January 2024

༡ ཨེ་མ་གདམས་ངག་སྟོན་པའི་བླ་མ་ཁྱེད་མཁྱེན་ནོ།། བདག་གིས་ཡང་ཡང་བསམ་ན་བཀའ་དྲིན་རེ་དྲན་ནོ།། སྲིད་པའི་ཆུ་ཀླུང་དྲག་པོའི་རྦ་རླབས་ལ་གཡེང་ཚེ།། བརྩེ་བའི་ཕྱག་གིས་དྲངས་བའི་བཀའ་དྲིན་རེ་དྲན་ནོ།།

༢ སྐྱ་སེར་བྱ་བ་ཅི་བྱེད་ངེས་མེད་ལ་འཕྱན་ཚེ།། ངུར་སྨྲིག་ཆས་ལ་སྦྱོར་བའི་བཀའ་དྲིན་རེ་དྲན་ནོ།། འདོད་ཆགས་དུག་ཆུའི་ནད་ཀྱིས་གཟིར་བ་ཡི་དུས་ན།། མ་ཆགས་བདུད་རྩིས་འཚོ་བའི་བཀའ་དྲིན་རེ་དྲན་ནོ།།

༣ ཞེ་སྡང་མེ་ཡིས་འདི་ཕྱིའི་བདེ་དགེ་ལ་ཉེན་དུས།། བྱམས་ཆེན་ཆུ་སྣ་འདྲེན་པའི་བཀའ་དྲིན་རེ་དྲན་ནོ།། གཏི་མུག་མུན་ཁྲོད་འཐུག་པོར་མགོ་བོ་རེ་འཁོར་ཚེ།། ཤེས་རབ་ཉིན་བྱེད་འདྲེན་པའི་བཀའ་དྲིན་རེ་དྲན་ནོ།།

༤ སྡིག་ལྟུང་སྨེ་རྩོག་འདམ་དུ་བྱིང་བ་ཡི་སྐབས་ན།། སྡོམ་ཁྲིམས་ཆུ་ཡི་ཁྲུས་ཀྱི་བཀའ་དྲིན་རེ་དྲན་ནོ།། ཉོན་མོངས་དུག་ལྔའི་མཚོན་ཆ་ཆར་ལྟར་དུ་བབས་ཚེ།།

ཡེ་ཤེས་གོ་ཆ་བསྐོན་པའི་བཀའ་དྲིན་རེ་དྲན་ནོ།།

༥ རང་དོན་ཡིད་བྱེད་དམ་པོའི་བཙོན་ཁང་དུ་ཆུད་ཚེ།། གཞན་ཕན་འཕྲུལ་གྱིས་གཏོར་བའི་བཀའ་དྲིན་རེ་དྲན་ནོ།། སྲིད་ཞིའི་མྱ་ངན་ཐང་ལ་གྲོགས་མེད་དུ་འཁྱམས་ཚེ།།ཐབས་ཤེས་ལམ་སྣ་འདྲེན་པའི་བཀའ་དྲིན་རེ་དྲན་ནོ།།

༦ རང་བློ་ངན་གོམས་ཆུ་སྣ་ཐུར་བབ་དུ་འགྲོ་ཚེ།། ཐབས་མཁས་ཟོ་ཆུན་འཁྱུད་མོའི་བཀའ་དྲིན་རེ་དྲན་ནོ།། རང་རྒྱུད་ཡོན་ཏན་བྲལ་བའི་གཅེར་བུ་རུ་འདུག་དུས།།

བསླབ་གསུམ་གོས་རྒྱན་བགོ་བའི་བཀའ་དྲིན་རེ་དྲན་ནོ།།

༧ ཐར་བའི་ཁང་བཟང་ཉམས་དགར་འཇུག་འདོད་ཀྱི་ཚེ་ན།། ཐེག་གསུམ་སྒོ་ལྕགས་བཀྲོལ་བའི་བཀའ་དྲིན་རེ་དྲན་ནོ།། སྐྱོན་ཀུན་དོར་ལ་ཡོན་ཏན་བླང་ཚུལ་གྱི་སློབ་དཔོན།། འདི་ཕྱི་ཀུན་ལ་ཕན་པའི་བཀའ་དྲིན་རེ་དྲན་ནོ།།

༨ ཡིད་འོང་གཟུགས་ཀྱི་སྣང་བ་མཐོང་རེས་ཀྱི་ཚེ་ན།། རྗེ་བཙུན་བླ་མའི་སྐུ་ཡི་སྣང་བ་རེ་དྲན་ནོ།། རྣ་བར་འབབ་པའི་སྙན་པའི་སྒྲ་དབྱངས་རེ་ཐོས་ཚེ།། བླ་མའི་ལེགས་བཤད་གསུང་གི་དགའ་སྟོན་རེ་དྲན་ནོ།།

༩ འོད་གསལ་ཕྱག་རྒྱ་ཆེན་པོ་འཆར་རེས་ཀྱི་ཚེ་ན།། འཁྲུལ་མེད་རྡོ་རྗེའི་ཐུགས་དང་འདྲེས་ཉམས་རེ་དྲན་ནོ།། ཐུབ་བསྟན་ལུང་རྟོགས་རིན་ཆེན་ལྷུན་པོ་ལ་འཛེགས་ནས།། བཤད་སྒྲུབ་རྒྱལ་མཚན་བསྒྲེངས་བའི་བཀའ་དྲིན་རེ་དྲན་ནོ།།

༡༠ རང་གིས་འབད་ན་སངས་རྒྱས་ཐོབ་ངེས་སུ་བསྟན་ན།། སངས་རྒྱས་མཇལ་ཡང་འཕྲིན་ལས་མཚུངས་ཚུལ་དེ་དྲན་ནོ།། དེ་ལྟར་དྲན་པས་བླ་མ་ལྷར་བཅས་ཀྱི་བྱིན་རླབས།། ཆུ་བརྒྱ་མཚོ་ལ་འབབ་བཞིན་ཉིལ་ཉིལ་དུ་སྩོལ་ཅིག།།

༡༡ ཡང་དག་དད་པའི་སྦར་མོས་ལེགས་ཚོགས་ཀུན་རྙེད་མོད།། དད་མེད་ལག་རྡུམ་ཅན་ལ་ལེགས་རྙེད་ཅིག་མི་སྣང།། ཐེག་གསུམ་ཡོན་ཏན་ཇི་སྙེད་དད་པ་ཡི་རྗེས་འབྲང།། དེས་ན་ཆོས་ཀུན་རྩ་བ་དད་པ་ལ་རེམ་ཤིག།།

༡༢ དད་དང་དྲན་པའི་བླ་མ་གདམས་ངག་དང་བཅས་པ།། ཚུལ་བཞིན་ཡིད་བྱེད་དམ་ཆོས་སྒྲུབ་ཚུལ་ལ་བཟང་ངོ་།།