• September 2019

    དུང་བརྩེའི་རེ་སྒུག

    དུང་བརྩེའི་རེ་སྒུགརྟེན་འབྲེལ་ཀུན་བཟང་གི་རྟ་བདུན་དབང་པོར།།དྲི་མེད་པདྨ་ཡིས་དུང་བརྩེའི་རེ་སྒུག།སྦས་ཡུལ་གཡང་འཛོམས་ནས་འཇའ་འོད་ཤར་བ།།དགའ་སྐྱིད་ལང་ཚོ་ལ་བཀྲ་ཤིས་བདེ་ལེགས།།ཤྲཱིས་སོ།།ཐང་བོད་གནའ་ལམ། ཚིག བློ་བཟང་དངོས་གྲུབ། མཚོ་བོད་མཐོ་སྒང་གི་འགྲམ་རྒྱུད་འདི་ན།རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་འདི་ན།སྒ་སྟོད་ཇོ་བོའི་མདུན་ཟུར་འདི་ན།གནའ་བོའི་བོད་མཁར་ཞིགལོ་རྒྱུས་ཀྱི་ས་ཁྲ་ཞིགབོད་རྒྱ་གཉིས་ཀྱི་གཏམ་རྒྱུད་རིང་མོ་ཞིགསྐྱེ་བོ་ཀུན་གྱི་མིག་ལམ་ན་མངོན་བཞིན་ཡོད།གནའ་ནས་ད་བར།བརྗོད་འདོད་ཀྱི་སྐད་ཆ་ལ་ཆེ་བཤད་མི་དགོས་ཤིང་།འདས་སོང་གི་ལོ་རྒྱུས་ལ་རྩོད་གླེང་མི་དགོས་པའི་སྲ་གཟུགས་ཀྱི་རྡོ་རིང་ཞིགལོ་རྒྱུས་ཀྱི་དན་རྟགས་སུ་བཀོད་ཡོད་ལ།འབུམ་གྱི་རྣམ་པ་སྣང་མཛད་བྲག་ངོས་ཀྱི་རི་མོ་ལས་འདས་སོང་གི་གཏམ་རྒྱུད་གསལ་བའི་གནས་མཆོག་ངོ་མཚར་ཅན།སྤང་ལྗོངས་གི་མཛེས་སྡུག་ལས་མཐོ་སྒང་གི་ཁྱད་ཆོས་མངོན་པའི་སྒ་ཡུལ་ཕུན་ཚོགས་བྱམས་པ་གླིང་།ཐང་བོད་གནའ་ལམ།གནའ་བོའི་བོད་མཁར།འདོད་འགུ་འཛོམས་པའི་ཡུལ་གྲུ་འདི་ནི།ངའི་གོ་ཐོས་སུ།གླིང་གི་ལྷ་སྡེ་དཀར་པོའི་རྗེས་ཤུལ།མེས་པོའི་ཕ་གཞིས་ཁྲ་མོའི་འདུ་ར།སྨན་ཆུང་རྒྱ་བཟའ་ཀོང་ཇོའི་ཕེབས་ཡུལ།གནའ་བོའི་ཐང་བོད་ཇག་རྟའི་འགྲུལ་ལམ།ད་དུང་།གནས་ཀྱི་མཆོགགངས་ཀྱི་ལྗོངས།ཡུལ་གྱི་རྒྱན།མཛེས་པའི་གྲོང་།དག་པའི་ཞིང་།དགའ་བའི་གནས།དངོས་གནས། ཧ་ལས་པ་ཞིག་མ་རེད་དམ། Hookཁ་བའི་མེ་ཏོག་བཞད་པ་མཐོ་སྒང་གི་རྩེད་ར།གླུ་གར་གཞས་གསུམ་འཛོམས་པ་བོད་པ་ཡི་འཇིག་རྟེན།རྫ་སྤང་རི་ཆུ་མཛེས་པའི་མི་ཡུལ་གྱི་ཞིང་བཀོད།བདེ་སྐྱིད་ལོངས་སྤྱོད་འཛོམས་པ་ང་ཚོའི་གཞིས་ཁྱིམ།ཆབ་དཔལ་རིག་གསུམ་དར་བ་གནའ་བོའི་ཡུལ་གྲུ།ཀུན་གྱིས་ཡིད་སྨོན་ཤོར་བ་མེ་ཏོག་གི་གྲོང་ཁྱེར་རེད་།VERSEདངོས་གནས།ཉི་འོད་དྲོ་ཞིང་མཁའ་དབུགས་བསིལ་བའི་ཁམས་པ་བོད་ཀྱི་བྲོ་ར།མཐོ་སྒང་ཡུལ་ཤུལ་གྱི་གཞིས་ཁྱིམ་ཆེན་མོ་འདི་རུ།ཇག་པ་རྟ་འདེད་དང་ཕྱུག་རྫི་བུ་མོ།གཡང་དཀར་ལུག་ཁྱུ་དང་རི་སྤྱང་སྔོན་མོ།ངོ་མཚར་བའི་གཏམ་རྒྱུད་རེ་རེས།མཐོ་སྒང་གི་ཡུལ་གྲུ་འདི་ལ།སེམས་པ་འཁྲེང་ཞིང་ཡིད་དབང་འཁོར།དེ་ལས་ཀྱང་ཉམས་དགའ་བ་ཞིག་ལ།དྲི་བསུང་འཐུལ་བའི་སྤང་རྒྱན་མེ་ཏོག་ས་ཆེན་འདི་རུ་བཞད།གསར་སྐྱེས་གཞོན་ནུ་གསེར་སྦྲང་བུང་བ་རབ་དགའི་སྐྱེད་ཚར་འདི་རུ་འཁོར།སྐྱིད་པའི་ལང་ཚོ་སྒྱུ་འཕྲུལ་ཡོན་ཏན་གནའ་བོའི་མཁར་གྲོང་འདི་རུ་དར།དངོས་གྲུབ་འདོད་འཇོ་བདེ་སྐྱིད་ཉི་ཤར་སྐྱེ་དགུ་དཔལ་ཡོན་རབ་ཏུ་བཞད།གྲོགས་གཅེས་ཚོ། འདི་རུ་ཕེབས་ཤོག་དང་།ཁ་བཏགས་དཀར་པོའི་བསུ་མ་ཡོད།མཐོ་སྒང་ཡུལ་ཤུལ་ལ།དགོས་འདོད་ཀྱི་ལོངས་སྤྱོད་འཛོམས་ཤིང་།ཟླ་བདུན་པའི་དབྱར་གཞུང་མེ་ཏོག་འཁྲུངས་ནས་ཡོད།མཐུན་གྲོགས་ཚོ། འདི་རུ་ཕེབས་ཤོག་དང་།བདུད་རྩི་ཆང་གིས་བསུ་མ་ཡོད།ཐང་བོད་གནའ་ལམ་ནས།ཡུལ་མི་ལ་དབང་ཐང་དར་ཞིང་བསོད་ནམ་རི་རྒྱལ་བཞིན་དུ་བརྟན་ནས་ཡོད།དགའ་ཞེ་ཚོ། འདི་རུ་ཕེབས་ཤོག་དང་།གླུ་བྲོ་གཞས་གསུམ་གྱི་བསུ་མ་ཡོད།ཕ་ཡུལ་གཙང་གསུམ་འབྱུང་ཁུངས་ནས།སྙན་ངག་གི་སྦྲང་ཆར་འབབ་བཞིན་ཡོད།འཛམ་གླིང་ཡོངས་ལ་བཀྲ་ཤིས་ཁ་གཡང་འབོད་བཞིན་ཡོད།

