སྲོག་ཆག་གྲོ་མ་མིག་མེད་ལ་སྦྱིན་པ་གཏང་ན་དགེ་རྩ་འདི་ལྟར་གཟིགས་དང་།༈ ཟས་སྦྱིན་འདིའི་ཁུངས། མདོ་རྔ་བོ་ཆེ། འོད་ཟེར་ཅན། ཕལ་བོ་ཆེ་རྣམས་སུ་གསུངས། སྦྱིན་བྱའི་ཁ་ཟས་ལའང་ཉ་དང་བྱ་རིགས་དག་གི་ཟན་ལ་གཙང་རྩོག་ཆེར་མེད་ཅིང་སྦྱིན་དུས་ནམ་གྲུབ་ལས་མི་འདུག གྲོག་མའི་ཁ་ཟས་ནི་དབྱར་ཟླ་གསུམ་བཅོ་ལྔ་ལྟ་བུ་ལ་ཕྱེ་ཕུད་གཙང་ཞིང་ཁ་རླངས་མ་ཤོར་བ། དཀར་གསུམ་མངར་གསུམ་སྣུམ་རིགས་རྣམས་དང་ཆང་སིད་སྦང་མ་སོགས་སྐྱུར་རིགས་དང་ཡང་མ་འདྲེས་པ། སྣོད་ཡང་གཙང་མ་རུ་བླུག བྱིན་རྟེན་སྦྱར་བའམ་གཟུངས་ཆུས་ཕྱེ་སྐྱ་བུལ་ཙམ་བྱས་ཏེ་གྲོག་ཚང་གི་སྟེང་དང་ནང་མིན་པར་ཕྱིའི་ཉེ་སར་གཏོང་དགོས།འདིར་སྲོག་ཆགས་གང་དག་ལ་སྦྱིན་པའི་ཚུལ། ༡ སྤྱིར་སྦྱིན་ཡུལ་འདི་རྣམས་ཀྱི་མཚོན་མཁའ་ཁྱབ་སེམས་ཅད་ཐམས་ཅན་ཀུན་ལ་རང་རང་སྡུག་བསྔལ་གང་གིས་མནར་བ་ལས་ཐར་ཅིང་གནས་སྐབས་མཐར་ཐུག་གིས་ཕན་བདེ་ཅི་འོས་གང་འཚམ་ཐོབ་ཐབས་སུ་གསུང་མཆོག་ཡི་རྒྱལ་པོ་ཡི་གེ་དྲུག་མའི་ཆོས་ཀྱི་སྦྱིན་པ་དང་། ༢ དམ་རྫས་མྱོང་གྲོལ་སོགས་ཀྱིས་བྱིན་ཕབས་པའི་ཁ་ཟས་གཙང་མ་ཇི་ལྟར་འོས་པའི་ཟང་ཟིང་གི་སྦྱིན་པ་དང་། ༣ སྦྱིན་ཡུལ་འགྲོ་བ་རྣམས་བདེ་སྐྱིད་ཕུན་ཚོགས་ཀྱིས་འཚོ་བའི་ཆེད་ཟས་གང་སྦྱིན་ལ་བརྟེན་དེར་ལྟོས་མི་འཇིགས་པ་སྲོག་གི་སྦྱིན་པ་དང་། ༤ འདིར་འབྲེལ་དེ་དག་ཀུན་ཀྱང་ཡིད་འོང་བདེ་དགའ་མཆོག་ལ་འགོད་འདོད་ཀྱིས་སྨོན་ཚིག་ལེགས་པར་བརྗོད་ཅིང་བྱམས་པའི་སྦྱིན་པ་དང་བཞི་པོ་ཚང་བའི་སྒོ་ནས་དེང་སྐབས་སྲོག་ཆགས་མང་ཙམ་ལ་ཁ་ཟས་ལེགས་སྦྱིན་གྱི་བསོད་ནམས་བསགས་པའི་སྒོ་འདིའི་ཕ࿆ན་ཡོ࿆ན་ཡང་ ༡ གནས་སྐབས་སྦྱིན་བདག་ལ་སྔོན་ལས་ངན་པ་ལན་ཆགས་བུ་ལོན་ལྕི་བ་ན་ཚའི་རིགས་ད་ལྟའི་ལུས་ཐོག་ཏུ་སོས་ཐབས་དཀའ་བ་རྣམས་ཀྱང་དེ་འཕྲལ་ཞི་བ་དང་།༢ ཚེ་འདིར་ཁ་རྗེ་ཉམས་པ་དབང་ཐང་རྒུད་པ་མི་འདོད་པ་ཐོགས་བབས་སོགས་ཀྱང་འཕྲལ་བཟློག་ལ་ནུས་ཤུགས་ཆེ་ཞིང་རྐྱེན་ངན་སེལ་བྱེད་ཀྱི་ཐབས་རིམ་བཟང་ཤོས་ཡིན་ལ། ༣ དེ་བརྟེན་སྦྱིན་པའི་མཐུ་ཆེན་པོ་ཉེ་བར་རྫོགས་པའི་ཆ་རྐྱེན་མཆོག་ཏུ་གྱུར་ནས་བསོད་ནམས་ཆེས་ཁྱད་པར་བའི་ཕུང་པོ་བསགས་པ་སྟོབས་ལྡན་དུ་ལེགས་པར་གྲུབ་སྟེ་ཚེ་མཇུག་བྱ་བ་ལམ་འགྲོ་གེགས་མེད་ཀྱི་མཐར་ཕྱི་མའི་དུས་སྐབས་སུའང་ཡང་དག་ཆ་རྐྱེན་བཟང་པོ་འབའ་ཞིག་གིས་མཐར་ཐུག་ཐར་བ་དང་ཐམས་ཅད་མཁྱེན་པར་རིང་འགོར་མི་དགོས་ཤིང་བྱ་ཐབས་སླ་བས་ཆེས་ཉེ་ཁྱད་པར་ཅན་གྱི་སྒོ་ནས་གོ་འཕང་མཆོག་དབང་བ་ལ་བརྟེན་རང་གཞན་དོན་གཉིས་རླབས་པོ་ཆེ་ཕྱོགས་དུས་ཐམས་ལ་རིས་སུ་མ་ཆད་པའི་གྲུབ་འབྲས་ཕུན་སུམ་ཚོགས་པ་ནམ་ཡང་མི་བསླུ་བའི་གོ་སྐབས་ལ་ཐེ་ཚོམ་བྱ་མི་འོས་པའི་ཕྱིར་ན་མདོ་རྒྱུད་དུ་མ་ལས་དེ་ལུགས་ལྟར་ཟས་སྦྱིན་འདི་ལ་ཕན་ཡོན་མང་དུ་གསུངས་པ་སྟེ་དེ་ཡང་བྱང་སེམས་ཀྱི་ཐུགས་བསྐྱེད་སྲོག་ཆགས་ལ་ཟས་སྦྱིན་སྐབས་ཀྱི་ཀུན་སློང་སྲིད་གསུམ་སེམས་ཅན་ཐམས་ཀུན་ལ་སྦྱིན་འདོད་ཀྱི་བསམ་པ་དང་དགེ་རྩ་འགྲོ་དོན་བླ་མེད་བྱང་ཆུབ་ཏུ་བསྔོ་བར་བྱས་ཤིང་དམ་རྫས་ཁྱད་འཕགས་དང་ཆོས་སྦྱིན་ཟབ་མོའི་སྟོབས་འཛོམ་པའི་ཐབས་དང་མ་བྲལ་ན་སེམས་ཅན་ལ་ཕན་ཐོགས་དེ་ལུགས་བཞིན་དང་། ནམ་ཞིག་བྱང་ཆུབ་གོ་འཕང་ཐོབ་བྱེད་ཀྱི་རྒྱུར་མི་བསླུ་བའི་ཚུལ་ཤེར་ཕྱིན་སྡུད་པ་ལས། བྱང་ཆུབ་སེམས་དཔའ་མཁས་པ་སྲིད་གསུམ་གྱི།།སེམས་ཅན་ཇི་སྙེད་དེ་དག་ཀུན་ལ་སྦྱིན་པ་འདི།།བྱིན་པར་གྱུར་ཅིག་སྙམ་དུ་བསམ་ནས་སྦྱིན་བྱིན་ལ།།དེ་ཡང་འགྲོ་བའི་དོན་ཕྱིར་བྱང་ཆུབ་མཆོག་ཏུ་བསློ།།ཞེས་གསུངས་པ་དང་། སྦྱིན་པས་ཡི་དྭགས་ཀྱི་སྒོ་ཆོད་ཅིང་དབུལ་ཕོགས་ཉོན་མོངས་པ་སེལ་ནས་རྣམ་སྨིན་ལོངས་སྤྱོད་མཐའ་ཡས་པ་རྒྱས་བཞིན་གཞན་སྡུག་བསྔལ་ཅན་