April 2026

ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་བྲིས་པའི་སྙན་ཚིག

ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་བྲིས་པའི་སྙན་ཚིག

རྩོམ་པ་པོ། རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ།

དུང་སེམས་བདུད་རྩིའི་ཟིལ་བ་ཆགས་པའི།།གངས་དཀར་མེ་ཏོག་འདབ་མའི་ངོགས་ནས།།ལང་ཚོའི་མྱུ་གུ་དལ་གྱིས་འབུས་པ།།བུ་གཅིག་མཚོ་བྱུང་འཛུམ་པའི་མེ་ཏོག།

ལྷོ་ཕྱོགས་རྒྱ་མཚོའི་རླབས་ཀྱི་ངོགས་སུ།།ལས་ཀྱི་རླུང་གི་རྗེས་སུ་བསྐྱོད་པའི།།ངག་རིག་མགྲིན་པའི་རྫ་རྔ་རྡུང་བཞིན།།བག་ཡངས་ངང་ནས་ལྟད་མོར་རྒྱུ་འོ།།

ལྗང་མདོག་ཏཱ་ལའི་ནགས་ཚལ་རྒྱས་པའི།།གཡུ་ཡི་འཇིག་རྟེན་ཞིང་གི་དུམ་འབུ།།མཛེས་སྡུག་གླིང་ཕྲན་གྲུ་ཟུར་ཞིག་ནས།།སྔོ་བསངས་ཡངས་པའི་ཆུ་གཏེར་མཐོང་བྱུང་།།

གནམ་སྔོན་ཞུན་མ་དབྱིག་འཛིན་ལྟོ་བར།།འཁྱིལ་བ་འདྲ་ཞེས་སྙན་ངག་རྒྱན་གྱིས།།རབ་བཏགས་མིན་པའི་མཐིང་མདོག་རྒྱ་མཚོ།།ཀྱེ་མ་འདི་ན་དངོས་སུ་སྣང་ངོ།།

ལྷ་ཡུལ་ལྷ་ཡི་རྗེས་ཆགས་འདྲེན་བྱེད།།ཟུམ་པ་མེད་པར་སྟོང་ཕྲག་བགྲང་བྱའི།།དུས་ཀྱི་ཁྱུད་མོར་གཡོ་མེད་གཏད་པའི།།ཡིད་ཀྱི་རྒྱ་མཚོ་ཁྱོད་རང་ཡིན་ནམ།།

མི་ཡུལ་ཚེ་སྲིག་ཐོག་མའི་འབྱུང་ཁུངས།།གདོད་མའི་རྒྱ་མཚོར་གྲགས་པའི་མཚན་སྙན།།མཚན་རིག་མཁན་པོས་རབ་བཏགས་མིན་ན།།བདག་ཀྱང་ཁྱོད་ཀྱི་བུ་རྒྱུད་མིན་ནམ།།

ཡཱ་ལོང་ཝན་གྱི་བྱེ་མའི་སྟེང་དུ།།རྐང་རྗེས་གསར་པའི་རི་མོ་ཕབ་སྟེ།།འབྲོས་དེད་ཚུལ་གྱིས་རླབས་དང་བརྩེས་ནས།།དང་མའི་སེམས་ཀྱི་བྲོ་བ་མྱང་འདོད།།

ལྕིད་ཀྱིས་ནོན་པའི་རླབས་སྒྲ་རེ་རེ།།རྣ་ལམ་བརྟོལ་ནས་ཡིད་ལ་ལྷུང་སྟེ།།ཚིག་གིས་མི་མཚོན་འབྱུང་བའི་རང་མདངས།།དེ་རིང་འདི་ན་ཅི་དགའ་མྱོང་སྣང་།།

རླབས་ཀྱི་ཟེགས་མ་དལ་གྱིས་ལེན་པའི།།ཐེན་ཡཱ་ཧྭེ་ཅོའི་གོར་མའི་འགྲམ་ནས།།མཚོ་མཐའ་མཁའ་ལ་འདྲེས་པའི་མཚམས་སུ།།མ་བཅོས་སེམས་ཀྱི་གསང་བ་འཚོལ་སྐད།།

ཁ་ན་རླབས་ཕྲེང་གྱ་གྱུར་རྩེ་ཡང་།།གཏིང་ན་ལྷོད་ཀྱིས་ལྟེམ་མེར་ཆགས་པ།།རང་བྱུང་འབྱུང་བའི་གནས་ལུགས་འདི་ཡིས།།ནང་ཚུལ་གཤིས་ཀྱི་དེ་ཉིད་མཚོན་ནོ།།

མཐོ་བ་གངས་དཀར་སྟོད་ཀྱི་ནམ་མཁའ།།དམའ་བ་ས་གཞིའི་འདབས་ཀྱི་རྒྱ་མཚོ།།ཡུལ་གྱིས་བསྐལ་ཡང་ངོ་བོའི་སྒོ་ནས།།སོ་སོར་འབྱེད་པའི་སྤུ་རིས་མ་དམིགས།།

ལྟ་བའི་མིག་གི་རྒྱང་ཐག་ཆད་ཅིང་།།དྲན་པའི་སེམས་ཀྱི་དཔྱང་ཐག་ཆད་མོད།།ཁྱོད་ལས་ཐོབ་པའི་ནང་གི་ཚོར་བ།།སྐྱོ་བ་སངས་པའི་ཡིད་ཀྱི་བདུད་རྩི།།

འཇུར་བུའི་བློ་ཡིས་གུད་དུ་མ་བཅད།།གུ་ཡངས་ངང་དུ་ཕྱམ་གྱིས་གློད་སྐབས།།འཁོས་ཆུང་མི་ཚེའི་སེམས་ཀྱི་གསང་བ།།མཐའ་མེད་རྒྱ་མཚོ་ཁྱོད་ལ་ཤོར་སོང་།།

ཁྲི་གདུགས་ཉི་མས་ཕྱི་མིག་བལྟས་ཏེ།།རྒྱང་རིང་ནུབ་ཁའི་དམར་འོད་ངོགས་ནས།།མཇུག་མཐའི་དྲོད་ཁོལ་སྙིང་ལ་སྦྱིན་པ།།ཐག་རིང་མགྲོན་པོའི་སེམས་གསོ་ལུས་ཡིན།།

ལ་འུར་དྭངས་ཤེལ་པར་ཆས་ཐོགས་ཏེ།།ང་དང་རྒྱ་མཚོའི་རླངས་ཀྱི་གཟུགས་བརྙན།།རིན་ཆེན་བྱེ་མ་བརྡལ་བའི་འགྲམ་ནས།།རྒྱང་བཞུད་དྲན་པའི་རྟེན་དུ་འཇོག་འདོད།།

དཀར་གསལ་ཟླ་བ་མཁའ་ལ་ཤར་སོང་།།ཟླ་བའི་འོག་གི་རྒྱ་མཚོའི་བསིལ་ངད།།ས་མཐའི་འཁྱམ་པོའི་སེམས་ཁོང་དབུས་སུ།།སིབ་སིབ་ཐིམ་པའི་ཚོར་བ་བརྗེད་དཀའ།།

ཤར་ཕྱོགས་མཁའ་མཐའི་མཚམས་སྤྲིན་བར་ནས།།སང་ཉིན་ཞོགས་པའི་ཉི་རྩེའི་འོད་ཟེར།།གཡོར་གྲུའི་བ་དན་རྩེ་ལ་འཁྱུད་དུས།།གྱེས་ཁའི་མིག་གིས་ཁྱོད་ལ་ལྟ་དགོས།།

གྲྭ་རྐྱང་ང་ནི་བར་སྣང་རླུང་པོ།།གནས་གཅིག་དག་ཏུ་སྡོད་པ་མེད་པར།།ཕྱོགས་ཀྱི་ཐ་གྲུ་ལྗོངས་ནས་ལྗོངས་སུ།།རྒྱུ་ཞིང་འགྲོ་བ་རང་གི་ངང་ཚུལ།།

བྲེལ་བའི་ལོ་ཟླ་རཝགྱང་དུ་བསྐྱུར་ཏེ།།རྒྱལ་ཁབ་ཉུལ་བའི་ལྡོམ་བུའི་རྐང་རྗེས།།ལྷོ་ཕྱོགས་མཚོ་ཁའི་བྱེ་མར་བཀོད་འདི།།ཐ་མ་མིན་པའི་ཁ་ཚོན་སུས་ཆོད།།

ཚུལ་དེ་བསམ་ཞིང་ལྗོངས་རྒྱུའི་མྱོང་བྱང་།།མི་བརྗེད་སྙིང་གི་དྲན་པའི་རྟེན་དུ།།རྟོག་འགྱུའི་སྣང་ཤས་སྨྱུ་གུའི་རྩེ་རུ།།འགོག་པ་མེད་པར་ཐུལ་གྱིས་བབས་སོང་།། ཧྭེ་ནན་གླིང་ཕྲན་གྱི་སན་ཡཱའི་མཚོ་འགྲམ་ནས་༢༠༠༢་ལོའི་ཟླ་ཚེས་ལ་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོས་བྲིས།

