ཨོ་རྒྱན་པདྨ་འབྱུང་གནས་ཀྱི་པད་ཞྭ་མཐོང་གྲོལ་གྱི་བརྡ་དོན་
ཨོ་རྒྱན་པདྨ་འབྱུང་གནས་ཀྱི་པད་ཞྭ་མཐོང་གྲོལ་གྱི་བརྡ་དོན་
ཡིད་བཞིན་ནོར་བུའི་གཙུག་ཏོར་ཅེས་བྱ་བ་བཞུགས་སོ།།
ན་མོ་མ་ཧཱ་གུ་རུ་པདྨ་ཀ་ར་ཡེ།།
༼༡༽
ཀ་དག་སྤྲོས་བྲལ་བླ་མ་ཆོས་དབྱིངས་ལས།།
ལྷུན་གྲུབ་འོད་གསལ་སྙིང་པོ་ལོངས་སྤྱོད་རྫོགས།།
ཟུང་འཇུག་རིག་པའི་དབང་ཕྱུག་སྤྲུལ་པའི་སྐུ།།
ཀུན་འདུས་པདྨ་ཀ་རས་བདག་སོགས་སྐྱོངས།།
༼༢༽
པདྨ་རྒྱལ་པོའི་པད་ཞྭ་མཐོང་གྲོལ་རྩལ།།
ཞྭ་དབྱིབ་བཟླུམ་འཁྱིལ་ཆོས་སྐུ་ཉག་གཅིག་བརྡའ།།
མཐའ་བསྐོར་འཇའ་འོད་སྣ་ལྔས་རིགས་ལྔ་མཚོན།།
འབྲས་ཆོས་ཉེར་ལྔས་ཕན་དར་སྟེང་དུ་གསལ།།
༼༣༽
ཕྱོགས་མདོག་ནང་མས་སྤྲུལ་སྐུའི་ཕྲིན་ལས་དང་།།
སོག་གུར་ལྟ་བུས་མཚམས་བཅད་སྲུང་མའི་བརྡར།།
ཞྭ་ཀླད་མཐིང་མདོག་ཀུན་ཁྱབ་རིག་པ་ལ།།
ལྕགས་རིའི་འཁོར་ཡུག་གསེར་རྐུད་དམ་ཚིག་འབྲེལ།།
༼༤༽
ལིང་ཚེའི་མདུན་ངོས་རིན་ཆེན་སྣ་ལྔས་མཛེས།།
རིགས་ལྔ་ཡབ་ཡུམ་སྲོག་སྔགས་གཟེར་བས་སྡོམ།།
འགྱུར་མེད་རྡོ་རྗེ་ཏོག་དང་ཕྲིན་ལས་ཀུན།།
བྱ་རྒྱལ་རྒོད་ཀྱི་རྩེ་སྒྲོས་རྣམ་པར་རྒྱན།།
༼༥༽
ཕྱོགས་མཚམས་སྣ་ལྔས་འཇའ་རིས་བཀྲ་བ་ནི།།
ཕྱི་ལྟར་འབྱུང་ལྔ་ནང་དུ་རིགས་ལྔ་དང་།།
གསང་བ་མཁའ་འགྲོ་སྡེ་ལྔའི་དཔེ་དོན་དང་།།
ཡང་གསང་རྩ་གནས་ལུས་ཀྱི་དྲྭ་བར་མཚོན།།
༼༦༽
ཞྭ་རྣ་ཅོད་པན་ཁ་དོག་སྣ་ལྔ་ཉིད།།
ཕྱི་ལྟར་འདོད་ཡོན་ཡེ་ཤེས་རྩལ་དུ་གོ།
ནང་ལྟར་མདོ་སྔགས་ཐེག་པའི་བདེ་བ་མྱོང་།།
གསང་བ་འཁོར་འདས་དབྱེར་མེད་རྟོགས་པའོ།།
༼༧༽
མདུན་གྱི་ཞྭ་རྩེ་རྣམ་གསུམ་ངོམས་པ་ནི།།
ཕྱི་ལྟར་སྒོ་གསུམ་དགརྫོགས་སྨིན་པའི་བརྡའ།།
ནང་དུ་སྡོམ་གསུམ་རྡོ་རྗེ་འཛིན་པའི་རྟགས།།
གསང་བ་ཁམས་འགྲོ་ཀུན་འདྲེན་པར་མཚོན།།
༼༨༽
ཞྭ་རྩེའི་མཐའ་འཁོར་འཇའ་མཚོན་དྲུག་རིས་ཀུན།།
ཀུན་བཟང་ཕྱིན་དྲུག་སྤྱོད་པའི་ལྕགས་རི་མཚོན།།
ནང་དུ་ཚོགས་དྲུག་ངོ་བོ་ཉིད་གྲོལ་བརྡའ།།
གསང་བ་སྒྲོལ་མ་དྲུག་གི་རང་བཞིན་ནོ།།
༼༩༽
རྡོ་རྗེའི་ཏོག་གི་རྩ་བ་འཁོར་ལོས་བརྒྱན།།
ཞྭ་ནང་པདྨ་ཆོས་འབྱུང་དཀྱིལ་འཁོར་བཀྲ།།
འཁོར་འདས་ཟུང་འཇུག་རྟེན་འབྲེལ་དེ་ཁོ་ན།།
ཨེ་ཝཾ་ཉི་ཟླ་ནཱ་དའི་དགེ་མཚན་འབར།།
༼༡༠༽
པད་ཞྭ་ཕྱི་ལྟར་དྲི་མེད་པདྨ་མཚོན།།
ནང་ལྟར་རིགས་བདག་པདྨ་འབྱུང་གནས་མཚོན།།
གསང་བ་སྙིང་རྗེ་ཤེས་རབ་རྒྱས་པར་མཚོན།།
ཡང་གསང་སངས་རྒྱས་པདྨ་སམ་བྷ་ཝ།།
༼༡༡༽
པད་ཞྭ་ཉིད་ལ་མཆོག་གསུམ་སྐྱབས་གནས་ཚང་།།
ནང་དུ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་རྫོགས།།
གསང་བ་སྐུ་གསུམ་ཐུགས་རྗེའི་ཕྲིན་ལས་དང་།།
ཡང་གསང་རྣམ་ཐར་གསུམ་ལྡན་དེ་ཉིད་དོ།།
༼༡༢༽
མཐོང་གྲོལ་པད་ཞྭ་པདྨ་འདབ་ལྡན་གྱི།།
བརྡ་དོན་རིག་པའི་ཡེ་ཤེས་མེ་ལོང་འདི།།
བསམ་འགྲུབ་བླ་མས་བསྐུལ་བའི་ངོར།།
ཤྲཱིཿསྨྱོན་ཨེ་མ་ཧོ་ཡིས་ཐོལ་བྲིས་བགྱིས།།
ཞེས་པ་འདི་ཡང་རབ་གནས་ལྕགས་གླང་སྣྲོན་ཟླའི་ཚེ་བཅུའི་ཉིན་མཁའ་འགྲོ་གུ་རུ་མཚོ་མོ་དང་བླ་མ་བསམ་འགྲུབ་རིན་ཆེན་གྱིས་བརྡ་སྐུལ་ལས་དེ་ཉིད་དུ་ཨེ་ཝཾ་ཛྙཱ་ན་གུ་རུའི་ལྷ་ཁང་ནས་ཨེ་མ་ཧོས་རྣམ་རྟོག་ཆོས་སྐུའི་འདྲ་འབག་ཏུ་ཕུལ་བར་དགེའོ།། །།