ཨེ་ཝྃ་སྒོམ་ཐག་འཇའ་ལུས་རྟེན་འབྲེལ།
ཨེ་ཝྃ་སྒོམ་ཐག་འཇའ་ལུས་རྟེན་འབྲེལ། ཨེ་མ་ཧོ༔ ཨེ་ཝྃ་སྒོམ་ཐག་འཛམ་གླིང་ཀུན་ཏུ་ཁྱབ།། ཁྱབ་བདག་རྡོ་རྗེ་ཆོས་ཀྱི་སྨིན་གྲོལ་ཀུན།། ཀུན་བཟང་རྒྱལ་བའི་བསྟན་ལ་རྟག་ཏུ་སྨན།། སྨན་མཆོག་རྟེན་འབྲེལ་དུས་སུ་ཕྱི་་གྱུར་ཅིག། ཤྲཱིཿ གླིང་པས་སོ།། 1/1/2026
བདེ་འཚམས་ངང་དབྱིན་ཡུལ་ལ་ཐོན་ཐལ།
བདེ་འཚམས་ངང་དབྱིན་ཡུལ་ལ་ཐོན་ཐལ། ཨེ་མ་ཧོ༔ དགའ་ཡུལ་ཕ་ཁྱིམ་གཉིས་པའི་གླིང་ཀ་རུ།། དགྱེས་དགུ་དཔལ་ལ་སྤྱོད་མཁས་ཤྲཱིཿ སྨྱོན་པ།། འགྱུར་མེད་རྡོ་རྗེའི་ཟློས་གར་ཅི་ཡང་བསྒྱུར།། ཨ་ལ་ལ་ཧོ་ཆོས་མཆེད་བཀའ་དྲིན་ཆེ།། སངས་རྒྱས་ལྷ་མོས་ཞབས་བརྟན་དབྱངས་སུ་འགུགས།། རྡོ་རྗེ་ལྷ་མོས་ཚེ་སྲོག་མདའ་དར་སྒྲོན།། རིན་ཆེན་ལྷ་མོས་གཡང་གི་ནོར་བུ་སྟེར།། པདྨ་ལྷ་མོས་སྒྲུབ་པ་ཚད་དུ་ཕྱིན།། ཀརྨ་ལྷ་མོས་ཕྲིན་ལས་ཕྱོགས་ཀུན་བརྡལ།། ཛྙཱ་ན་ལྷ་མོས་དབུ་མའི་གོ་བར་བཤད།། བདེ་ཆེན་ལྷ་མོས་ཕྱག་རྒྱའི་དངོས་གྲུབ་གནང་།། གུ་རུ་ལྷ་མོས་རྫོགས་ཆེན་བསྟན་པ་སྤེལ།། ་་་་
ལོ་སར་བཟང་རིན་པོ་ཆེ།
ལོ་སར་བཟང་རིན་པོ་ཆེ། ཨེ་མ་ཧོ༔ ཨ་ལ་ལ་ཧོ་ལོ་སར་བཟང་།། ཧ་ཅང་དགའ་སའི་གནམ་ལོ་འདིར།། ས་སྟེང་བཀྲ་ཤིས་བདེ་ལེགས་ཞིང་།། ཤ་ཞེན་ཆོས་ལ་དཀར་གྱུར་ཅིག། ལ་རྒྱའི་དུང་བ་བོད་ལ་འབྱོར།། ར་རའི་སྡིག་རྩུབ་ནང་ནས་ཞི།། ཡ་རབས་འགྲོ་བས་ཀུན་ནས་གང་།། འ་ཅག་རྟག་ཏུ་བདེ་གྱུར་ཅིག། ཟ་མ་ལོངས་སྤྱོད་ཅི་དགའ་རོལ།། ཞྭ་གོས་རྒྱན་ཆས་ཅི་མཁོ་མོད།། ཝ་ལེར་དགའ་བདེའི་དཔལ་ལ་སྤྱོད།། ཛ་ཡའི་བསྟན་པ་སྤེལ་གྱུར་ཅིག། ཚ་གྲང་དཀའ་བ་ཕྱི་ནས་སངས།། ཙ་ར་གཅོད་པའི་བློ་གྲོས་རྒྱས།། མ་ལུས་རང་ལ་དབང་ཐོབ་ནས།། བ་ལང་སྤྱོད་ལས་ལྷག་པར་ཤོག། ཕ་མེས་རྒྱུད་པས་གཙང་སར་ཁྱབ།། པ་ར་མི་ཏའི་ལམ་རིམ་བརྩོན།། ན་ཚོད་ཁྱད་མེད་སྤྲོ་དགའ་ཁེངས།