དམར་ཆུང་སེམས་པ་གཙང་པོའི་ཆུ་ལ་བསྐྱུར།

དམར་ཆུང་སེམས་པ་གཙང་པོའི་ཆུ་ལ་བསྐྱུར། །རྒྱ་སེའི་མེ་ཏོག་ཐལ་བའི་གསེབ་ཏུ་བོར། །གནག་སྣུམ་སྐྲ་ལོ་རལ་གྲིའི་ཟས་ལ་བྱིན། །འཁོར་བའི་ཆོས་ལ་བཞི་ཤད་རྫོགས་ཚིག་བྲིས། །

གྱེས་ཁའི་ཕྱི་མིག་མདུན་ནས་རྒྱབ་ཏུ་འཕངས། །ཕ་ཡུལ་རི་ལྗོངས་ན་བུན་གསེབ་ཏུ་བསྐྱུར། །ན་གཞོན་ང་དང་སྟོན་གྱི་ཤིང་ལོ་གཉིས། །ལས་ཀྱི་རླུང་གིས་ཕྱོགས་མེད་གནས་སུ་སྤུར། །

ནུབ་ཁའི་ཉི་འོད་གསེར་ཏོག་ངོས་སུ་འཁྱུད། །བྱེའུ་ཆུང་འཇོལ་མོ་བྱ་འདབས་པང་དུ་བསྙེགས། །དགུང་ཁའི་གཟིམ་དུང་དལ་གྱིས་གཉིད་དུ་ཡུར། །ལྷིང་འཇགས་དགོན་པའི་མཚན་མོ་བག་རེ་ཕེབས། །

སྒེའུ་ཁུང་ནང་ནས་རྒྱང་རིང་ནམ་མཁའ་མཐོང་། །ཚེས་བརྒྱད་ཟླ་བ་ཕྱེད་ཆས་བྲི་གྱུར་ཀྱང་། །རབ་དགའི་ཆ་རྫོགས་ཡིད་ཀྱི་རི་བོང་ཅན། །བློ་བདེའི་ལྷ་ལམ་ངོས་ན་འོད་དུ་འཚེར། །

གྲྭ་ཁང་ནང་གི་རྨི་ལམ་ཚོན་མ་ཡིས། །སྤུ་ལོང་རྒྱས་པའི་ངེས་འབྱུང་སྙིང་ནས་བསླངས། །ཞོགས་པའི་ཆོས་སྒྲ་དྲིལ་གཡེར་སྒྲ་དང་བསྡེབས། །དགའ་སྐྱོ་འབྲེལ་བའི་མཆི་མ་སེམས་ལ་ལྷུང་། །

ཟླ་འོད་ཟིལ་དཀར་དལ་གྱིས་ལེན་པ་ཡི། །མུ་འབྲེལ་གྲྭ་ཤག་བསྟར་བའི་ཁོར་ཡུག་ནས། །ཞི་དུལ་དགེ་སྦྱོང་བཙུན་པའི་ཁྱུ་འཁྲིགས་པས། །དད་བརྒྱའི་འདུན་མ་ཐར་བའི་ཕྱོགས་སུ་བསྒྱུར། །

འདས་དོན་འཁོར་བའི་སྣང་བརྙན་སོར་རྩེ་ཡིས། །སྙན་ཚིག་གཟུགས་སུ་ཕབ་པའི་ཡིག་ཆུང་དེ། །ན་བཟའ་དཀར་མོའི་ཁམས་སུ་རྒྱས་བཏབ་པས། །སྙིང་གི་དབུས་སུ་བདེ་བའི་དྲོད་ཁོལ་འབར། །

མི་ཚེ་ཕྱེད་ཀྱི་ཡུན་ལ་བཙལ་བ་ཡི། །ཞི་བའི་ཕ་ཁྱིམ་རྙེད་པའི་དགའ་བ་འདིས། །ཡུན་རིང་དུབ་པའི་སེམས་ཉིད་ངལ་སོས་ཕྱིར། །ད་ནི་མིག་ཟུང་ཟུམ་ཡང་འགྱོད་པ་ཅི། །

དབེན་གསུམ་རི་བོའི་ངོགས་སུ་གནས་བཅས་ནས། །དབུ་སྐྱེས་ལོ་ཟླའི་ཚོན་གྱིས་དཀར་བ་ཡི། །མཚུངས་བྲལ་བླ་མའི་རྗེས་ཞུགས་ཚེ་དང་ཆོས། །སྙོམས་པའི་ཞེ་དམ་སྙིང་ལ་རི་མོར་འབྲི། །