  • September 2019

    ༧སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེའི་

    ༧སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེའི་ཞབས་བརྟན་རིན་ཆེན་ཕྲེང་བ།ཨོཾ་སྭཱ་སྟི།།ཨོ༵་རྒྱན༵་པདྨ་ཀ་རའི་བྱིན་རླབས་དཔལ།།མཆོག་གླིང་བདེ་ཆེན་གར་གྱི་རྟུལ་ཞུགས་ཅན།།མཐུ་སྟོབས༵་དབང་རྒྱལ༵་ཞི་དྲག་རྡོ་རྗེ་འཛིན།།བདེན་ཚིག་སྨྲ་བའི་ལྗགས་རིང་ཞབས་བརྟན་ཤོག།ཅེས་ཤྲཱིཿཨེ་མ་ཧོས་གུས་པས་ཕུལ།།

  • September 2019

    ༧སྐྱབས་རྗེ་བསོད་རྒྱལ་རིན་པོ་ཆེ་མྱུར་བྱོན་གསོལ་འདེབས་དུས་ལྔའི་ཕོ་ཉ།།

    ༧སྐྱབས་རྗེ་བསོད་རྒྱལ་རིན་པོ་ཆེ་མྱུར་བྱོན་གསོལ་འདེབས་དུས་ལྔའི་ཕོ་ཉ།། ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ།། བསོད༵་ནམས་དཔྱིད་ཀྱི་རྒྱལ༵་མོའི་ཤིང་རྟ་ལས་འཁྲུངས་པའི།། ཛམ་གླིང་ཆོས་ལ་བསྒྱུར་མཁས་དཔག་བསམ་གྱི་ལྗོན་བཟང་།། ཡང་གསང་བསྟན་པ་སྨན་པའི་རིག་འཛིན་གྱི་རྒྱལ་པོ།། གཏེར་ཆེན་ལས་རབ་གླིང་བ་སྙིང་དབུས་ནས་འདུད་དོ།། ཐབས་ཤེས་དབྱར་ཀྱི་བདེ་ཆེན་གང་དགའ་རུ་འཇོ་བའི།། ཆོས་མིན་ཆོས་ལ་བཀོད་པའི་ངེས་དོན་གྱི་དེད་དཔོན།། འཇིག་རྟེན་མིག་བཟང་སྦྱིན་པའི་སྐྱེ་འཆི་ཡི་ལམ་སྟོན།། དགའ་དྲོད་ཉི་གཞོན་གསར་བ་བདེ་མྱུར་ལ་ཕེབས་ཤོག།། སྨིན་གྲོལ་སྟོན་གྱི་འབྲས་བུ་ཀུན་བཟང་དུ་གདལ་བའི།། རིག་འཛིན་མཁས་གྲུབ་དགྱེས་པའི་དགའ་ཚལ་གྱི་ཁྱབ་བདག། མི་དབང་ལག་དཀར་སྤྲུལ་སྐུའི་ཕྲིན་ལས་ཀུན་རྒྱལ་ལོ།། གྲང་ངར་དགུན་འཁྱག་དྲག་པོའི་ལས་རླུང་གི་འཕྲུལ་འཁོར།། དམ་རལ་སྐྱེ་དགུའི་དབུ་ལ་དབང་མེད་དུ་བབས་ཚེ།། རས་པ་ལྕང་ལོའི་ཚོགས་ཀྱིས་གཏུམ་མོ་ཡི་ཏིང་འཛིན།། འཇིགས་མེད་རྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ཀུན་རྒྱལ་ལོ།། དུས་བཞི་འཕོ་འགྱུར་བྲལ་བ་ཀ་དག་གི་ཟླ་བ།། འོད་གསལ་ཡེ་ཤེས་རྒྱས་པ་ལྷུན་གྲུབ་ཀྱི་ཉི་མ།། ཀུན་ཕན་སངས་རྒྱས་མྱུར་བྱོན་ཡིད་བཞིན་གྱི་ནོར་བུ།། རྫོགས་ཆེན་བསྟན་པའི་སྐྱབས་མགོན་ནུབ་མེད་དུ་མཛོད་ཅིག། ཅེས་པ་འདི་ཡང་རབ་གནས་ས་ཕག་ཟླ་བདུན་པའི་ཡར་ཚེས་དགའ་བ་དང་པོར་༧སྐྱབས་རྗེ་དམ་པ་རིག་འཛིན་ནམ་མཁའ་རྒྱ་མཚོ་རིན་པོ་ཆེས་དད་སྐུལ་ལས་གང་ཤར་དུ་དབྱིན་ཡུལ་ཨེ་ཝཾ་ཡོ་ག་གླིང་ནས་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་གསོལ་བ་འདེབས་པར་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ།།

