March 2021

མཁའ་འགྲོ་མ་ཏཱ་རེ་ལྷ་མོ་དྲན་པའི་མེ་ལོང།

མཁའ་འགྲོ་མ་ཏཱ་རེ་ལྷ་མོ་དྲན་པའི་མེ་ལོང།

ན་མོ་གུ་རུ་ཏཱ་རེ་དྷེ་ཝི་ཡ།།

༡༽

དབྱིངས་ཀ་དག་སྟོང་པའི་ངང་ཉིད་ལས།།

འོད་ལྷུན་གྲུབ་སྣང་བའི་ཞིང་ཁམས་སུ།།

རྩལ་སྣ་ཚོགས་ཤར་བའི་མཁའ་འགྲོ་མ།།

མ་ཡུམ་ཆེན་ཏཱ་རེ་ལྷ་མོ་དྲན།།

༢༽

དུས་སྙིགས་ལྔའི་མུན་པ་འཁྲིགས་ན་ཡང་།།

རྗེ་སྣང་བྱེད་རྟ་བདུན་དབང་པོ་ཡིས།།

དཔལ་རྟེན་འབྲེལ་དགེ་བའི་མནྜལ་ཕུལ།།

ལས་རབ་འབྱམས་ཕྲིན་ལས་མཐའ་ནས་རྒྱས།།

༣༽

མགོན་ཏཱ་ར་ནགས་ཀྱི་སྒྲོལ་མ་ཉིད།།

གནས་རི་བོ་རྩེ་ལྔར་ཐོག་མར་མཇལ།།

དབང་བྱིན་རླབས་གནང་བའི་མ་མ་ཁྱེད།།

སེམས་དད་པའི་ངོས་ན་གསལ་བོ་དྲན།།

༤༽

ལྷ་རྩ་བ་གསུམ་གྱི་དབང་ལུང་ཐོབ།།

ཐུགས་དགྱེས་པ་ཆེན་པོས་རྗེས་སུ་བཟུང་།།

ལས་སྨོན་ལམ་བཟང་སྤྱོད་མཉམ་དུ་འཚོགས།།

ཆོས་དམ་ཚིག་བཟང་པོས་འབྲེལ་བ་དྲན།།

༥༽

སྔོན་ཁྲ་མོ་གླིང་གི་ནེའུ་ཆུང་དང་།།

ད་གངས་ཅན་མཁའ་འགྲོ་ཏཱ་རེ་མ།།

ཕ་པདྨའི་ཟབ་གཏེར་འགྱེད་པའི་གྲོགས།།

མ་སྐུ་གསུམ་བདག་མོ་ཡང་ཡང་དྲན།།

༦༽

ལུས་རགས་རྡུལ་མི་ཤིགས་དྭངས་མར་དག།

ངག་རླུང་ཁམས་ཨ་བ་དྷཱུ་ཏིར་རྫོགས།།

སེམས་ཀུན་རྟོག་རིག་པ་ཆོས་སྐུར་སྨིན།།

མ་འགྲོ་ཀུན་འདྲེན་པའི་དཔལ་ཐོབ་ཤོག།

ཅེས་པ་འདི་ཡང་རབ་གནས་ལྕགས་གླང་དབོ་ཟླའི་བཟང་པོ་གསུམ་པ་སྟེ་མཁའ་འགྲོ་དྲན་པའི་མྱོང་ཚོར་ཐོལ་བྱུང་དུ་ཨེ་མ་ཧོས་ཨེ་ཝཾ་ཛྙཱ་ན་གུ་རུའི་ལྷ་ཁང་ནས་རྗེས་དྲན་གླུ་རུ་བླངས་པར་དགེའོ།། །། སྤྱི་ལོ་༢༠༢༡།༣།༢༥་ལའོ།།

Leave a Reply

Your email address will not be published.