དུར་ཁུང་ནང་གི་ཨ་མ་རྒན་མོ་དེས། །ཕྱི་མའི་ཡུལ་ནས་དུང་བའི་ཤི་མིག་གིས། །བུ་ཡི་ཆོས་ལམ་བསྙེགས་པའི་ལྟད་མོ་དེ། །ཀྱེ་མ་དངོས་སུ་མཐོང་ན་དགའ་བ་ལ། །

ཆོས་རྗེ་མཆོག་གི་གསུང་འབུམ་གྱི་པར་བྱང་སྨོན་ཚིག

ༀ་སྭ་སྟི་བི་ཛ་ཡནྟུ། གངས་ལྗོངས་ཐུབ་བསྟན་མེ་རོ་སློང་བ་ལ། །མ་སྨད་ཐུགས་བསྐྱེད་ལྷུན་རྫོགས་ང༵ག་གི་དབ༵ང་། །བློ༵་གྲོས༵་མཚུང༵ས་མེ༵ད་འཇིགས་མེད་ཆོས་ཀྱི་རྗེ། །དྲིན་ཆེན་བླ་མས་དུས་ཀུན་སྐྱོང་གྱུར་ཅིག །

གང་དེའི་ཐུགས་གསང་དཔལ་གྱི་བེ་འུའི་དབྱིངས། །རྡོ་རྗེ་རྣོན་པོ་རྩེན་པའི་དྲྭ་བ་ལས། །རིག་རྩལ་ཤེས་རབ་དགོངས་པའི་ཀློང་རྡོལ་ཏེ། །འཛད་མེད་ལེགས་བཤད་འཇོ་བའི་གཏམ་རྒྱུད་སྙན། །

རྣལ་མའི་དོན་ལ་ངེས་པའི་གདེང་རྙེད་ན། །ཐུགས་ལས་ཆོས་གཏེར་འབུམ་ཕྲག་རང་བྱུང་དུ། །རྩོལ་མེད་རྡོལ་བའི་ལུང་དེའི་བདེན་པའི་དོན། །མཐུན་སྣང་ལམ་དུ་གསལ་བར་མཛད་འདི་རྨད། །

གསུང་གསང་མི་ཟད་རྒྱན་གྱི་འཁོར་ལོའི་དཔ༵ལ། །དཔ༵ལ་སྟུག་ཡི་གེ་སྤྲིན་གྱི་འཁོར་ལོ་ལྟར༵། །ལྟར༵་སྣང་དབྱངས་གསལ་གཟུགས་སུ་ཤར་བ་དེ༵། །དེ༵་རིང་འདི་ན་འཕྲུལ་གྱི་དཔར་དུ་བསྒྲུབས། །

གཅིག་ལས་དུ་མར་འཆར་བའི་རང་བཞིན་ཅན། །ཆོས་སྦྱིན་མི་ཟད་ནམ་མཁའ་མཛོད་ཆེན་གྱི། །སྒོ་འཕར་བརྒྱ་ཕྲག་གཏན་པ་མེད་པ་རུ། །ཀུན་ནས་ཀུན་ཏུ་ཕྱེ་བའི་དུས་སྟོན་དར། །

དད་པས་ཕུལ་བའི་བསོད་ནམས་རྫས་ཀྱི་ཟོང་། །ཀུན་སློང་གཙང་མས་བསྒྱུར་བ་དཔལ་གྱི་ནོར། །ཆུད་གཟན་མ་གྱུར་ཆོས་སྐུའི་རིང་བསྲེལ་གྱི། །མཆོད་སྡོང་དམ་པར་གྱུར་ལ་རྗེས་ཡི་རངས། །

མ་སྨད་ལེགས་བྱས་དགེ་ཚོགས་འཛམ་བུའི་འབྲས། །བྱང་ཆུབ་སྤྱོད་བསྔོ་མ་དྲོས་མཚོར་ལྷུང་སྟེ། །ཀུན་བཟང་སྨོན་ལམ་གསེར་གྱི་གར་བུ་རུ། །ཡོངས་སྨིན་རེ་བའི་རྨི་ལམ་མངོན་འགྱུར་ཤོག །

