May 2020

ལྕང་ལོ་ལ་བསྟོད་པ་རྣམ་རྒྱལ་ལྷ་ཡི་རྔ་སྒྲ་ཞེས་བྱ་བ།།

ལྕང་ལོ་ལ་བསྟོད་པ་རྣམ་རྒྱལ་ལྷ་ཡི་རྔ་སྒྲ་ཞེས་བྱ་བ།།
ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཡེ།།
ཀ་པ་ལ་ཡི་ཁྲག་འཐུང་དཔའ་བོའི་གནས།།
ཁ་སྦྱོར་བདུན་ལ་དབང་བའི་མཁའ་འགྲོའི་རྟེན།།
ག་བུར་མདངས་འཛིན་སྔགས་འཆང་རིག་འཛིན་ལ།།
ང་ཡི་ལྕང་ལོ་འདི་ཡིས་བརྡ་ཞིག་བསྟན།།
ཅ་དག་ཟུར་ཕུད་ལྕང་ལོ་རལ་བ་ཅན།།
ཆ་ལུགས་བཅོས་མིན་གསང་ཆེན་རྣལ་འབྱོར་པས།།
ཇ་ཆང་འདོན་ཡོན་ཀུན་བཟང་ལོངས་སུ་སྤྱོད།།
ཉ་གང་ཟླ་བའི་བཞིན་རས་གསར་ཏུ་འཚོ།།
ཏ་ཐཱ་ག་ཏའི་དབུ་སྐྲ་བུང་ལྟར་གནག།
ཐ་དག་དྲི་ཞིམ་ཡོན་ཏན་དྲུག་ལྡན་གསུངས།།
ད་འདས་མ་འོངས་ཀུན་ལ་དེ་ལྟར་ན།།
ན་མོ་གུས་པས་མཆོད་ན་མི་ལེགས་སམ།།
པ་ལོ་བྲེག་པའི་བཅིངས་གྲོལ་མ་གཏོང་བར།།
ཕ་མེས་རིགས་གཞུང་གུས་བཀུར་བྱས་ན་བཟང་།།
བ་གླང་བ་སྤུ་ལས་གཞན་ཁྱད་བསོད་ན།།
མ་ལུས་སྔགས་འཆང་ཀུན་ལ་སྒྲོ་བཀུར་འགྲོ།།
ཙ་རིར་བཞུགས་པའི་མ་བཅོས་ལྕང་ལོ་ཅན།།
ཚ་གདུང་གནད་གཅོད་སྔགས་པ་མ་གཏོང་ནས།།
ཛ་ཡའི་བསྟན་པའི་སྙིང་ནོར་སྔགས་འཆང་རྣམས།།
ཝ་ལེར་མངོན་སུམ་བསྟོད་ན་མི་ལེགས་སམ།།
ཞ་ལོང་ལྟ་བུས་ཨུ་ཚུགས་མ་གནང་ནས།།
ཟ་ཚོགས་ཆེད་དུ་ལྕང་ལོ་མ་བྲེག་ན།།
འ་ཅག་ཚུལ་མཐུན་རྒྱུ་འབྲས་སྲུང་བའི་ཕྱིར།།
ཡ་རབས་མེས་པོའི་སྲོལ་འཛིན་ཤིན་ཏུ་བཟང་།།
ར་འཕྲོད་མེད་ན་རལ་བ་བཙན་བྲེག་རྣམས།།
ལ་རྒྱའི་རབ་བྱུང་ཟེར་ན་ཤིན་ཏུ་འཁྲུལ།།
ཤ་ཞེན་དེ་ཚོ་བསྟན་གཤིག་སྟ་རེ་ལས།།
ས་སྟེང་མི་ཡི་རྣམ་དཔྱོད་མ་ཡིན་ནོ།།
ཧ་ཤང་སྐྲ་ལ་ཆགས་པ་མ་ཡིན་ཡང་།།
ཨ་ཏིའི་ཟབ་དོན་མྱོང་བའི་ཀུན་མཁྱེན་པས།།
ཧ་ཅང་དགེ་མཚན་ཆེ་བའི་སྐྲ་ཆོག་རིགས།།
ཨ་མཚར་རྩེད་མོས་ཆེད་དུ་མ་བྲེགས་ཤིག།
ཨི་ལྡན་དབྱངས་གསལ་མཛེས་པའི་འཕྲིན་ཐུང་འདི།།
ཨུ་ཚུགས་མ་བྱས་ཆོས་ཀྱི་མཆེད་ལ་ཕུལ།།
ཨེ་མ་རྨད་བྱུང་མཁའ་འགྲོ་ཆོས་སྐྱོང་གིས།།
ཨོ་རྒྱན་པདྨའི་རིང་ལུགས་མྱུར་སྐྱོབས་མཛོད།།
ཅེས་པ་འང་རབ་གནས་ལྕགས་བྱིའི་ནག་ཟླའི་གཟའ་ཚེས་ངན་པར་རྨི་ལམ་དང་ཕ་ཡུལ་རྫ་ཆུ་ཁ་ནས་ཇོ་བྲེག་བཅིངས་གྲོལ་ཞེས་པའི་སྔགས་པ་ཚོ་བཙན་གྱིས་དབུ་སྐྲ་འབྲེག་ནས་དགོན་པའི་གྲལ་དུ་རྫོང་པའི་དངོས་བདེན་གྱི་དཔར་བཅས་སྔགས་འཆང་མཁན་པོ་དྲི་མེད་ཟླ་བས་རྒྱུད་ནས་མཐོང་བའི་མོད་ལ་སེམས་ཀྱིས་མ་བཟོད་ནས་གོ་བདེའི་ཀ་རྩོམ་ཉིད་ཨེ་ཝཾ་རྫོགས་ཆེན་ཆོས་སྒར་ནས་ཨེ་མ་ཧོས་མྱུར་བྲིས་བགྱིས་པར་དགེའོ།། །།

Leave a Reply

Your email address will not be published.