༄༅། །ཨེ་ཝཾ་རྫོགས་ཆེན་ཆོས་སྒར་ལ་བསྔགས་པ་
ཀུན་བཟང་རོལ་མོ།།
ན་མོ་མ་ཧཱ་གུ་རུ་བུདྡྷ་ཛྙཱ་ན་ཡེ།།
ཀུན་བཟང་རྫོགས་ཆེན་བརྒྱུད་པའི་བྱིན་རླབས་དཔལ།།
དགྱེས་པའི་ཐུགས་ལ་གཏམས་མཁས་མ་ཎི་ཀ།
རྡོ་རྗེ་འཆང་དངོས་འཇིགས་མེད་རྣམ་རྒྱལ་ལ།།
གསོལ་བ་འདེབས་སོ་ཀུན་ཏུ་ཤིས་པ་སྩོལ།།
ཀ་དཔལ་ཀུན་རིགས་ཞེས་པའི་ནགས་ཀླུང་འདིར།།
གངས་ལྡན་རི་དང་རྒྱ་མཚོའི་འགྲམ་ངོགས་སུ།།
རང་བྱུང་མཛེས་སྡུག་ཡིད་འོང་ཐམས་ཅད་ཀུན།།
ཀུན་བཟང་མཆོད་པའི་སྤྲིན་དུ་རྣམ་པར་བཀྲ།།
རྨད་བྱུང་སྙན་ངག་མཁན་གྱི་སྨྱུག་རྩེ་ནས།།
འཁོར་ཡུག་ལྷན་སྐྱེས་དྲོད་ཁོལ་རྟོགས་མིན་ཀྱང་།།
སྣང་སྲིད་བཟང་དགུའི་ཕྱུག་པའི་ནགས་ཀླུང་འདིར།།
ལྷ་དང་དྲང་སྲོང་ཀུན་གྱིས་ཡིད་སྨོན་ཤོར།།
རྡོ་ལྕགས་བཞུས་མའི་གྲོང་ཁྱེར་འདི་ན་དབེན།།
ཁྲི་ཕྲག་ལོ་ཟླར་གད་སྙིགས་མ་ལྷད་པར།།
དཔའ་བོའི་དུང་སོ་སྤུངས་འདྲའི་རི་ཕྲེང་དབུས།།
མཛེས་སྡུག་མ་ལུས་དཀྱིལ་འཁོར་ལྷུན་གྱིས་གྲུབ།།
རིག་འཛིན་རྒྱལ་བུ་མྱུ་གུ་དབྱངས་ཅན་མས།།
བརྩེ་དུང་ནགས་ཀླུང་འགྲིམ་པའི་དྲི་ཞིམ་དཔལ།།
དགྱེས་པའི་ལྷ་མོ་ཁྱོད་དང་ལྷན་གཅིག་འབྲེལ།།
སྙན་འཇེབས་རྡོ་རྗེའི་གཏམ་བུ་འདི་ནས་དཀྲོལ།།
ནགས་ཀླུང་ཁྲོད་དུ་ནགས་ཀྱི་ལྷ་མོའི་རིགས།།
དགའ་གྲོགས་བྱོན་ནས་དབྱངས་སྙན་རོལ་མོ་བཅས།།
ཨེ་ཝཾ་དགོན་ཆུང་འགངས་པའི་སྤྲོ་སྣང་ལ།།
བསམས་ཚེ་དགའ་ལྡན་ཡིད་དགའ་ལས་ཀྱང་ལྷག།
ཤར་ནས་ཉི་མའི་འོད་སྣང་དྲོ་ལྷང་ངེ་།།
ལྷོ་ཡི་ཙནྡན་དྲི་བསུང་འཇམ་ལྷན་ནེ།།
ནུབ་ནས་ཀུན་བཟང་དྲི་ཆབ་བསིལ་ལྷམ་མེ།།
བྱང་ཐང་གཡང་དཀར་འབའ་སྒྲ་དེ་སྙན།།
ཞོགས་པའི་མཚམས་སྤྲིན་རི་ཀླུང་མགུལ་ནས་འཁྱུད།།
དྭངས་གསལ་མཁའ་རླུང་གཙང་མས་ཞལ་བསིལ་བསངས།།
གཡང་དྭགས་རི་སྐྱེས་སྒོམ་ཁང་གམ་ནས་གཉེར།།
ཨེ་མ་ང་ཡི་ཕ་ཁྱིམ་ཡི་གར་འོངས།།
བྱ་རྒོད་ཁྱུ་ཚོགས་བྲག་རིའི་གསེབ་ནས་གཟིགས།།