རྣམ༵་མང་ཐོས་བསམ་སྒོམ་པའི་རྒྱན་བཟང་ཅན། །རྣམ༵་དག་བསླབ་ལྡན་ངུར་སྨྲིག་འཆང་བའི་སྡེས། །རྣམ༵་འདྲེན་བཞི་པའི་བསྟན་པ་སྲིད་མཐའི་བར། །རྣམ༵་པར་བཟུང་སྟེ་ཉམས་མེད་མཐར་སྤེལ་ཤོག །

ཆེར་སྙིཊ་རྒུད་པའི་མུན་དཔུང་དང་འགྲོགས་པའི། །ཡིད་སྲུབས་དུས་ཀྱི་འཐོར་རླུང་གཡོ་བའི་རླབས། །མིང་གི་ལྷག་མར་དབྱིངས་སུ་ཞི་བའི་སྒྲ། །གངས་ལྡན་རི་བོའི་མཐོངས་སུ་སྒྲོག་གྱུར་ཅིག །

ལྷོ་ནུབ་ཆུ་གཏེར་ལས་བྱུང་འདོད་འབྱུང་ནོར། །ལས་སྨོན་རྣམ་རྒྱལ་མཚན་མའི་རྩེར་མཆོད་དེ། །འདོད་དགུའི་ཆོས་ཆར་དུས་སུ་ཉེར་དབབ་པས། །ཡངས་པའི་ས་ཆེན་རྒྱས་པར་འགེངས་པར་སྨོན། །

རྣམ་པ་ཀུན་ལྡན་སྣ་ཚོགས་ལེགས་གསུངས་པ། །ངོ་མཚར་དཔར་གྱི་ཕྱི་མོར་བསྐྲུན་པའི་མཐུས། །ཉི་ཚེའི་ཡུལ་དང་དུས་མཚམས་ལས་བརྒལ་ཏེ། །མཐའ་ཀླས་སྐྱེ་དགུར་ཕན་པ་སྒྲུབ་གྱུར་ཅིག །

མ་འོངས་བདེ་གཤེགས་སྣང་བའི་དཔལ་གྱུར་ཚེ། །བདག་ཅག་འདུས་པ་དང་པོའི་གྲལ་འཁོད་ནས། །ཞིང་འདིར་སླར་ཡང་རྫོགས་ལྡན་དཔྱིད་ཀྱི་དཔལ། །འདྲེན་པའི་སྐལ་བཟང་ལོངས་སུ་སྤྱོད་པར་ཤོག །

དེ་ལྟར་རྣམ་དག་སེམས་ཀྱིས་སྨོན་པའི་ཀླུང་། །འདུན་ལྡན་ཡིད་ཀྱི་གཤོང་བརྒྱར་འབབ་པའི་རྒྱུན། །མཐར་ཐུག་རྣམ་པ་ཀུན་མཁྱེན་རྒྱ་མཚོ་རུ། །གཅིག་ཏུ་གཞོལ་ཏེ་དོན་གཉིས་ལྷུན་གྲུབ་ཤོག །

ཅེས་པ་འདི་ནི་མཚན་བརྗོད་པར་དཀའ་ནའང་དོན་གྱི་སླད་དུ་མཚན་ནས་སྨོས་ན།༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ།༧ངག་དབང་བློ་གྲོས་མཚུངས་མེད་དམ།༧འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་གསུང་འབུམ་ཆ་ཚང་གཅིག་ལས་དུ་མར་འཆར་བའི་ཤིང་པར་གྱི་ཕྱི་མོར་སྒྲུབ་སྐབས་རྣམ་དཀར་གྱི་ཕྱག་ལས་འདུ་བྱེད་པ་བླ་རུང་གཞུང་ལས་ཁང་གི་ཚོགས་མི་ལྷན་རྒྱས་ཀྱིས་ཇི་ལྟར་བསྐུལ་བ་བཞིན་རྗེ་དེ་ཉིད་ཀྱི་ཞལ་སློབ་ཀྱི་མིང་ཙམ་འཛིན་པ་བསྟན་འཛིན་རྒྱ་མཚོར་འབོད་པས་གང་དྲན་འཕྲལ་བྲིས་བགྱིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།

ཕ་ཡུལ་ལ་ཕུལ་བའི་སྙིང་གཏམ་ལྷག་བསམ་བདུད་རྩིའི་ཆུ་རྒྱུན།

བོད་གངས་ཅན་ས་ཡི་རྒྱན་ཆ།།སྨད་མདོ་ཁམས་གཡང་གི་ར་བ།།ས་སྐྱིད་པོ་བརྒྱ་ཡོད་སྟོང་ཡོད།།སྐྱིད་ཐག་ཆོད་རྨེ་ཡུལ་ཕྱུག་མོ།།

