློབ་གསོ་དང་འབྲེལ་བ་ལོས་ཡོད། ཨེ་ལེན་ལོ་༤སྐབས་སུ་ཤ་རིགས་དོར་རྒྱུ་གཏན་ཁེལ་བྱེད་སྐབས། ཁྱིམ་ཚང་གིས་ངོ་རྒོལ་གཏན་ནས་མ་བྱེད། ཨེ་ལེན་གྱི་ཨ་མ་ནི་དཀར་ཟས་པ་ཡིན། ཁོང་གིས་ཨེ་ལེན་སྦྲུམ་པའི་སྐབས་སུ་རྩི་ཤིང་རང་བཞིན་གྱི་བཟའ་བཏུང་རྒྱུན་སྐྱོང་བྱེད་ཡོད། ཨ་མས་ཨེ་ལེན་རང་ཉིད་ལ་གདམ་ག་བྱེད་དུ་བཅུག་པ་ལས་ཨེ་ལེན་དཀར་ཟས་པ་ཞིག་ཏུ་གསོ་སྐྱོང་བྱེད་འདོད་མེད། ཨེ་ལེན་གྱིས་དཀར་ཟས་རོལ་པ་ཐག་གཅོད་སྐབས། ཨ་མས་ཨེ་ལེན་ལ་འདི་ལྟར་བཤད། ད་ཕྱིན་ཆད་ཁྱོད་རང་སློབ་གྲྭ་ནས་ཕི་ཟས་སྤྲོ་ཚོགས་ལ་རོལ་མི་ཐུབ་ཅིང་། སློབ་གྲོགས་ཀྱི་སྐྱེ་སྐར་སྐབས་ཁྱོད་ལ་ཤོག་ཕོར་སྤྲི་གོར་ཡང་མེད། ད་དུང་ཁྱོད་ཀྱིས་རང་ཉིད་ཀྱི་དགའ་ཕྱོགས་མང་པོ་ཞིག་རོལ་ཐུབ་མེད།

འོན་ཀྱང་ཨེ་ལེན་གྱིས་ཨ་མ་ལ་བསམ་ཡུལ་ལས་འདས་པའི་ལན་ཞིག་ཕུལ། ཨ་མ་ལགས། ངས་དེ་དག་ལ་དོ་སྣང་མི་བྱེད། གལ་ཏེ་སྲོག་ཆགས་ཚོ་ལ་རྨས་སྐྱོན་ཕོག་ན་ང་ལ་དགའ་ཕྱོགས་དེ་དག་མེད་ན་ཡང་འགྲིག་གི་རེད། ང་རང་དཀར་ཟས་དག་མ་ལ་དགའ། ངས་མི་ཚེ་གང་བོར་དཀར་ཟས་རོལ་ངེས་ཡིན། ང་ཚོས་སྲོག་ཆགས་དང་གོ་ལ་ལ་གནོད་པ་མ་བྱེད་ན་ཡང་། ལྟོ་གོས་ཐག་གཅོད་གནང་ཐུབ་ཅེས་བཤད། ཐེངས་ཤིག་ལ། ཨ་མ་བགད་ཞོར་ཀུ་རེ་ངང་། ང་ཚོས་ཤ་ཟ་མགོ་རྩོམ། འུ་བུ་ཅག་ཁོ་ནའི་ནུས་པ་ཡིས་གོ་ལ་འདི་སྲུང་སྐྱོབ་མི་ཐུབ། ཤ་ཟོས་ན་ང་ཚོའི་ལུས་པོ་སྟོབས་ལྡན་དུ་འགྱུར་སྲིད་ཅེས་བཤད། ཨེ་ལེན་གྱིས་ཨ་མ་ལ། ང་ཡིད་མི་ཆེས། དེ་ནི་ངས་ཤེས་པའི་དོན་དངོས་དང་འགལ་བ་ཆགས་འདུག་ཅེས་ངོ་རྒོལ་གནང་། འདི་ཧ་ལས་པ་གལ་ཆེན་ཡིན།

ཁོ་རང་ཁྲོས་ནས་ཨ་མ་ལ་ངས་དཀར་ཟས་རོལ་དགོས་ཞེས་བཤད།
ཨེ་ལེན་ནི་ད་ལྟ་Animal Hero Kids ཡི་གཙོ་འཛིན་རེད། ད་དུང་Million Dollar Vegan ཡི་གཞུང་ཚབ་ཆེན་མོ་ཡང་རེད།