མང་པོ་ཆོས་ཀྱི་རྒྱུད་སྨིན་པར་བྱེད་ནུས་ཚུལ། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད།།དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅན་གཅོད།།སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར།།སྦྱིན་པས་སྡུག་བསྔལ་གྱུར་བའི་སེམས་ཅན་ཡོངས་སྨིན་བྱེད།།ཅེས་གསུངས་པ་ལྟར་ཉ་གྲོག་སོགས་སུ་ཁ་ཟས་ལན་ལ་རེ་བ་མེད་པར་སྦྱིན་གཏོང་གི་སྒོ་ཅི་ཙམ་ཕྱེ་ནུས་པ་དེ་ལུགས་བཞིན་ཕན་ཡོན་རྗེས་སུ་འགྲོ་བ་རྟེན་འབྲེལ་གྱི་ཆོས་ཉིད་ནམ་ཡང་མི་བསླུ་བ་ལགས་སོ།།བོད་ལོ༢༡༤༦:༣:༢༡ཉིན་རེ་སྐོང་ཟིལ་་ཏོག་ནས་ཟིན་བྲིས་སུ་བཏབ་པ་ཡིན། ༈ རྒྱ་གྲོག་ལ་ཟས་སྦྱིན་པའི་བསོད་ནམས། 1 ཡུལ་མི་བརྒྱ་ལ་སྦྱིན་པ་བས་སེར་མོ་རྟགས་འཛིན་ཙམ་ལ་གྲོ་དྲངས་པ་བསོད་ནམས་ཆེ། སེར་མོ་བརྒྱ་ལ་གྲོ་ཕུལ་བ་བས། རྒྱ་གྲོག་གྲོང་ཁྱེར་གསོ་བར་བསོད་ནམས་ཆེ། རྒྱ་གྲོག་གྲོང་ཁྱེར་ལ་དམྱལ་བ་ཡི་དྭགས་དུད་འགྲོ་ཐམས་ཅད་ཚང་།2 རྒྱ་གྲོག་གཅིག་གསོས་ན་ཕན་ཡོན་མདོ་སྡེ་བརྒྱ་ཚར་གཅིག་དང་མཉམ། བཅུ་གསོས་ན་བཀའ་འགྱུར་ཚར་གཅིག་དང་མཉམ། སྟོང་གསོས་ན་བཀའ་འགྱུར་ཚར་བཅུ་དང་མཉམ། ཁྲི་གསོས་ན་ཐུན་མོང་གྲུབ་ཐོབ། འབུམ་གསོས་ན་མཆོག་གི་དངོས་གྲུབ་ཐོབ། བྱེ་བ་གསོས་ན་སྟོང་འཁོར་ལོས་སྒྱུར་རྒྱལ་འགྱུར།…
འོད་གསལ་ངང་གི་རྨི་ལམ་ལས་དངོས་སུ་བླ་མ་དང་མཇལ། བཀའ་མོལ་གྱི་ཟིན་བྲིས་རིང་ཙམ་བྱུང་། ཤིན་ཏུ་དྲན། བླ་མ་བཀའ་དྲིན་ཅན། ང་ད་ལྟ་ཅ་འཇིག་རྟེན་འདིར་འཚོ་བཞིན་པ་འདི་ཡང་མཆོག་གིས་བཀའ་དྲིན་ཡིན། སྙིང་དང་སྲོག་ཏུ་འབྲེལ་བའི་བླ་མ་ཉིད།།འདི་ཕྱི་ཀུན་ཏུ་འབྲལ་བ་མེད་པའི་ཕྱིར།།རྨི་ལམ་འོད་གསལ་ངང་ནས་མཇལ་བ་འདིས།།ང་ཡི་མིག་མཐར་རྒྱ་མཚོའི་ཀླུང་ཆེན་འཁྱིལ།།དད་དམ་གཙང་མའི་རིག་པ་ཨེ་མ་ཧོ།།གང་ལྟར་ལོ་སྔོན་མའི་གསོལ་འདེབས་ཤིག་འདིར་འགོད་པར་བྱའོ།།ཁྱབ་བདག་བླ་མ་ཆོས་དབྱིངས་རྡོ་རྗེ་དྲན།།ཨེ་མ་ཧོ།།ཆོས་བརྒྱད་ཞེན་པ་བྲལ་བའི་རི་ཁྲོད་པ།།ཚེ་དང་སྒྲུབ་པ་མཉམ་པའི་རྣལ་འབྱོར་པ།།གསང་ཆེན་བསྟན་པའི་ཁྱབ་བདག་རྡོ་རྗེ་འཆང་།།ཀུན་བཟང་རྫོགས་ཆེན་བླ་མ་གསོལ་བ་འདེབས།།ཕྱི་ནས་རིང་བསྲེལ་ཕུང་པོས་ཡོངས་སུ་གཏམས།།ནང་དུ་མདོ་སྔགས་ཟབ་གནད་གདམས་པས་ཕྱུག།གསང་བ་ངེས་དོན་བསྟན་པའི་ཤིང་རྟ་བ།།ཡང་གསང་བསྟན་པའི་བདག་པོར་གསོལ་བ་འདེབས།།བྱམས་བརྩེ་བླ་མས་ཚེ་སྲོག་སྐྱབས་པའི་དྲིན།།མཁྱེན་རབ་བདག་པོས་མ་རིག་བསལ་བའི་དྲིན།།ཕན་བདེའི་ཆོས་དང་འཇིག་རྟེན་སྐྱོང་བའི་དྲིན།།བཀའ་དྲིན་སུམ་ལྡན་བླ་མ་ཡང་ཡང་དྲན།།དྲན་དྲན་དཀོན་མཆོག་ཀུན་འདུས་བླ་མ་དྲན།།དྲན་པའི་མེ་ལོང་གསལ་བའི་འོད་ཀློང་ནས།།བཀའ་དྲིན་མཚུངས་མེད་བཞིན་ནོར་བུ་ལ།།གསོལ་བ་འདེབས་སོ་བསྟན་དོན་ལྷུན་གྲུབ་ཤོག།རབ་གནས་ས་ཁྱི་སྨིན་ཟླའི་ཉ་གང་ལ་ཤྲཱིཿཨེ་མ་ཧོས་དྲན་སྣང་གི་མེ་ལོང་ངོ་།།
ཨ་མ་ཡེ་ཤེས་མཚོ་རྒྱལ་མཁྱེན་ནོ།།ཨེ་མ་ཧོ། །ཀ་དག་སྤྲོས་བྲལ་གྱི་ངང་ནས།།ཁ་སྦྱོར་ལྷུན་གྲུབ་ཀྱི་འོད་གསལ།།ག་བུར་མདངས་འཛིན་གྱི་མཁའ་འགྲོ།།ང་ཡི་བླ་མ་ཉིད་མཁྱེན་ནོ།།ཅ་ཅོའི་འདུ་འཛི་ཡིས་དབེན་པས།།ཆ་ལུགས་ཆོས་བཞིན་གྱི་མཛད་མ།།ཇ་ཆང་ཚོགས་འཁོར་ལ་ཕེབས་ནས།།ཉ་མོ་ཆུ་གནས་ལྟར་བཞུགས་ཤིག།ཏ་ཐཱ་ག་ཏ་ཡི་བསྟན་པ།།ཐ་དག་མདོ་སྔགས་ཀྱི་བདག་མོ།།ད་ལྟ་སྐད་ཅིག་ལ་བྱོན་དང་།།ན་མོ་སྒོ་གསུམ་གྱིས་འདུད་དོ།།པ་ར་མི་ཏཱ་ཡི་གཏེར་མཛོད།།ཕ་མས་རྒྱུད་སྡེ་ཡི་བདག་མོ།།བཛྲ་བཀའ་གཏེར་གྱི་ཁྱབ་བདག།མ་མ་དྲིན་ཆེན་རྗེ་མཁྱེན་ནོ།།ཙ་རི་སྦས་ཡུལ་དང་མཚུངས་པའི།།ཚ་གྲང་མཉམ་གནས་ཀྱི་ཞིང་ཁམས།།ཛ་ཡའི་རྒྱལ་བསྟན་གྱི་གདན་ས།།ཝ་ཡེལ་རི་ཁྲོད་ལ་བཞུགས་མཛོད།།ཞ་ལོང་མུན་གླིང་གི་ཡུལ་ན།།ཟ་འདོད་དཀོར་བསྡུད་ཙམ་མིན་ཕྱིར།།འ་ཅག་བཀའ་གཏེར་གྱི་བསྟན་པ།།ཡ་ཀི་དག་ཞིང་བཞིན་བསྒྱུར་ཤོག།ར་བ་གངས་དཀར་གྱིས་མཛེས་ཀྱང་།།ལ་རྒྱ་འཁོར་བ་ལ་ཆགས་ནས།།ཤ་ཞེན་སྙིང་པོ་རེ་དབེན་ཕྱིར།།ས་ཐོབ་ཡོན་ཏན་ཀུན་སྩོལ་ཅིག།ཧ་ཅང་དྲན་གདུང་གིས་དད་པའི།།ཨ་མ་མཚོ་རྒྱལ་ཉིད་མཁྱེན་ནོ།།ཨི་ལྡན་དབྱངས་གསལ་གྱི་མཆོད་པ།།ཨུ་དམ་ཝ་རའི་ཚོགས་འབུལ་ལོ།།ཨེ་མ་སྙིང་དབུས་ཀྱི་མཁའ་འགྲོས།།ཨོ་རྒྱན་པད་འབྱུང་གི་དངོས་གྲུབ།།བདག་ཅག་འགྲོ་ཀུན་ལ་གནང་ནས།།སངས་རྒྱས་ཀུན་མཉམ་དུ་མཛོད་ཅིག།ཅེས་རབ་གནས་ལྕགས་བྱིའི་དབོ་ཟླའི་མཁའ་འགྲོའི་དུས་ཆེན་ལ་ཨེ་མ་ཧོས་ཨེ་ཝཾ་རྫོགས་ཆེན་ཆོས་སྒར་ནས་སྨོན་པར་དགེའོ།། །།Pause-3:54Additional visual settingsClick to enlargeUnmuteKhenchen Lama
༧གྲུབ་ཆེན་རྨ་སེ་བློ་གྲོས་རིན་ཆེན་གྱི་འདས་མཆོད། 今天玛色罗珠仁青圆寂纪念日 །བོད་ཟླ༢ ཚེས༢༦ཉིན།༈ རྗེ་མཚུངས་མེད་བློ་གྲོས་རིན་ཆེན་ལ་གསོལ་བ་འདེབས་སོ།བདག་འཛིན་འཁྲུལ་པའི་འཆིང་བ་རྩད་ནས་བཅད།།བརྗོད་མེད་ཆོས་སྐུའི་རང་ཞལ་རྗེན་པར་བུད། །ཀུན་ཀྱང་སངས་རྒྱས་ས་རུ་སྐྱེལ་མཛད་པ། །བློ་གྲོས་རིན་ཆེན་ཞབས་ལ་གསོལ་བ་འདེབས། ལོ་རེའི་བོད་ཟླ༢པའི་ཚེས་༢༦ནི། ཟུར་མང་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་འབྱེད་ཆེན་པོ་༧གྲུབ་ཆེན་རྨ་སེ་བློ་གྲོས་རིན་ཆེན་གྱི་འདས་མཆོད་ཡིན་པས་ང་ཚོས་རྗེས་དྲན་གྱི་ཚུལ་དུ་དམ་པ་ཁོང་གི་རྣམ་ཐར་མཇལ་བ་དང་མགུར་འདོན་པ། གསོལ་འདེབས་སྨོན་ལམ་བྱེད་པ་སོགས་དགེ་ཚོགས་ལ་འབད་རྒྱུ་ཤིན་ཏུ་གལ་ཆེ། དེ་ལ་དགེ་བའི་རྩ་བ་ཐམས་ཅད་ཀྱི་ནང་ནས་བླ་མ་མཆོད་པའི་བསོད་ནམས་ནི་དགེ་བ་ཀུན་གྱི་མཆོག་ཏུ་གྱུར་པ་ཡིན་སྟེ། དམ་ཚིག་བཀོད་པའི་རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། ། བསྐལ་པ་འབུམ་དུ་བསྒོམ་པ་བས།། བླ་མ་སྐད་ཅིག་དྲན་པ་མཆོག ། བསྙེན་བསྒྲུབ་བཟླས་པ་ས་ཡ་བས། ། བླ་མར་གསོལ་འདེབས་ལན་གཅིག་མཆོག ། ཅེས་གསུངས་པ་ལྟར་ལགས་པས་འབྲེལ་ཡོད་ཀུན་གྱིས་དོན་འདི་ཐུགས་ལ་བཞག་སྟེ་བླ་མ་མཆོད་པ་དང་དགེ་སྒྲུབ་སྡིག་སྤོང་གང་ཐུབ་གནང་བར་ཞུ།大成就者玛色罗珠仁青的祈祷。黄金色分割线 ༈ རང་བྱུང་འོད་གསལ་གྲུབ་པའི་ཡེ་ཤེས་སྐུ། །འབུམ་སྡེ་བཅུ་གསུམ་གྲུབ་པའི་མཁའ་ལ་གཤེགས། །ཁམས་གསུམ་ཡོངས་གྲོལ་ཤེས་རབ་བཟང་པོའི་དཔལ། །བློ་གྲོས་རིན་ཆེན་ཞབས་ལ་གསོལ་བ་འདེབས། །གསོལ་འདེབས་འདོན་མཁན། མཚོ་ཡག རོལ་མོ་སྒྲིག་བཟོ་པ། ཡེ་ཤེས་སེང་གེ།ཟུར་མང་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་འབྱེད་པ་པོ་གྲུབ་ཆེན་རྨ་སེ་རྟོགས་ལྡན་བློ་གྲོས་རིན་ཆེན་མཆོག་སྐུ་ཞི་བར་གཤེགས་ནས་ལོ་འཁོར་༥༩༢ལོན་པའི་འདས་མཆོད།གྲུབ་ཆེན་རྨ་སེ་བློ་གྲོས་རིན་ཆེན་གྱི་མཛད་རྣམ་མདོར་བསྡུས། དྲུང་རྨ་སེ་བློ་གྲོས་རིན་ཆེན་ནམ་གྲུབ་དབང་མ་ཏི་རཏྣ་ནི་བོད་ལྗོངས་ཆབ་མདོ་ཀརྨ་ཡུལ་ཤོག་གྱམ་ཤེལ་དུ་ཡབ་རྨ་སེ་རྒྱ་གར་འབུམ་དང་། ཡུམ་གླིང་བཟའ་བསོད་ནམས་སྒྲོན་གཉིས་ཀྱི་སྲས་སུ་མེ་ཕོ་སྟག་ལོར(1386)སྐུ་བལྟམས། ཁོང་གི་གདུང་རུས་ནི་རབ་སྟོད་ཚར་སྒང་གི་མི་ཉག་རྒྱལ་རིགས་སུ་གཏོགས་པའི་རྨ་སེ་སྟེ། མི་ཉག་མཁས་པ་མི་ལྔ་ནང་གི་རྨ་སེ་སྟོན་པ་རིན་ཆེན་བཟང་པོ་དང་རིགས་རྒྱུད་གཅིག་ཏུ་འཁྲུངས།ཁོང་ནི་ཡབ་རྨ་སེ་རྒྱ་གར་འབུམ་སྟོད་ཕྱོགས་སུ་ཚོང་ལ་བྱོན་པའི་ལམ་ནས་སྐུ་འཁྲུངས་ཀྱང་དགུང་ལོ་དྲུག་ཙམ་ནས་ཡུམ་དང་བཅས་ཏེ་ཕ་ཡུལ་མི་ཉག་རབ་སྒང་དུ་བྱོན། དགུང་ལོ་བཅུ་ཙམ་ནས་ཆོས་གྲྭ་ཆེན་པོ་བསམ་འགྲུབ་ནོར་བུ་གླིང་གི་མཁན་ཆེན་གྲགས་པ་རྒྱལ་མཚན་གྱི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་འདུལ་བ་དང་ཕ་རོལ་ཏུ་ཕྱིན