འབྲོག་སྦྲ་ནག་ཅན་གྱི་ཕ་ས།།ཆོས་དཀར་པོའི་བསྟན་པ་དར་ས།།ཕྱུག་མར་ཁུའི་མཚོ་མོ་འཁྱིལ་ས།།ས་འདི་ཚོར་ཞེ་རེ་ཆགས་ཡོད།།

རྐང་གོམ་ཆུང་ཕྱིར་ཕྱིར་བགྲོད་དུས།།སེམས་བསམ་པ་ཚུར་ཚུར་སླེབས་བྱུང་།།གནས་མི་ཡུལ་ས་མཐའ་འདི་ནས།།རང་ཕ་ཡུལ་དུང་བ་ཇེ་ཆེ།།

དགུང་ཨ་སྔོན་དབྱིངས་ན་རྒྱུ་བའི།།སྤྲིན་དཀར་པོ་འོ་མ་འཕྱུར་འདྲ།།ངའི་ཕ་ཡུལ་ཕྱོགས་ལ་བཟུང་བའི།།ཞེ་ལྷག་བསམ་ཁྱོད་ཀྱིས་མཚོན་ཡོད།།

དོན་དེའི་ཕྱིར་ཐག་རིང་ལམ་ནས།།ཚིག་སྙིང་གཏམ་བསླབ་བྱ་དགོས་ཞེས།།མི་འགའ་རེས་སྐུལ་མ་བྱས་པའི།།ངོ་མི་ཟློག་སེམས་གཏམ་གླེང་ངོ་།།

ས་རང་ཡུལ་གསར་བུ་ལ་ལའི།།ཞེ་སྣང་བ་དགུང་གི་ཡན་རེད།།སྐེད་སྐ་རགས་དཔྱི་མགོའི་མན་རེད།།གཏམ་ཁ་ཕོ་འབྲུག་ལས་ལྡིར་རེད།།

ཚིག་སྐད་ཆ་བཤད་ལུགས་ཤིག་གིས།།དཔའ་ངར་མདོག་གྲི་མགོ་འཕུར་ཏེ།།ལས་དོན་མེད་མི་ཤ་བགོས་ནས།།ཡུལ་སྡེ་བའི་ཕུང་འདྲེ་མ་བྱེད། །

མགོ་སྐར་རྗེན་ཞྭ་མོ་བྱས་ཤིང་།།རྐང་བ་མོ་ལྷམ་མཐིལ་བགྱིས་ནས།།ཚེ་གཅིག་ལ་འཚོ་སྐྱོང་བྱས་པའི།།རང་མི་ཚང་སྒེར་གྱི་རྟ་ནོར།།

ཁྲེལ་ངོ་ཚ་ཅུང་ཟད་མེད་པར།།གང་བྱུང་བྱུང་རྐུ་འཕྲོག་བྱས་ནས།།ཕྱི་སྡེ་ལག་བརྒྱུད་ནས་བཙོང་འདི།།ལས་རྒྱུ་འབྲས་གཉིས་ལ་ཨེ་རུང་།།

སྤང་རི་ཀླུང་རྩི་ཤིང་ཁྲོད་ན།།ཟས་རྩྭ་ཆུའི་འཚོ་བའི་རི་དྭགས།།ནག་ཉེས་པ་ཅུང་ཟད་མེད་པར།།སྲོག་དམར་པོ་གཅོད་པ་སྙིང་རྗེ།།

བྱམས་སྙིང་རྗེ་མེད་པའི་མི་ཚོས།།དྲིན་ཆེ་བའི་མ་འབྲི་རྣམས་ཀྱི།།ལུས་ཤ་ཁྲག་སྒོར་མོར་བརྗེས་ཏེ།།ཚོང་ཁེ་སྤོགས་བྱེད་འདི་སྐྱོ་བ།།

རྟ་མདོ་བའི་གོང་གི་གཅེས་ཕྲུག།རྒྱུ་ཡོད་ཚད་ཆང་ལ་བརྗེས་ན།།ལུས་རིན་ཆེན་སྐྱུག་པས་གོས་ཏེ།།ངོ་ཚ་མོ་རིམ་གྱིས་ཉོས་ཡོང་།།

རང་སྲོག་དམར་རང་གིས་གཅེས་ན།།རྫས་ཁ་དུད་སྣ་དུད་མ་འཐེན།།དུས་དེང་སང་བཅོས་ཐབས་དཀའ་བའི།།ནད་མང་པོའི་འབྱུང་ཁུངས་འདི་ཡིན།།