Million Dollar Vegan ནི་ཁེ་གཉེར་རང་བཞིན་མ་ཡིན་པའི་རྩ་འཛུགས་ཞིག་སྟེ། གཙོ་བོ་འཛམ་གླིང་སྣེ་ཁྲིད་མཁན་ལ་མི་བུ་སྒེར་གྱིས་འགན་ཁེར་ཏེ་བྲོ་ཞིམ་ལྡན་པའི་དཀར་ཟས་རོལ་ན་རང་ཉིད་ཀྱི་བདེ་ཐང་དང་། མ་ཟད་གོ་ལ་དང་སྲོག་ཆགས་ལ་ཕན་ནུས་ལྡན་ཞེས་སྐུལ་མ་གནང་འདུག ད་ཐེངས་ཁྲོམ་ཕུ་ལ་འགྲན་སློང་གི་ཨ་སྒོར་ཁྲི་༡༠༠ཡང་Million Dollar Vegan འདི་ཚང་གིས་མཁོ་འདོན་གནང་བ་རེད།

འགྲན་སློང་འདི་ཉིད་ལས། ཨེ་ལེན་གྱི་རེ་བ་ནི་ཨ་རི་རྒྱལ་ཁབ་ཀྱིས་རྩི་ཤིང་རང་བཞིན་ཅན་གྱི་བཟའ་བཏུང་གི་ཕན་ནུས་དེ་མི་དམངས་ཁྲོད་ཁྱབ་སྤེལ་མཛད་དེ་སློབ་གསོ་གནང་བ་དང་། མི་བུ་སྒེར་ལ་ཚོད་ལྟ་བྱེད་པའི་སྐུལ་མ་གནང་བའོ།།

ཨེ་ལེན་གྱིས་གཙོ་བོ་དཀར་ཟས་ཁྱབ་སྤེལ་གནང་བ་མ་ཟད། ཁོར་ཡུག་སྲུང་སྐྱོབ་ལ་ཡང་དགའ་པོ་ཡོད། ན་ནིང་། ཨེ་ལེན་གྱིས་གནས་གཤིས་འགྱུར་ལྡོག་གི་བརྙན་ཞིག་ཕབ་ལེན་བྱེད། དམིགས་ཡུལ་ནི་མི་རྣམས་ཀྱི་ཁོར་སྲུང་འདུ་ཤེས་སད་དུ་བཅུག་ནས། མི་མང་པོ་ཞིག་གིས་ང་ཚོའི་གོ་ལ་ལ་སེམས་ཁུར་དང་སྲུང་སྐྱོབ་བྱེད་ཆེད་ཡིན། བརྙན་དེར་འགུལ་རིས་ཀྱི་རྣམ་པས་གནམ་གཤིས་འགྱུར་ལྡོག་གི་རྒྱུ་རྐྱེན་དང་གནོད་འཚེ་དག་ངོ་སྤྲོད་གནང་།

ཨེ་ལེན་ནི་ལོ་༩ཙམ་ལས་མེད་མོད། ཁོང་གི་བྱ་བ་དང་ཁུར་པོ་ནི་ན་མཉམ་དག་ལས་ཧ་ཅང་མང་། ཁོས་སྲོག་ཆགས་ལ་གཅེས་སྐྱོང་མཛད་པ་ལས་གནོད་པ་ཡེ་ནས་མི་བྱེད། ཁོ་དཀར་ཟས་ལ་དགའ་ཞིང་དཀར་ཟས་ཀྱི་ཕན་ནུས་རྟོགས་ཏེ། རང་གི་རྒྱལ་ཁབ་ཀྱི་དམངས་མི་ལ་འབོད་སྐུལ་དང་སྣེ་ཁྲིད་མཛད། ཁོ་རང་ཁོར་སྲུང་ལ་དུང་ཞིང་གོ་ལ་ལ་གནོད་འཚེ་མ་བཟོད། ཁོང་ནི་ལྷའི་ཕོ་ཉ་ཆུང་ཆུང་ཞིག་སྟེ། ཉེ་འཁོར་གྱི་མི་བུ་དག་ལ་དྲོད་འཇམ་གྱི་བདེ་སྐྱིད་སྟེར་བཞིན་འདུག

ཁོའི་སེམས་ནང་གི་བརྩེ་བ་ཆེན་པོ་དང་སྙིང་སྟོབས་ནི། མི་མང་པོ་ཞིག་གིས་རྗེས་ཟིན་ཐབས་མེད་པའི་གནས་སུ་ཆགས་འདུག ཨེ་ལེན་གྱིས་རང་ཉིད་ཀྱི་ལྷག་བསམ་རྣམ་དག་དེ་རྒྱུན་སྐྱོང་མཛད་ཐུབ་པའི་རེ་བ་ཞུ། ད་དུང་དུས་གཏན་དུ་བསམ་བཟང་སྙིང་རྗེ་ཞིག་ཡོང་བའི་སྨོན་འདུན་ཞུ།

Leave a Reply

Your email address will not be published. Required fields are marked *