། ད་འདས་མ་འོང་ཀུན་བདེར་ཤོག། ཐ་དག་ཤེས་བྱའི་གཏེར་ལ་དབང་།། ཏ་ཐཱ་ག་ཏའི་དགོངས་པ་འཛིན།། ཉ་གང་ཟླ་བཞིན་བྱམས་བརྩེས་སྐྱོང་།། ཇ་ཆང་འདོད་ཡོན་ལེགས་སྤེལ་ཤོག། ཆ་ལུགས་ཀུན་བཟང་མཛད་པར་དགའ།། ཅ་དག་གསང་གསུམ་དགེ་བས་བརྟས།། ང་རྒྱལ་རྒྱལ་འགོང་ཡོངས་སུ་གྲོལ།། ག་བུར་མདངས་ལས་རབ་དཀར་ཤོག། ཁ་བའི་ལྗོངས་སུ་ཉི་མ་ཤར།། ཀ་དག་ཟླ་བའི་འོད་སྣང་འཕྲོས།། ཨོ་རྒྱན་པདྨའི་རིང་ལུགས་འཕེལ།། ཨེ་མ་འཁོར་འདས་ཕུན་ཚོགས་ཤོག། ཨུ་ཚུགས་བློ་ཡིས་མ་བྱས་པར།། ཨི་ལྡན་དབྱངས་གསལ་སྙན་ངག་གིས།། ལོ་སར་བཀྲ་ཤིས་བདེ་ལེགས་བསུ།། ཀུན་བཟང་འགྲོ་དོན་མཐར་ཕྱིན་ཤོག། — ཨེ་མ་ཧོས།།…
༄༅།།དབང་ལུང་མན་ངག་རྒྱ་མཚོའི་མཛོད་འཆང་རྡོ་རྗེ་སློབ་དཔོན་ཆེན་པོ་༸ངག་དབང་ཆོས་ཀྱི་བསམ་གཏན་མཆོག་གི་ཞབས་བརྟན་གསོལ་འདེབས་དོན་ལྡན་ངག་གི་རོལ་མོ་ཞེས་བྱ་བ།
༄༅།།དབང་ལུང་མན་ངག་རྒྱ་མཚོའི་མཛོད་འཆང་རྡོ་རྗེ་སློབ་དཔོན་ཆེན་པོ་༸ངག་དབང་ཆོས་ཀྱི་བསམ་གཏན་མཆོག་གི་ཞབས་བརྟན་གསོལ་འདེབས་དོན་ལྡན་ངག་གི་རོལ་མོ་ཞེས་བྱ་བ། ་གང་བསམ་ ༡༽བསྐལ་བཟང་གདུལ་བྱ་རྒྱ་མཚོའི་མགོན་གྱུར་པ།།ཐུགས་རྗེ་སྤྱན་ལྡན་ཡེ་ཤེས་སྒྱུ་འཕྲུལ་གར།།རབ་འབྱམས་དཀྱིལ་འཁོར་ལྷ་དང་བསྟན་སྲུང་དང་།།རྩ་བརྒྱུད་བླ་མའི་ཚོགས་ཀྱིས་དགེ་ལེགས་སྩོལ།།༢༽དཔག་མེད་ཚོགས་གཉིས་རྒྱ་མཚོ་བསགས་པའི་མཐུས།།ཆུང་ནས་མཚན་ལྡན་བཤེས་གཉེན་ལེགས་པར་བསྟེན།།ཚུལ་བཞིན་ལམ་གྱི་རིམ་པས་ཐུགས་རྒྱུད་སྦྱངས།།ངག་དབང་ཆོས་ཀྱི་བསམ་གཏན་ཞབས་བརྟན་གསོལ།།༣༽རྫོགས་རིམ་སྦྱོར་དྲུག་ཉམས་ལེན་ལོ་དགུར་བཞུགས།།འཇིགས་བྱེད་ལ་སོགས་བསྐྱེད་རིམ་སྣ་ཚོགས་ལ།།བསྒོམ་སྒྲུབ་མཛད་དེ་བགྲང་བྱ་བཅུ་ཕྲག་བརྒལ།།སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་ཞབས་བརྟན་གསོལ།།༤༽གསང་སྔགས་གསར་མའི་རྒྱུད་སྡེ་