  • August 2019

    བསོད་རྒྱལ་རིན་པོ་ཆེ་མྱུར་བྱོན་གསོལ་འདེབས་ཙིཏྟཱ་མ་ཎི་ཀ

    བསོད་རྒྱལ་རིན་པོ་ཆེ་མྱུར་བྱོན་གསོལ་འདེབས་ཙིཏྟཱ་མ་ཎི་ཀཨོཾ་ཨཱཿཧཱུཾ་ཧྲཱིཿ།།ངོ་བོ་ཀ་དག་སྤྲོས་བྲལ་ཀུན་ཏུ་བཟང་།།རང་བཞིན་འོད་གསལ་སྙིང་པོ་རྡོ་རྗེ་འཆང་།།ཐུགས་རྗེ་ཕྲིན་ལས་ལྷུན་གྲུབ་པདྨ་འབྱུང་།།ཀུན་འདུས་ལས་རབ་གླིང་བར་མྱུར་བྱོན་གསོལ།།ཨོཾ་ཨཱཿཧཱུཾ་ཧྲཱིཿཔུནྱེ་བི་ཛ་ཡ་སྭཱ་ཧཱ།།ཞེས་པ་འདི་ཡང་རབ་གནས་ས་ཕག་ཟླ་༧ཡར་ཚེས་༡ ཐོ་རངས་ཀྱི་ཁར་གྲུབ་ཐོབ་དྷརྨཱ་དྷཱ་ཏུ་བཛྲས་ངོར་རྨི་ལམ་དབང་ཕྱུག་གིས་སེམས་ཀློང་ནས་ཤར་བ་དག་གབ་སྦས་མེད་པར་ཨེ་ཝཾ་ཡོ་ག་གླིང་ནས་གུས་པས་ཕུལ་བར་དགེའོ།།