སྤྱིར་སྐད་ཡིག་ཀུན་ལ་སྦྱོང་བ།།འདི་བྱ་བའི་དགོས་མཁོ་ཡིན་མོད།།ནམ་རྒྱུན་གྱི་སྐད་ཆའི་ནང་དུ།།གཏམ་རྒྱ་བོད་འདྲེས་མ་མ་བཤད།།

ཕོ་ཀླད་མེད་འགའ་དང་འགའ་ཞིག།རས་བུབས་གཅིག་སྐ་རགས་ཡིན་ཁུལ།།དཔྱིའི་མན་ན་སྒྱིད་ཐག་བྱས་ཏེ།།བྱ་ཕོ་རོག་འགྲོ་སྟངས་མ་བྱེད།

བོད་མདོ་དབུས་ཁམས་གསུམ་གང་ན།།རྒྱན་ཆ་ལུགས་འདི་འདྲ་མ་མཐོང་།།ངན་མ་རབས་རྗེས་སུ་ཞུགས་ནས།།རང་སྡེ་བ་མི་ཁར་མ་འཕེན།།

ལས་དོན་ཆུང་བྱ་བའི་ཆེད་དུ།།ཁྲག་དམར་པོའི་ཡུར་ཆུ་འཐེན་པ།།དེང་གསར་བུ་ཁོག་སྟོང་འགའ་རེས།།དཔའ་ཡ་མེད་རྒོད་པོར་བརྩི་ཡང་།།

མི་གཞན་གྱི་འཕྱར་ཀ་གཏོང་ཡུལ།།ངན་ཀླ་ཀློའི་སྤྱོད་པ་འདི་འདྲ།།བུ་རྒོད་པོའི་རྒོད་རྟགས་མ་ཡིན།།འདི་གླེན་པའི་གླེན་རྟགས་ལོས་ཡིན། །

ལུས་དཔུང་པའི་ཤ་རྒོད་སྲ་ཞིང་།།མཚོན་ངར་མའི་སོ་ཁ་རྣོ་ཡང་།།སྟོབས་ཆེ་བའི་དེང་རབས་མཚོན་ཆར།།ལན་དགོས་ན་ངོ་ཡ་ཨེ་ཡོང་།།

ཨ་ཤུ་རེ་རང་ཡུལ་གསར་བུ།།བུ་རྒོད་ལུགས་དེ་འདྲ་མ་ཡིན།།སེམས་བསམ་པ་ཅུང་ཟད་ཡོད་ན།།འདང་རྒྱག་པའི་དུས་ལ་སླེབས་འདུག།

དུས་དེང་སང་ཤར་བའི་དུས་རབས།།སྔོན་གདོད་མའི་སྤྱི་ཚོགས་མ་ཡིན།།ངོ་མཚར་བའི་འཕྲུལ་གྱི་དུས་རབས།།འདི་འགོག་མེད་ལོ་རྒྱུས་རླབས་རྒྱུན།།

གཞོན་ཡར་སྐྱེས་ན་ཆུང་ཕོ་མོ།།ཆུང་བློ་རིག་གསར་བའི་དུས་སུ།།ཕུགས་མདུན་ལམ་ཞེ་ལ་བཀོད་ནས།།དེང་ཤེས་བྱ་རིག་གནས་སྦྱོང་དགོས།།

དྲིན་ཕ་མ་བྱམས་བརྩེ་ཅན་པོ།།ཁྱོད་བསམ་བསམ་རང་གི་བུ་རྒྱུད།།སེམས་གཏིང་ནས་ཤ་ཚ་ཡོད་ན།།བུ་བུ་མོ་སློབ་གྲྭར་གཏོང་དགོས།།

མཐར་ཕྱིན་ནས་ལས་གནས་བཟུང་རྗེས།།རང་གང་ནས་འཚར་ལོངས་བྱུང་སའི།།གནས་ཕ་ཡུལ་འཛུག་སྐྲུན་ཆེད་དུ།།སྟོབས་ནུས་པ་ཡོད་རྒུ་ཕྱུང་དགོས།།

ཚེ་འདི་ཡི་ཕན་ཆད་ཕྱི་མ། །འཆིའི་ནངས་མོར་ཅིས་ཀྱང་མི་ཕན། །བོད་ཕྲེང་བཟུང་ཅན་གྱི་ལུས་རེད། །ཆོས་དགེ་བ་སེམས་ནས་མ་བརྗེད། །