་པ་ཐོས་བསམ་གནང་། དེ་མཚམས་སྔགས་འཆང་གི་ཆས་ལ་ཞུགས་ནས་གྲུབ་ཐོབ་མི་ར་ཀ་དཔལ། བླ་མ་པདྨའི་ངང་ཚུལ། ཀ་བཞི་ཡོན་ཏན་རྒྱ་མཚན་སོགས་བསྟེན་ཏེ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་སོགས་ཞུས། དགུང་གྲངས་ཉེར་ལྔའི་ཐོག་ནས་མདོ་ཁམས་བརྒྱུད་ནས་དབུས་སུ་ཕེབས།ལྕགས་ཡོས་ལོ(1411)སྟེ་དགུང་ལོ་ཉེར་དྲུག་སྐབས་སུ་དབུས་ནས་བླ་མ་ལུང་བཟང་བ་དང་།…
ཀུན་ཕན་ཨ་བུ་མ་ལོ་དྲན་པའི་མེ་ལོང་།ཀྱེ་ཀྱེ།།སྣང་སྲིད་རྣམ་དག་མཉམ་ཉིད་ཀྱི་ཞིང་ན།།རིག་འཛིན་རྒྱལ་པོ་ཨོ་རྒྱན་གྱི་རྒྱལ་ཚབ།།ཆོས་བརྒྱད་དོར་བའི་ས་ཐོབ་ཀྱི་སེམས་དཔའ།།སྙིང་གྲོགས་དྭངས་གཙང་ཨ་བུ་ཁྱེད་དྲན་ནོ།། འཇིག་རྟེན་ནད་མུག་མུན་ནག་གི་ཁྲོད་ན།།སྲོག་དམར་ཤོར་བའི་མི་རྟག་ཉིད་མཐོང་ཚེ།།བསླུ་མེད་བརྩེ་བའི་སྙིང་གྲོགས་ཀྱི་དྭངས་མ།།ཨ་བུ་མ་ལོ་ཁྱོད་སྙིང་དབུས་ནས་དྲན་ནོ།། འཁྲུལ་སྣང་འཁོར་འདས་འདུ་འཛི་ཡི་གྲོང་ན།།བྱ་བྱེད་རྣམ་གྲངས་མང་བའི་མགོ་སྐོར་འདི་མཐོང་ཚེ།།འཁྲུལ་མེད་དམ་པའི་ཆོས་ལ་བློ་སྙིང་ཀུན་གཏད་པའི།།ཨ་བུ་ཆོས་པ་ཁྱེད་ཉིད་སེམས་ཁུངས་ནས་དྲན་ནོ།། འཁོར་འདས་ཕྱོགས་ལྷུང་བྲལ་བའི་སངས་རྒྱས་ནི་གསོན་པོ།།ཕན་བདེའི་གྲོགས་བཟང་དམ་པའི་རང་གཤིས་ཉིད་དྲན་ཚེ།།ཤར་ནུབ་རྒྱ་མཚོས་བསྐལ་ཡང་ཁྱད་པ་ནི་འདུག།ཨ་བུ་མ་ལོས་དད་དམ་སྙིང་དབུས་སུ་གཏམས་ཡོད།། མ་མོའི་དལ་ཡམས་དགའ་བའི་ཏང་སྲིད་ཀྱི་ཐོ་ཅོ།།སྙིང་བརྩེ་ཁ་ལ་ཁྱེར་བའི་གཏོང་ལེན་གྱི་འུད་གོག།འགྲོ་ཁམས་སྡུག་ལ་སྤྲོ་བའི་སྙིགས་སྤྱོད་ལ་བསམ་ཚེ།།ཨ་བུ་པདྨ་དཀར་པོའི་རང་ལུགས་དེ་དྲན་སོང་།།————-གློ་བུར་འཕྲལ་རྐྱེན་ཞིག་གིས་ཨེ་མ་ཧོས
