June 2021

ཆོས་མཆེད་ཀྱི་བཀའ་ལན་ལ་སྤྲིངས་ཡིག་གསེར་གྱི་མེ་ཏོག

ཆོས་མཆེད་ཀྱི་བཀའ་ལན་ལ་སྤྲིངས་ཡིག་གསེར་གྱི་མེ་ཏོག

ཀྱེ་ཀྱེ་ཨ་ལ་ལ་ཧོ།།

༼༡༽

ཞལ་ནས་མཚམས་རེ་མདོ་མེད་ཡིན་ཟེར་ནས།།

འདུ་ཤེས་གསུམ་པ་ཟེར་ནས་རང་ལ་སྨད།།

མཚམས་རེ་རང་སྣང་གང་ཤར་ཤྲཱིཿསྨྱོན་ལ།།

ཅི་དྲན་གང་དྲན་བརྗོད་པར་དྲན་སོང་ངམ།།

༼༢༽

མཁས་དབང་འཛིན་མཚམས་ནམ་མཁའི་ནོར་བུ་ཟེར།།

ཆོས་མཆེད་བརྩེ་གདུང་ཅན་ལ་ཐེར་འདོན་ཟེར།།

རྒྱལ་བསྟན་གཙང་སེལ་འཁན་ལ་བདེན་ཁ་སྟེར།།

ཆེ་མཐོའི་ཞབས་ནས་བལྡག་པར་མ་ཡིན་ནམ།།

༼༣༽

སངས་རྒྱས་དངོས་མཐོང་དད་པ་ལྟ་ཅི་སྨྲོས།།

གྲུབ་རྫུན་རེད་ཟེར་ལོག་ལྟས་འགེངས་པའི་ཚེ།།

བཏང་སྙོམས་ལུང་མ་བསྟན་ལ་འཇོགས་བཞག་ན།།

དབལ་འབྲུག་དམ་པས་སྙིང་ནས་བཟོད་ཕོད་དམ།།

༼༤༽

བདེན་ཡང་རྫུན་མ་ཟེར་ནས་སྡིགས་ར་འཐེན།།

བྱམས་ཡང་རལ་བ་ཟེར་ནས་ངན་སྨད་བྱེད།།

བརྩེ་ཡང་ངོ་དགའ་ཟེར་ནས་ལོང་གཏམ་སྤེལ།།

བྱ་བྲལ་དམ་པས་དབྱིངས་ནས་གཟིགས་ལགས་སམ།

༼༥༽

ཐ་སྙད་ཤེས་བྱར་གོ་ནོར་མ་འཐེབ་ན།།

མཁས་དབང་རྫ་ཚེས་གསུངས་ལ་བདེན་ཁ་སྒྲོན།།

དམ་ཚིག་ཟོལ་ཟོག་མེད་པའི་སྔ་འགྱུར་བར།།

རབ་སྔགས་ཁྲག་བཞིན་དཀྲུག་པ་མཐོང་ལགས་སམ།།

༼༦༽

མཐོན་པོ་རིགས་དུས་གཉའ་བ་སྒུ་རུ་རུ།།

ཉམས་ཆུང་མགོ་ལ་རྐང་བརྫིས་བྱེད་པའི་དུས།།

ལྷག་བསམ་ངོ་ལྐོག་ཌཱ་རུ་དཀྲོལ་བ་ལ།།

བདེན་པའི་རྒྱལ་རྔ་རྡུང་བ་ཅུང་བདེན་ནམ།།

༼༧༽

བལྟས་པ་ཙམ་གྱིས་སྐྱོན་གླེང་འུ་རུ་རུ།།

མཐོང་བ་ཙམ་གྱིས་ངན་སྨད་ཤ་ར་ར།།

ཚོར་བ་མེད་པའི་ཟུར་ཟ་ཐ་ར་ར།།

མཆེད་ལྕམ་ནང་གི་དམ་ཚིག་འདི་ཡིན་ནམ།།

༼༨༽

ཨ་ལ་ཀུ་རེ་མིན་ནོ་སྙིང་གི་གྲོགས།།

ཨ་ཅང་རྩེད་མོ་མིན་ནོ་དམ་ཚིག་ཅན།།

ཨ་ཁ་གཟེར་རེ་ཅན་ཞིག་མིན་ན་ཡང་།།

ཨ་མའི་བུ་ཚོས་གོ་མྱོང་རྟོགས་ཕྱིར་ཕུལ།།

བཀྲ་ཤིས་རྟགས་བརྒྱད་ཚང་བའི་ཐོལ་རྩོམ་འདི།།

བདེ་ལེགས་ཚེ་རབས་འགྲོག་པའི་མཆེད་ལྕམ་བར།།

ཕུན་ཚོགས་དམ་ཚིག་ཟབ་མོའི་འཚམས་འདྲི་བཅས།།

དཔའ་བོ་འབྲོང་ཚ་མཆོག་ལ་ཨེ་ཧོས་སྤྲིངས།།

བོད་རྒྱལ་ལོ། ༢༡༤༨ ཟླ་༥་ཚེས་༡་ལ། 

སྤྱི་ལོ། ༢༠༢༡/༦/༡༡་ལའོ།།