ལས་རྒྱུ་འབྲས་བརྩི་སྲུང་བྱེད་རྒྱུ། །རྒན་ཕ་མར་བྱམས་སྐྱོང་བྱེད་རྒྱུ། །ནང་ཕུ་ནུར་ཁོང་ཡངས་བྱེད་རྒྱུ། །དོན་འདི་ཚོར་ཐུགས་སྣང་གནང་རོགས། །

ཡིད་གངས་དཀར་ངོས་ལ་ཤར་ཚད། །ཁ་ཁོག་པས་མ་གསང་བཤད་ན། །ངག་རི་མོར་འཛད་མཐའ་མེད་ཀྱང་། །གནད་བསྡུས་ཏེ་བརྗོད་ན་འདི་ཙམ། །

ཤ་ཚ་བའི་མི་ཡི་ཁ་ན། །གཏམ་སྙན་མོ་མེད་པའི་དཔེ་ཡིན། །ཚིག་གང་བྱུང་ཤོད་ཐལ་ཆེ་ཡང་། །ཐུགས་དགོངས་པ་ཁྲེལ་བར་མི་འཚལ། །

བུ་མོ་དགོངས་པ་མ་ཚོམས།

ང་ནི་གསེར་ལོ་མེ་ཏོག།ཁྱོད་ནི་གཡུ་ལོ་ལྗོན་པ།།ལྡུམ་ར་གཅིག་ཏུ་འཛོམས་ཀྱང་།།འགྲོགས་པའི་དུས་ཚོད་མི་འོང་།།

འབྲལ་ཁའི་སེམས་ཀྱི་སྤྲིང་ཡིག།ཆུ་བོའི་གཞུང་ལ་བསྐུར་ཡོད།།གཙང་པོར་རྣམ་ཤེས་ལྡན་ན།།མཐའ་མེད་རྒྱ་མཚོར་སྐྱེལ་རོགས།།

སེམས་པ་ཕར་བརྩེ་ཚུར་དུང་།།གསོན་བྲལ་བྱེད་འདོད་མེད་ཀྱང་།།འཆི་བདག་བདུད་པོ་སླེབས་དུས།།མི་འབྲལ་རང་དབང་ཡོད་དམ།།

བརྩེ་བའི་སེམས་ཀྱི་ཡིག་ཆུང་།།རྨི་ལམ་ནང་ནས་འབྱོར་བྱུང་།།འདུ་འབྲལ་སྒྱུ་མའི་འཕྲིན་ལན།།ནམ་མཁའི་ལྷ་མོར་བསྐུར་ཡོད།།

ཁྱོད་ལ་རྒས་རྒྱུ་མེད་ཅིང་།།ང་ལ་འཆི་རྒྱུ་མེད་ན།།སེམས་པ་རྒྱང་དུ་འཕུར་ནས།།ཐར་ལམ་འཚོལ་དོན་མི་འདུག།

མ་ཤི་དམྱལ་བའི་སྡུག་བསྔལ།།མྱོང་འདོད་ཁྱོད་ལ་མེད་ན།།འདྲིས་དང་མ་འདྲིས་མཚམས་ནས།།བརྩེ་བའི་འབྲེལ་ཐག་གཅོད་དགོས།།

དུང་སེམས་དར་གྱི་མདུད་པ།།ཞེ་མཐུན་སོར་རྩེས་མ་བརྒྱུ།།ལས་འཕྲོའི་མདུད་པ་ཐེབས་ན།།འབྲལ་བའི་སྡུག་བསྔལ་ཆེ་འོང་།།

འཕྲད་པའི་སྙིང་གི་བདེ་བ།།མཁའ་ལ་རྒྱུགས་པའི་སྐར་མདའ།།འབྲལ་བའི་སེམས་ཀྱི་སྡུག་བསྔལ།།ནམ་ཟླ་སྟོན་མཚན་རིང་མོ།།

དུང་སེམས་ཕབ་ཀྱིས་བསྙལ་བའི།།འཛུམ་དཀར་རྒུན་ཆང་མངར་མོ།།ཞིམ་ཡང་བཟི་ཁ་བཙན་པས།།ཨ་ཇོས་ཆུན་ས་མ་རེད།།

ན་ཆུང་ཐུགས་ལ་མཛའ་བའི།།རྗེས་ཆགས་སེམས་ཀྱི་མེ་ཏོག།རྨི་ལམ་ནང་ནས་ལུས་སོང་།།བུ་མོ་དགོངས་པ་མ་ཚོམས།།