༄༅། །ལྷ་མོ་སྒྲོལ་མའི་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ།
༄༅། །ལྷ་མོ་སྒྲོལ་མའི་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ།
རྒྱ་གར་སྐད་དུ། ཏཱ་རེ་དེ་བི་སྟོ་ཏྲཾ་ཨེ་ཀ་བི་ཤཾ་ཏི་ཀ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། ལྷ་མོ་སྒྲོལ་མའི་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ། རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །
༡༽ འཕགས་པ་སྒྲོལ་མ་མྱུར་ཞིང་རབ་ཏུ་དཔའ་བ།
ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ།།སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི།།གེ་སར་བྱེ་བ་ལས་ནི་བྱུང་མ།།དེ་ལ་དང་པོར་རེ་ཞིག་བཅོམ་ལྡན་འདས་མ་སྒྲོལ་མ་ནམ་མཁའི་དཀྱིལ་ན་པདྨ་དམར་པོའི་སྟེང་ན་བཞུགས་པ་སྐུ་མདོག་དམར་མོ་མེ་ལྟ་བུའི་འོད་འཕྲོ་བ་ཅན།ཞལ་གཅིག་ལ་སྤྱན་གཉིས་མ་ཕྱག་བརྒྱད་པའོ།།ཕྱག་དང་པོ་གཉིས་སྒྲོག་པར་བཞེངས་པའི་རབ་ཏུ་དགའ་བའི་ཕྱག་རྒྱ་དང་ལྡན་པའོ།།དེའི་འོག་མ་གཉིས་ཀྱིས་མདའ་དང་གཞུ་གཞན་ལ་འཕེན་པ་ཐུགས་ཀར་བཀང་བ།གཡས་ཀྱི་གསུམ་པ་ན་འཁོར་ལོ། །བཞི་པ་ན་རལ་གྲི། གཡོན་གྱི་གསུམ་པ་ན་དུང༌།བཞི་པ་ན་ཞགས་པ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །འཕགས་མ་སྒྲོལ་མ་མྱུར་ཞིང་རབ་ཏུ་དཔའ་བ་ཞེས་བྱ་བའི་སྒྲུབ་ཐབས་ལེའུ་དང་པོ་རྫོགས་སོ།། །།
༢༽འཕགས་མ་སྒྲོལ་མ་སྟོན་ཀའི་ཟླ་བ་ལྟར་དཀར་བ།
ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ།།གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས།།རབ་ཏུ་ཕྱེ་བའི་འོད་རབ་འབར་མ།།དེ་ལ་དང་པོར་རེ་ཞིག་སྟོན་ཀའི་ཟླ་བ་ལྟར་དཀར་བའི་སྒྲོལ་མ་དཀར་མོ་ཞལ་གསུམ་ཕྱག་བཅུ་གཉིས་མ།ཞལ་གསུམ་ནི་རྩ་ཞལ་དཀར་བ། གཡས་སྔོ་ཞིང་གཡོན་སེར་བའོ། །ཕྱག་དང་པོ་གཉིས་མཉམ་པར་གཞག་པ།གཡས་གཉིས་པ་ཁ་ཊྭཱཾ་ག །གསུམ་པ་ན་འཁོར་ལོ། བཞི་པ་ན་རིན་པོ་ཆེ། ལྔ་པ་ན་རྡོ་རྗེ།དྲུག་པ་ན་མེ་ཏོག་གི་ཕྲེང་བའོ། །གཡོན་གྱི་གཉིས་པ་ན་རིལ་བ་སྤྱི་བླུགས།གསུམ་པ་ན་ཨུཏྤལ། བཞི་པ་ན་དྲིལ་བུ། ལྔ་པ་ན་བུམ་པ། དྲུག་པ་ན་པོ་ཏི་བསྣམས་པའོ།།འཕགས་མ་སྒྲོལ་མ་སྟོན་ཀའི་ཟླ་བ་ལྟར་དཀར་བ་ཞེས་བྱ་བའི་སྒྲུབ་ཐབས་ལེའུ་གཉིས་པ་རྫོགས་སོ།།
༣༽འཕགས་མ་སྒྲོལ་མ་གསེར་མདོག་ཅན།
ཕྱག་འཚལ་གསེར་སྔོ་ཆུ་ནས་སྐྱེས་ཀྱི།།པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ།།བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །རྗེ་བཙུན་མ་སྒྲོལ་མ་གསེར་གྱི་མདོག་ཅན་ཞལ་གཅིག་ཕྱག་བཅུ་མ།སྣ་ཚོགས་པདྨའི་སྟེང་གི་ཉི་མ་ལ་གནས་མ། ཕྱག་གཡས་ཀྱི་དང་པོ་ན་ཕྲེང་བ་ཐུགས་ཀར་འཛིན་པ།གཉིས་པ་ན་རལ་གྲི། གསུམ་པ་ན་མདའ་འཕེན་པར་མཛད་པ། བཞི་པ་ན་རྡོ་རྗེ། ལྔ་པ་ན་དབྱུ་གུའོ།།གཡོན་གྱི་དང་པོ་ན་དར་དཔྱངས། གཉིས་པ་ན་ཞགས་པ་གསུམ་པ་ན་པདྨ། བཞི་པ་ན་དྲིལ་བུ།ལྔ་པ་ན་གཞུ་བསྣམས་པའོ། །དེ་ཡང་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ།།འཕགས་མ་སྒྲོལ་མ་གསེར་མདོག་ཅན་གྱི་སྒྲུབ་ཐབས་ཞེས་བྱ་བའི་ལེའུ་གསུམ་པ་རྫོགས་སོ།། །།