  • August 2019

    བརྡ་ལུང་རྒྱ་མཚོ་དྲི་མེད་ནང་གི་རབ་གསལ་གཏེར་རྫས།།

    བརྡ་ལུང་རྒྱ་མཚོ་དྲི་མེད་ནང་གི་རབ་གསལ་གཏེར་རྫས།།ན་མོ་གུ་རུ་ཌཱ་ཀི་ནི་ཡེ།།༼༡༽རྗེ་བཙུན་རྣལ་འབྱོར་གྱི་རྨི་ལམ་དབང་ཕྱུག།དལ་ཅིག་ཐོ་རངས་ལ་ངལ་གསོའི་མཚམས་སུ།།དྲི་མེད་རྒྱ་མཚོ་ཡི་ཡིད་ཀློང་ཡངས་པར།།རྒྱུ་སྐར་འཆར་ཆ་ཡི་འོད་ལམ་གསལ་སོང་།།༼༢༽ཡེ་ནས་ཀ་དག་གི་ཀུན་བཟང་ཡབ་ཡུམ།།འོད་གསལ་ལྷུན་གྲུབ་ཀྱི་རྡོ་རྗེ་སེམས་དཔའ།།སངས་རྒྱས་ཀུན་འདུས་ཀྱི་མཚོ་སྐྱེས་རྡོ་རྗེ།།རང་བྱུང་མེ་ལོང་ལ་མངོན་སུམ་འཆར་འདུག།༼༣༽དགའ་རབ་རྡོ་རྗེ་དང་འཇམ་དཔལ་བཤེས་གཉེན།།ཤྲཱིཿསེངྷ་དང་སངས་རྒྱས་ཡེ་ཤེས།།སྙིང་ཐིག་སྙིང་བརྒྱུད་ཀྱི་དད་དམ་འགྱུར་མེད།།སྙིང་དབུས་དཀྱིལ་འཁོར་ལ་ལྷུན་གྱིས་གྲུབ་འདུག།༼༤༽བླ་མ་སངས་རྒྱས་ལ་མཐོང་བའི་མོས་གུས།།ཡི་དམ་འོད་གསལ་ཀྱི་རྫོགས་པ་ཆེན་པོ།།མཁའ་འགྲོ་རྒྱ་མཚོ་ཡི་ཕྱག་རྒྱ་ཆེན་པོ།།ཆོས་སྐྱོང་ཀུན་འདུས་ཀྱི་ཙིཏྟ་མ་ཎི།།་་་་་་་་་་༼༩༽རིག་འཛིན་བརྒྱུད་གསུམ་གྱི་བླ་མ་སྐྱབས་འགྲོ།།བདེ་བཤེགས་ཡི་དམ་ལ་དད་པས་ཕྱག་འཚལ།།སྣང་སྲིད་འཁོར་འདས་ཀྱི་ཚོགས་འཁོར་བཤམས་ནས།།བདེ་ཆེན་ཡེ་ཤེས་ཀྱི་མཆོད་སྤྲིན་ཕུལ་ཅིག།༼༡༠༽བཟུང་འཛིན་རྣམ་རྟོག་གི་བག་ཆགས་ཕྲ་རགས།།རིག་སྟོང་ཡེ་ཤེས་ཀྱི་ཀློང་དུ་བཤགས་ནས།།ངོ་བོ་རང་བཞིན་ལ་ཐུགས་རྗེས་གཟིགས་ཏེ།།གནས་ལུགས་ཀུན་བཟང་ལ་རྗེས་སུ་ཡི་རངས།།༼༡༡༽དུས་གསུམ་མཉམ་ཉིད་ཀྱི་སོ་སོར་རྟོགས་པས།།ཁམས་གསུམ་འགྲོ་ཀུན་ལ་ཆོས་འཁོར་བསྐོར་དང་།།གསང་གསུམ་མི་ཤིགས་པར་གཞོམ་གཞིག་བྲལ་བས།།རྟག་བརྟན་གཡུང་དྲུང་གིས་བརྟན་བཞུགས་གསོལ་ལོ།།༼༡༢༽དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཀུན་པོ།།རང་གྲོལ་ཆོས་སྐུ་ཡི་དབྱིངས་སུ་བསྔོའོ།།གང་ཤར་ཐོལ་རླུང་གི་རྨི་ལམ་ལུང་བསྟན།།ཤྲཱིཿསྨྱོན་ཨེ་ཧོ་ཡིས་དེ་སྐད་ཐལ་ལོ།།རབ་གནས་ས་ཕག་གི་ཟླ་༧ ཚེས ༡ དགེ་བར་རྨི་ལམ་བཞིན་ཕལ་ཆེར་དྲན་ཟིན་དག་བརྗེད་དུ་འཕོང་ནས་སྐད་ཅིག་དེ་ཉིད་ལ་ཡིག་གེར་བྲིས་ཏེ་ཨ་ས་ར་ལ་ཨེ་མ་ཧོས་ཨེ་ཝཾ་ཡོ་ག་གླིང་གི་གསུང་རབ་ནོར་བུའི་མཛོད་ཁང་ནས་གུས་ཕུལ།།