སངས་རྒྱས་སྨན་གྱི་བླ་མའི་སྒྲུབ་ཐབས་བདུད་རྩིའི་བུམ་བཟང་།།སྦྱོར་དངོས་རྗེས་གསུམ་ལས་དང་པོ་སྐྱབས་སེམས་ནི།།ཨ༔རང་རིག་ཀུན་བཟང་སངས་རྒྱས་སྨན་བླ་ལ།།ཡེ་གྲོལ་ཀ་དག་ངོ་བོར་སྐྱབས་སུ་མཆི།།འོད་གསལ་ལྷུན་གྲུབ་རང་བཞིན་སེམས་བསྐྱེད་ནས།།འགྲོ་ཀུན་ཐུགས་རྗེས་སྒྲོལ་བར་སེམས་བསྐྱེད་དོ།།དངོས་གཞིའི་སྒོམ་དངོས་ནི།ཨ༔གདོད་མའི་ཆོས་དབྱིངས་ཀུན་ཁྱབ་ཀློང་ཡངས་ནས༔རང་བྱུང་འགགས་མེད་ལྷུན་གྲུབ་འོད་གསལ་ངང་༔རང་རྩལ་རང་ཤར་སངས་རྒྱས་སྨན་བླའི་སྐུ༔མཐིང་མདོག་པདྨ་ཉི་ཟླའི་གདན་ལ་བཞུགས༔ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དཀྱིལ་དཀྲུངས་བཅས༔ཕྱག་གཡས་ནད་སེལ་ཨ་རུའི་སྨན་མཆོག་དང་༔གཡོན་པས་སྨན་གྱི་ལྷུང་བཟེད་བདུད་རྩིས་གང་༔ཆོས་གོས་གསུམ་གསོལ་གཟི་དཔལ་ལྷམ་མེ་གསལ༔གསང་གསུམ་གནས་ལས་ཨོཾ་ཨཱཿཧཱུཾ་གསུམ་འཕྲོས༔སེམས་ཅན་ཀུན་གྱི་ལས་ཉོན་བག་ཆགས་སེལ།།ཀུན་ཀྱང་ཀུན་ཏུ་བཟང་དང་སྐལ་བ་མཉམས༔སྣང་བ་སྨན་བླའི་མཚན་དཔེའི་ལང་ཚོ་དག༔སྲིད་པ་སྒྲིབ་སངས་རྒྱས་པ་ལོངས་སྤྱོད་རྫོགས༔སྣང་སྲིད་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བར་སྨིན།།ཀུན་བཟང་རིག་འཛིན་ངང་ནས་གཟུངས་སྔགས་བཟླའ།།ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔ ཏདྱ་ཐཱཿ ཨོཾ་བྷཻ་ཥ་ཛྱ་བྷཻ་ཥ་ཛྱ་མཧཱ་བྷཻ་ཥ་ཛྱ་རཱ་ཛ་ས་མུཏྒ་ཏེ་ཡེ་སྭཱ་ཧཱ༔ཅི་ནུས༔ མཐར་བསྔོ་བ་སྨོན་ལམ་ནི༔འགྲོ་ཀུན་སྡུག་བསྔལ་རྒྱུ་འབྲས་ཡོངས་སུ་བྲལ།།༔ཚེ་རིང་ནད་མེད་གང་བསམ་ཡིད་བཞིན་འགྲུབ༔ཕན་དང་བདེ་བས་འདི་ཕྱི་དོན་དང་ལྡན༔ཀུན་བཟང་ཆོས་གདོད་མའི་ས་ལ་ཕྱིན་པར་ཤོག༔སྙིགས་དུས་སེམས་ཅན་སྨན་པའི་ཕྱིར༔ ནད་སེལ་སངས་རྒྱས་སྨན་བླ་ཡི༔སྒྲུབ་ཐབས་བདུད་རྩིའི་བུམ་པ་བཟང་༔དམ་ཚིག་ལྡན་པས་ཉནས་སུ་ལོངས༔ ས་མ་ཡ༔ ཤྲཱིཿཨེ་མ་ཧོའི་རིག་ཀློང་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་ཁོལ་དུ་བྱུང་བར་དགེའོ།། །།
Alt Sidebar
Search