མཐའ་དབུས་ཡངས་པའི་སྔོ་བསང་འཁོར་ལོའི་དབྱིབས།།
ནོར་འཛིན་པདྨ་འདབ་བརྒྱད་རི་བོས་བརྗིད།།
ཕྱོགས་མཚམས་མ་འདྲིས་གསལ་བ་ཨེ་མ་ཧོ།།
རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་སྡོང་མཛེས།།
རི་བོ་རྩེ་ལྔའི་གདོང་དྲུག་ལོ་མ་བཤམས།།
གངས་རིའི་ལྗོངས་ཀྱི་སྟག་མའི་མེ་ཏོག་བཞད།།
ཀུན་འདུས་ཤིང་སྣ་འཛོམས་པའི་ཨེ་ཝཾ་ཀླུངས།།
རྒྱལ་བས་བཟའ་ཤིང་འཚོལ་བའི་རི་ཁྲོད་བརྟས།།
དྲང་སྲོང་ཏིང་འཛིན་གོམས་པའི་ཞི་གནས་གླིང་།།
དགེ་སྦྱོང་ངེས་འབྱུང་བསྐུལ་བའི་བསྟི་གནས་ཆེ།།
ཀུན་བཟང་ནགས་ཀླུང་རྒྱས་པའི་རྫོགས་ཆེན་སྒར།།
བུདྡྷ་ཛྙཱ་ནའི་ཆོས་གླིང་ཞེས་ཀྱང་གསོལ།།
ཛྙཱ་ན་གུ་རུའི་གནས་ཡུལ་ཡོངས་སུ་གྲགས།།
ཨེ་ཝཾ་རྫོགས་ཆེན་ཆོས་སྒར་སྦས་ཡུལ་ན།།
གསང་ཆེན་ཉམས་བཞེས་མཛད་པའི་ཆོས་གྲོགས་བཞུགས།།
དཔྱིད་དུས་ཤིང་དྲིལ་སྔོན་པོས་ཤག་སྒྲ་འདིས།།
མི་རྟག་བརྡ་གླུ་ལེན་པའི་སློབ་དཔོན་མཆིས།།
དབྱར་དུས་སྦྲང་ཆར་འཇའ་རིས་གསལ་བའི་འོད།།
ཏིང་འཛིན་ཡེ་ཤེས་བསྐྱེད་པའི་ཟླ་གྲོགས་ཡོད།།
སྟོན་དུས་ནམ་མཁའ་དྭངས་པའི་བསིལ་རླུང་ཁྲོད།།
དབྱིངས་རིག་མ་བུ་འདྲེས་པའི་རྟེན་འབྲེལ་བཟང་།།
དགུན་དུས་ཁ་བས་གཏམས་པའི་ནགས་ཀླུང་དབུས།།
གཏམ་མོའི་སྒྱུ་ལུས་འཕེལ་བའི་ཟབ་གསང་གནས།།
ཉིན་མོ་བྱ་བྱེའུའི་རི་དྭགས་བག་ཡངས་རྒྱུ།།
མཚན་མོ་འུག་པ་ཕ་བོང་སྒྱུ་རྩལ་ངོམས།།
ཐུན་བཞི་ལས་དྲུག་བརྩོན་པའི་རྣལ་འབྱོར་པས།།
གནས་འདིར་དགའ་མགུར་རོལ་བ་ཨེ་མ་ཧོ།།
མི་ཚེ་ས་མཐར་བསྐྱལ་བའི་སྙན་ངག་པ།།
ཤྲཱིཿསྨྱོན་དགྱེས་པ་རྡོ་རྗེས་དེ་སྐད་ཐལ།།
ཀུན་ཀྱང་དབེན་གསུམ་ཡོན་ཏན་རབ་རྫོགས་ནས།།
ཀུན་བཟང་རྒྱལ་ས་ཀུན་གྱིས་ཐོབ་གྱུར་ཅིག།
ཅེས་པ་འདི་ཡང་རབ་གནས་ལྕགས་བྱིའི་དབོ་ཟླའི་ཚེས་པ་གཅིག་གམ་སྤྱི་ལོ་ ༢༠༢༠ ལོའི་ཟླ་ ༣ ཚེས་༢༦ ཞོགས་པར་ཆུ་ཚོད་ལྔ་བ་ལ་ཤྲཱིཿཨེ་མ་ཧོས་ཤར་མར་བྲིས་པར་དགེའོ།།