  • August 2019

    ༒སྐྱེ་འཆི་དོན་ལྡན་གྱི་སྙིང་གཏམ་མགུར་མ།།

    ༒སྐྱེ་འཆི་དོན་ལྡན་གྱི་སྙིང་གཏམ་མགུར་མ།།ན་མོ་གུ་རུ་པདྨ་ཀ་ར་ཡེ།།རྗེ་བླ་མ་དཀོན་མཆོག་གསུམ་ལ་འདུད།།ལས་རྟེན་འབྲེལ་བསླུ་བ་མེད་པ་དང་།།དུས་སྐྱེ་ནས་འཆི་ལ་ཉེ་བ་འདིས།།དོན་རང་ཅག་ཀུན་ལ་བརྡ་ཞིག་བསྟན།།མགོན་ཤཱཀྱ་སེངྒེའི་མན་ཆད་དང་།།ལུས་སྲོག་ལྡན་སེམས་ཅན་ཐམས་ཅད་ཀུན།།ཚེ་འཇའ་ལུས་འཕོ་ཆེན་མ་འགྲུབ་ན།།འཆི་མི་དགོས་པ་ཞིག་སུ་ཡང་མེད།།སྐྱེ་མི་ལུས་སྙིང་པོ་ལོན་པའི་ཚེ།།རྒས་མཉེར་མ་སྐྲ་དཀར་མཛེས་པའི་རྒྱན།།ན་སྡུག་བསྔལ་གང་ཡོད་སྒྲིབ་སྦྱོང་ལགས།།འཆི་རང་དབང་ཐོབ་པ་དམ་པའི་གཤིས།།གཞི་གཉུག་མའི་བཙན་ས་ཟིན་པའི་ཐབས།།ལམ་ཀ་དག་ཁྲེགས་ཆོད་གདམས་པའི་མཐུས།།འབྲས་ཀུན་བཟང་རྒྱལ་ས་ཕྱིན་པའི་ཚེ།།གནད་སངས་རྒྱས་དགོངས་པ་ཚེ་འདིར་ཕྱིན།།ལུས་དལ་འབྱོར་དོན་ཆེན་ཤེས་པ་དང་།།ཚེ་མི་རྟག་རྒྱུད་ལ་འབྱོར་བའི་ཚེ།།ལས་རྒྱུ་འབྲས་མིག་གི་འབྲས་བཞིན་སྲུང་།།ལམ་བདེན་བཞི་བརྩོན་པར་ཆོས་ཉིད་ལགས།།སྐྱབས་བསླུ་མེད་དཀོན་མཆོག་སྐྱབས་སུ་འགྲོ།།མ་སེམས་ཅན་དོན་ལ་བྱང་སེམས་བསྐྱེད།།སེམས་ཀུན་བཟང་ཕྱིར་ཏུ་རྡོར་སེམས་སྒོམ།།ཚོགས་རྫོགས་ཕྱིར་གསང་གསུམ་མཎྜལ་མཆོད།།ཕྱི་ངོ་ལྐོག་མཚུངས་པས་བླ་མ་བསྟེན།།ནང་དྲན་ཤེས་བག་ཡོད་རྒྱུན་དུ་འགྲོགས།།དོན་གསང་བའི་སྐྱབས་གནས་བླ་མ་ལྟ།།གནད་རང་རིག་བླ་མའི་རྣལ་འབྱོར་བརྩོན།།དད་ངེས་འབྱུང་ལྡན་པ་རབ་བྱུང་ཡིན།།གུས་བྱང་སེམས་མཆིས་པ་སེམས་དཔའ་ལགས།།དམ་གསང་ཚིག་འཛིན་པའི་རྡོ་རྗེ་འཆང་།།ཡབ་ཀུན་ཏུ་བཟང་དང་དགོངས་པ་མཉམས།།བསྟན་བཤད་སྒྲུབ་ཕྲིན་ལས་རྒྱུད་པར་འཛིན།།འགྲོ་མ་ལུས་ཕན་བདེའི་ནུས་པར་སྐྱོང་།།ཆོས་རྫོགས་པ་ཆེན་པོའི་བརྒྱུད་པ་སྤེལ།།དཔལ་དགྱེས་པ་རྡོ་རྗེའི་སྙིང་གཏམ་ལགས།།ཞེས་པ་རབ་གནས་ས་ཕག་ཁྲུམས་ཟླའི་གནམ་གང་ལ་ངོས་ཀྱི་མཁའ་འགྲོ་ཡིད་བཞིན་ནོར་བུ་དང་སློབ་མ་སྒྲུབ་དཔོན་སངས་རྒྱས་ཀུན་འདུས་སྐུལ་ངོར་གང་ཤར་གདམས་གླུ་རུ་ཤྲཱིཿཨེ་མ་ཧོས་ཨེ་ཝཾ་ཀུན་བཟང་ཆོས་གླིང་ནས་བྲིས་པར་དགེའོ།། །།