རབ་འབྱམས་ཀྱི།།དབང་ལུང་གདམས་པའི་ཁྲིད་རྒྱུན་མ་ལུས་པ།།ལེགས་པར་གསན་ཅིང་བསྙེན་སྒྲུབ་ཚད་ལྡན་མཛད།།རྡོ་རྗེ་སློབ་དཔོན་ཆེན་པོ་ཞབས་བརྟན་གསོལ།།༥༽རིས་མེད་བསྟན་འཛིན་དུ་མའི་ཐུགས་བཞེད་ལྟར།།དོལ་པོ་པ་དང་སྒྲོལ་བའི་མགོན་སོགས་ཀྱི།།ཆད་ལ་ཁད་པའི་དབང་སྲོག་ལུང་རྒྱུན་མཐུད།།ངག་དབང་ཆོས་ཀྱི་བསམ་གཏན་ཞབས་བརྟན་གསོལ།།༦༽ཆོས་རྒྱལ་བདུན་དང་རིགས་ལྡན་ཉེར་ལྔ་ཡིས།།ཞལ་གཟིགས་ལུང་བསྟན་སྦྱོར་དྲུག་བསྟན་པའི་བདག།ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ངོ་བོ་རུ།།མགོན་ཁྱེད་བསྐལ་བརྒྱའི་བར་དུ་ཞབས་བརྟན་གསོལ།།༧༽རྒྱལ་བས་ལུང་བསྟན་ཀུན་མཁྱེན་དོལ་པོ་པའི།།གཞན་སྟོང་རི་ཆོས་ངེས་དོན་རྒྱ་མཚོ་ཡི། རང་ལུགས་སེང་གེའི་ང་རོ་སྒྲོགས་པའི་སླད།།མགོན་ཁྱེད་བསྐལ་པ་རྒྱ་མཚོར་ཞབས་བརྟན་གསོལ།།༨༽ཀུན་མཁྱེན་སྤྱན་སྔར་དུས་འཁོར་འགྲེལ་ཆེན་ལ།།ལན་གྲངས་ཉི་ཤུ་རྩ་ལྔར་གསན་བཞེས་མཛད།།དུས་ཞབས་གཉིས་པ་ཕྱོགས་རྒྱལ་ངོ་བོ་རུ།།མགོན་ཁྱེད་བསྐལ་པ་རྒྱ་མཚོར་ཞབས་བརྟན་གསོལ།།༩༽ངོ་མཚར་མན་ངག་ཟབ་ཁྲིད་བརྒྱ་རྩ་བརྒྱད།།ཞིང་འདིར་གསལ་མཛད་ཀུན་དགའ་གྲོལ་མཆོག་གི།མཛད་བཟང་རྩིབ་སྟོང་འཁོར་ལོ་བསྐོར་བའི་སླད།།མགོན་ཁྱེད་བསྐལ་པ་རྒྱ་མཚོར་ཞབས་བརྟན་གསོལ།།༡༠༽འཕགས་ཡུལ་གྲུབ་ཆེན་སངས་རྒྱས་སྦས་པའི་མདུན།།སྔར་མེད་སྔགས་ཀྱི་བློ་སྐྱེད་ལྔ་བརྒྱ་ཐོབ།།རྗེ་བཙུན་ཏཱ་ར་ནཱ་ཐའི་རྒྱལ་ཚབ་ཏུ།།མགོན་ཁྱེད་བསྐལ་བ་རྒྱ་མཚོར་ཞབས་བརྟན་གསོལ།།༡༡༽དང་པོའི་སངས་རྒྱས་ཡེ་ཤེས་སྒྱུ་མའི་སྐུ།།སྐུ་ཚེ་གཅིག་གིས་མངོན་དུ་བྱེད་མཛད་པའི།།ངག་དབང་རྡོ་རྗེ་བཟང་པོའི་རྒྱལ་ཚབ་ཏུ། །མགོན་ཁྱེད་བསྐལ་པ་རྒྱ་མཚོར་ཞབས་བརྟན་གསོལ།།༡༢༽དུས་ཀྱི་འཁོར་ལོའི་རྣལ་འབྱོར་གྲུབ་པའི་དབང་།།བྱིན་རླབས་མན་ངག་བརྒྱུད་པའི་མཛོད་འཆང་བ།།རྗེ་བཙུན་སྐལ་ལྡན་རྒྱ་མཚོའི་གདུང་འཚོབ་ཏུ།།མགོན་ཁྱེད་བསྐལ་པ་རྒྱ་མཚོར་ཞབས་བརྟན་གསོལ།།༡༣༽ཇོ་ནང་བསྟན་པའི་བསྟི་གནས་ཛམ་ཐང་དུ།།སྔོན་བྱོན་མཁས་གྲུབ་འབུམ་གྱི་ཐུགས་སྨོན་བཞིན།།དབང་ལུང་མན་ངག་རྒྱ་མཚོའི་གཏེར་མཛོད་དུ།།མགོན་ཁྱེད་བསྐལ་པ་རྒྱ་མཚོར་ཞབས་བརྟན་གསོལ།།༡༤༽བདེ་མཆོག་རབ་འབྱམས་ལཱུ་དྲིལ་ནག་གསུམ་དང་།།གཤིན་རྗེ་རབ་འབྱམས་དམར་ནག་འཇིཊ་གསུམ་གྱི།།སྨིན་བྱེད་དབང་མཆོག་རྫོགས་པར་བསྩལ་བ་ཡི།།བཀའ་དྲིན་གཞལ་མཐའ་བྲལ་ཁྱེད་ཞབས་བརྟན་གསོལ།།༡༥༽དུས་ཀྱི་མཐའ་འདིར་བསྟན་སྲོག་གསོ་བའི་སླད།།རིས་མེད་གདུལ་བྱའི་ཞིང་ས་དང་མཐུན་པར།།དབང་ལུང་མན་ངག་གདམས་པའི་གྲུ་ཆར་རྒྱུན།།ཅི་དགར་སྩོལ་བའི་བཀའ་དྲིན་བསྐྱང་དུ་གསོལ།། ཞེས་པ་འདི་ནི་གསར་རྙིང་རིས་མེད་དགོན་སྡེ་དུ་མ་ནས་ཕེབས་པའི་བླ་སྤྲུལ་དང་། རྡོ་རྗེ་སློབ་དཔོན་བཅུ་ཕྲག་དུ་མའི་གྲངས་ལས་བརྒལ་བའི་དགེ་འདུན་འདུས་པ་བརྒྱ་ཕྲག་གསུམ་ལ་ཉེ་བར་ཟླ་བ་གཅིག་ལྷག་གི་རིང་ ༸ རྗེ་བཙུན་ཏཱ་ར་ནཱ་ཐས་ཆོག་སྒྲིག་མཛད་པའི་བདེ་མཆོག་རབ་འབྱམས་ཀྱི་དབང་ཆེན་བཅོ་བརྒྱད་དང་། ལཱུ་དྲིལ་ནག་གསུམ། དམར་ནག་འཇིགས་གསུམ། གསང་འདུས་ཡེ་ཤེས་ཞབས་ལུགས། གཤིན་རྗེ་རབ་འབྱམས་ཀྱི་དབང་ཆེན་བདུན་བཅས་བླ་མ་དམ་པ་གང་གི་མདུན་ནས་ལེགས་པར་ཞུ་བའི་སྐལ་བཟང་བྱུང་སྐབས། གུས་པ་སྨན་ཆར་གྱིས་བོད་རབ་རྒྱན་ཤིང་སྦྲུལ་སྨིན་ཟླའི་དཀར་ཕྱོགས་རྒྱལ་བ་གསུམ་པའི་ཉིན་ཆོས་སྒར་ངེས་དོན་སྒྲུབ་བརྒྱུད་གླིང་ནས་བྲིས་པ་དགེ་ལེགས་འཕེལ། སྤྱི་ལོ་༢༠༢༥་༡༢་༣ལའོ།།
མེ་ལ་བསྟོད་པ་དང་ཤེས་རབ་འཕེལ་བའི་སྔགས།
མེ་ལ་བསྟོད་པ་དང་ཤེས་རབ་འཕེལ་བའི་སྔགས། མེ། མེ་ལ་མེ་རུ་འཛིན་ན་ལུས་ངག་ཚིག། མེ་ལ་ཤེས་རབ་ཡོད་ན་སྡུག་རྩུབ་བྲལ།། མེ་ལས་ཐུ་བའི་ཚིག་ངན་སྨྲ་མཁས་ལ།། མེ་ཏོག་ཆུ་ལ་འཕྲད་བཞིན་དུང་བས་བསུ།། ཞྭ་མོ་ཁྲི་ལ་རྩ་ཆེན་བྱས་མིན་ཡང་།། གྲྭ་གྲོགས་ཆོས་ལ་ཡི་རང་བྱེད་སྙམ་ལས།། འཇིགས་ངོམ་འུར་སྒྲོག་རི་བོང་རྭ་ཡི་ཟླ།། མེ་དང་དུ་བས་འབྲེལ་ལ་བལྟས་པའི་ཚེ།། མེ་ཏོག་མེ་ལ་བསྲེག་འདྲས་དམ་ཚིག་གོ། མེ་ལ་ཚ་བ་ཕྱི་ནང་གསང་བའི་མེ།། མེ་ཁྱོད་མ་དགའ་སྡུག་གི་ཁུར་བོའི་མེ།། མེ་ཉིད་དགའ་ས་ཤེས་རབ་ཡེ་ཤེས་མེ།། མེ་འབར་ཀློང་དུ་གོས་དཀར་ལྷ་མོ་བཞིན།། ཨེ་མ་ཧོས་མེ་ལ་གཏམ་དུ་ཕུལ་བར་དགེའོ།། །། མེ་ལགས། མཆོག་གི་གོར་ངོས་ལ་དད་མོས་ཀྱིས་ལྷར་བསྒོམས་ཀྱང་ཆོག་ལ། མེས་ཞེ་སྡང་གིས་འདྲེར་མཐོང་ཡང་རུང་། ཕྲག་དོག་གིས་དུག་ཆུ་ཐོར་བ་སོགས་གང་བྱས་ཀྱང་ཆོག་སྟེ། ང་ཚོ་ཆོས་པའི་རང་གཤིས་ནི་ཉི་ཟླ་བཞིན་དུ་གསལ་ལྷང་ལྷང་བཞུགས་པ་ནི་ཆོས་པའི་དམ་ཚིག་ལགས། འདི་ངེད་ཅག་གི་གཟི་བརྗིད་དང་སྤོབས་པ་ཅི་ལ་མིན། མདོར་ན་ཁྱེད་ཀྱི་མ་བཟོད་པའི་ཟུག་ངུའི་ཚིག་དག་ལ་གོ་རྒྱུ་ཆེན་པོ་དང་མཁས་པའི་ཚིག་རྐྱང་རྐྱང་རེད་བཞགས། ཕན་ཐོག་སོང་། བཀའ་དྲིན་ཆེ། ཁྱེད་ནམ་རྒྱུན་དུ་འདིར་བྱོན་པ་ནི་ང་ཚོ་བྱ་བྲལ་སློབ་ཚོགས་ཀྱི་རྒྱན་རེད། མེ་དང་མེ་ཆེན་པོ་ལགས། ད་ལྟ་སྐྱེ་འགྲོ་རྣམས་ཀྱི་ལས་དང་བསོད་ནམས་གྱི་སྐལ་བ་བཟང་པོ་ཡང་ཅི་ལ་མིན། ཨ་ལ་ལ་ཧོ། ཨེ་མ་ཧོ༔
མི་ལོ་ཉེར་གསུམ་གྱི་རིང་ལ་བླ་སློབ་ཀྱི་དམ་ཚིག་རལ་མ་མྱོང་བའི་ཨེ་ཝྃ་རྣལ་འབྱོར་གླིང་གི་ཁྱིམ་གཞི་དང་ཆོས་པ་རྣམ་དག་རྣམས་དང་ཉིན་གསུམ་གྱི་རིང་ལ་གུ་རུ་ཡིད་བཞིན་ནོར་བུ་ལ་རྩེ་གཅིག་ཏུ་གསོལ་བ་བཏབས་ནས་སྨོན་ལམ་རྣམ་དག་བྱས། རྗེས་དྲན་གྱི་པར་བཅས་བླངས། ཨེ་མ་ཧོ།། སྐྱེ་ནས་སྐྱེ་བ་ཀུན་ཏུ་མཛའ་མཐུན་ངང་།། བསྟན་དང་འགྲོ་བར་ཕན་བདེའི་དོན་སྒྲུབ་ནས།། ནམ་མཁའ་མ་ཞིག་འཁོར་བ་མ་སྟོང་བར།། ཕན་དང་བདེ་བའི་ཕྲིན་ལས་ཀུན་ཁྱབ་ཤོག། ཤྲཱིཿ གླིང་པས་མཱ་ལེ་ཤ་ཡ་ནས།།
Alt Sidebar
Search





