སྒྲོལ་དཀར་ལ་གདམས་ཚིག་ཨུཏྤལ་དཀར་པོ།།ན་མོ་གུ་ར་ཝེ།།བློ་གཏད་བླ་མ་དམ་པ་སྐྱབས་འགྲོ་ཡི་མཐར་ཐུག།གཞན་དོན་ལྷུར་ལེན་བྱེད་པ་སེམས་བསྐྱེད་ཀྱི་རྒྱལ་པོ།།དྲན་ཤེས་བག་ཡོད་སྐྱོང་བ་མདོ་སྔགས་ཀྱི་ལམ་འཁྱེར།།ཀུན་བཟང་རྒྱལ་བའི་ལམ་ལ་བདེ་མྱུར་ཏུ་ཕེབས་ཤོག།ཨེ་མ་ཧོས
༄༅༎བླ་མའི་རྣལ་འབྱོར་དད་པའི་གསོས་སྨན་བཞུགས་སོ༎དང་འདོད་ཡིད་ཆེས་ཀྱི་དད་པ་དྲག་ཏུ་བསྐྱེད་དེ།སངས་རྒྱས་ཀུན་གྱིས་འཕྲིན་ལས་གཅིག་འདུས་པ༎མ་ལུས་འགྲོ་བ་ཡོངས་ཀྱི་གཉེན་གཅིག་པུ༎དཀྱིལ་འཁོར་ཡོངས་ཀྱི་སྤྲོ་བསྡུས་སྤྱི་དཔལ་རྗེ༎སྐལ་ལྡན་བདག་གི་གཏན་གྱི་སྐྱབས་གནས་མཆོག།སྟོན་ཟླའི་མཚན་མོ་དཀར་བའི་རི་བོང་འཛིན༎རྒྱུ་སྐར་ཡོངས་ཀྱི་དབུས་ན་མཛེས་པ་ལྟར༎དད་ལྡན་བྱེ་བས་མངོན་པར་བཀུར་བ་ཡི༎མཐོང་བའི་མི་ངོམས་སྐུ་མཆོག་མིག་གིས་སྨན༎ཆར་ལྡན་དུས་སྟོན་དར་བའི་སྐབས་ཞིག་ན༎ལྷང་ལྷང་ལྡིར་བའི་སྤྲིན་གྱི་རོལ་མོ་བཞིན༎ཚར་གཅོད་རྗེས་སུ་འཛིན་ལ་དབང་འབྱོར་བའི༎དགག་བཞག་སྤོང་བའི་གསུང་འདི་རྣ་བར་འཇེབས༎སྤྲོས་ཟད་མཁའ་ལ་མཁྱེན་པའི་ཉི་འོད་ཀྱིས༎ལྔ་བདོའི་རྒུད་པའི་མུན་ཚོགས་དབྱིངས་སུ་བསྙིལ༎སྐལ་ལྡན་བློ་ཡི་འདབས་སྟོང་ཅིར་ཡང་བཞད༎ཐུགས་རྗེའི་ཐུགས་འདི་ཡིད་ལ་ཡང་ཡང་འཁོར༎ཞེས་གསལ་བཏབ་ལ།གསོལ་བ་གདབ་པ་ནི།ཀྱེེ་མ་བླ་མ་རིན་པོ་ཆེ། །བདག་ལ་ཐུགས་རྗེའི་ཉེར་དགོངས་ལ༎ཁྱེད་དང་སྐལ་བ་མཉམ་པ་རུ༎ད་ལྟ་ཉིད་དུ་བྱིན་གྱིས་རློབས༎ཐུན་འཇོག་པར།མཐར་ནི་བླ་མ་རང་ལ་ཐིམ༎རང་སེམས་སྐྱེ་མེད་འོད་གསལ་འདི༎ལྷ་དང་བླ་མ་དབྱེར་མེད་པར༎ཐག་ཆོད་ངང་ལ་མཉམ་པར་བཞག། ཨ་ཨ་ཨ།ཞེས་སྣང་སྲིད་ཐམས་ཅད་བླ་མའི་ངོ་བོར་མོས་ལ་དགེ་རྩ་བྱང་ཆུབ་ཏུ་བསྔོ་བར་བྱའོ༎ ཞེས་པ་འདི་ནི་དད་སློབ་མཁན་ཤེས་རབ་བཟང་པོའི་ངོ་ཆེན་པ་བྱས་ཏེ་ཕུ་ཁང་ཆོས་གྲྭལ་ན་འཁོད་པའི་མཁན་སློབ་འགའ་ཞིག་གིས་ནན་ཟབ་བསྐུལ་བའི་ངོར་རབ་བྱུང་༡༧པའི་མེ་གླང་ཟླ་༣ཚེས་༡༠ལ་ངག་དབང་བློ་གྲོས་མཚུངས་མེད་པས་སྤེལ་བ་དགེ། བསྐུལ་བ་པོ་ཁོང་རྣམས་ཀྱིས་ཐུགས་ལ་འཕྲོད་པའི་ཚིག་དོན་ལེགས་པོ་ཞིག་མ་བྱུང་ཡང་ཁོ་བོའི་ཚེ་གང་བོ་ལ་རྩོལ་མེད་དུ་རང་གི་ཡིད་ངོར་ཤར་བ་བཞིན་མ་གཏོགས་ཚིག་དོན་གཉིས་ཆར་ལ་བསྒྱུར་བཅོས་བྱེད་མ་མྱོང་བས་ཐུགས་ཁྲེལ་མེད་པར་ཞུ།སྤྱི་ལོ་༡༩༩༧ལོའི་ཟླ་༣ཚེས་༢༤ལའོ༎ཨོཾ་གུ་རུ་ཀལྱ་དྷརྨ་བརྡྷ་སིདྡྷི་ཨཿཧཱུྃ།
ཨ་རིག་མཁན་ཆེན་བླ་མ་སྐུ་གཤེགས་ནས་ལོ་འཁོར་༡༨ ལོན་པའི་རྗེས་དྲན་བསུ། ࿐ཕ་ཅིག་བླ་མ་དྲན་པའི་གསོལ་འདེབས་མ་བཅོས་བྱིས་པའི་གདུངས་འབོད། རྗེ་སངས་རྒྱས་མི་གཟུགས་བྱོན་པ་ཞིག །དུས་སྙིགས་མ་ལྔ་བདོའི་མགོན་དུ་ཕེབས། །མཚན་བརྗོད་ན་དགེ་ལེགས་ཆོས་འཕེལ་ཞེས། །ཕ་བླ་མ་དེ་ལ་གསོལ་བ་འདེབས། ། བཀའ་མདོ་རྒྱུད་རྒྱ་མཚོའི་ཕ་རོལ་ཕྱིན། །བྱམས་སྙིང་རྗེའི་ཐུགས་རྒྱུད་ཀུན་ནས་ཕྱུག །ཆོས་རྫོགས་ཆེན་ལྟ་བའི་རང་ཞལ་མཇལ། །རྗེ་པདྨ་ཚེ་དབང་ལྷུན་གྲུབ་མཁྱེན། ། མཚན་ཐོས་ན་ཐར་བའི་ས་བོན་འདེབས། །ཞལ་མཇལ་བ་ཙམ་གྱིས་མོས་གུས་སྐྱེ། །གསུང་ཐོས་ན་བླང་དོར་འཇུག་ལྡོག་ཤེས། །མགོན་ལེགས་བཤད་སྨྲ་བའི་ཉི་མ་མཁྱེན། ། བྱིན་བརྒྱུད་ཀྱི་རྟོགས་པ་ཁྱེད་ལ་རེ། །མཆོག་ཐུན་གྱི་དངོས་གྲུབ་ཁྱེད་ལ་ཞུ། །ལས་བཞི་ཡི་ཕྲིན་ལས་ཁྱེད་ཀྱི་སྒྲུབ། །ཕ་ཁྱེད་ལས་གཞན་པའི་སྐྱབས་ཅིག་མེད། ། ཕྱི་ཆོས་བརྒྱད་ཀྱི་འུར་ཟིང་ཁྱེད་ལ་མེད། །ནང་རེ་དོགས་དང་ཆགས་སྡང་ཁྱེད་ལ་མེད། །བར་མཚན་འཛིན་གྱི་སྤྲོས་པ་ཁྱེད་ལ་མེད། །ཕ་ཁྱེད་ནི་རྫོགས་པའི་སངས་རྒྱས་ཡིན། ། བཀའ་སྡེ་སྣོད་གསུམ་གྱི་དགོངས་དོན་ཤེས། །ལམ་བསླབ་པ་གསུམ་པོ་ཚུལ་བཞིན་བསྲུང་། །མདོ་རྒྱུད་ཀྱི་གཞུང་དང་ཞུ་དག་ཕེར། །ཕ་བླ་མ་ཁྱེད་བསམ་བཞིན་ཇེ་དྲན་རེད། ། ས་ཆེན་པོའི་ཁྱོན་འདིར་བླ་མས་གང་། །མཁས་བཙུན་གྱི་སྐད་གྲགས་མང་ནའང་། །རྗེ་ཁྱེད་ཀྱི་རྣམ་ཐར་བསམ་ཙ་ན། །ཕ་ཁྱེད་དང་མཚུངས་བ་ཉིན་སྐར་ཙམ། ། དཔལ་མཉམ་མེད་དི་པམ་ཀ་ར་སོགས། །སྔོན་བཀའ་གདམས་གོང་མའི་རྣམ་ཐར་རྣམས།…
སྐྱེན་པོའི་དགེ་སློང་པདྨ་བསམ་འཛིན་གྱི་རྣམ་ཐར་ཀུན་བཟང་ཞིང་གི་ནོར་བུ།།ཨེ་མ་ཧོ།།བརྒྱུད་གསུམ་རིག་འཛིན་བླ་མའི་བཀའ་གཏེར་བདག།གཏེར་ཆེན་དྲག་སྔགས་གླིང་པའི་ཐུགས་སྲས་མཆོག།གསང་གསུམ་བཤད་སྒྲུབ་ཕྲིན་ལས་རྟག་བརྩོན་པའི།།རྣམ་དག་དགེ་སློང་པདྨ་བསམ་འཛིན་རྟག་ཏུ་རྒྱལ།།དེ་ཡང་བསླབ་གསུམ་ནོར་བུའི་མཛོད་འཆང་། སྐྱེན་པོའི་དགེ་སློང་ངམ་པདྨ་བསམ་འཛིན་ནི། སྤྱི་༡༩༡༡ལོར་ཡབ་སྐྱེན་པོའི་འབྱུང་གནས་དང་། ཡུམ་སྒྲོལ་མ་ལྷ་དཀར་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་ནས་བཟུང་དམ་པའི་ཡོན་ཏན་དང་ལྡན་ཞིང་བྱམས་དང་སྙིང་རྗེའི་ཤེས་རབ་ལྷན་སྐྱེས་སུ་མངའ་བ། ཁྱད་པར་སེམས་ཅན་ཀུན་ལ་སྙིང་རྗེ་ཆེ་བ་དང་། སངས་རྒྱས་བྱང་སེམས་ལ་བཅོས་མིན་གྱི་དད་པ་ལྡན་པའི་སྐྱེས་བུ་དམ་པའི་ཚུལ་དང་ལྡན་པའོ། དེ་ནས་ནར་སོན་པའི་དུས་ལ་ཡང་ཤེས་བརྩོན་ནི་ཆོས་ལ་སྦྱོང་འདོད་ཀྱི་བློ་དང་། འཁོར་བ་མཐའ་དག་ལས་ངེས་འབྱུང་གི་བློ་བཅོས་མིན་འཁྲུངས་ཏེ་ཕ་མ་ལ་རབ་ཏུ་བྱུང་བར་བསྐུལ་བས། ཕ་མས་ཀྱང་དེ་བཞིན་འཐད་པར་བྱུང་། པཱ་ཐུར་མཁན་པོ་༧ཐུབ་དགའ་ཡིད་བཞིན་ནོར་བུའི་སྐུ་མདུན་ནས་རབ་ཏུ་བྱུང་བ་དང་། དགེ་མང་མཁན་པོ་ཡོན་ཏན་རྒྱ་མཚོ་དང་དགེ་གུང་མཁན་པོ་ཀུན་དཔལ་དང་དེ་བཞིན་བླ་མ་དགེ་བའི་བཤེས་གཉེན་དུ་མ་ལ་བསྟེན། ཁྱད་པར་དུ་ཞེ་ཆེན་དྲུག་པ་༧སྣང་མཛད་གྲུབ་པའི་རྡོ་རྗེའི་སློབ་མར་གྱུར། ད་དུང་༧མཁན་པོ་རྒྱ་མཚོ་དང་། ༧རྫ་རྒྱལ་ཐུབ་བེའི་སྐུ་མདུན་ནས་རིག་གནས་དང་འདོན་ཆོག་བསྐོར་གསན་བསམ་གནང་། གཞན་ཡང་མཁྱེན་ཀོང་མཆོག་ལས་བརྒྱུད་་པའི་གཏེར་མཛོད་དང་། ཞེ་ཆེན་༧ཀོང་སྤྲུལ་ལས་བརྒྱུད་པའི་བཀའ་མ་དང་གཏེར་མའི་དབང་ལུང་ཆ་ཚང་གསན་བསམ་སྒོམ་པ་དང་། གཞན་ལ་བཀའ་མ་ཚར་གཉིས་དང་། གཏེར་མཛོད་ཚར་གསུམ་གྱི་ཁྲིད་ལུང་སྤེལ་བར་མཛད་དོ། དམིགས་བསལ་ཐུན་མིན་རྩ་བའི་བླ་མ་༧གཏེར་ཆེན་པདྨ་དྲག་སྔགས་གླིང་བའི་དངོས་སློབ་ཏུ་འགྱུར།དྲག་གླིང་གི་སྐུ་མདུན་ནས་རིག་པ་གཅེར་མཐོང་རང་གྲོལ་དང་ཡེ་ཤེས་བླ་མའི་དབང་ཁྲིད་ཞུས།གཏེར་ཆེན་བླ་མས་རིག་པའི་རྩལ་དབང་ཞུས་ཏེ་བླ་སློབ་དགོངས་པ་གཅིག་ཏུ་གྱུར། དེ་ནས་སྒོམ་དཅ་རི་ཁྲོད་ཁོ་ལ་ན་ལ་སྒོམ་རྩེ་གཅིག་བརྦོན། ཁྱད་པར་རིག་འཛིན་དྲག་གླིང་གི་གཏེར་ཆོས་ཡོངས་རྫོགས་ཞུས། ཡང་དགོས་རྫོགས་པ་ཆེན་པོའི་སྙིང་དོན་སུམ་ཅུ་ལ་ཐུགས་དམ་དུ་བཞེས་ནས་གྲུབ་པའི་གོ་འཕང་མཐོན་པོ་ལ་བཤེགས། དམ་པ་ཁོང་ཐུན་མིན་གྱི་བཞུགས་གནས། སྔ་འགྱུར་རྒྱལ་བ་ཞེ་ཆེན་དགོན་གྱི་སྒྲུབ་ཁང་གོང་མའི་ནང་དུ་སྐུ་མཚམས་མི་ལོ་བཞི་བཅུ་ལྷག་བཞུགས་སོ། དེས་སྐབས་སུ་༧ཞེ་ཆེན་རབ་འབྱམས་རིན་པོ་ཆེ་དང་། ༧ཞེ་ཆེན་རྒྱལ་ཚབ་དག་གིས་འཚོ་བའི་མཐུན་རྐྱེན་སྦྱར། འཇིག་རྟེན་འདི་འཛིའི་བྱ་བ་ཐམས་ཅད་རིང་དུ་སྤོང་། ཆོས་བརྒྱད་རྒྱབ་དུ་དོར། ངག་བཅད་མི་ལོ་ལྔ་བཅུ་ལ་བྱས། ཕྱི་ལྟར་ན་རྒྱུན་དུ་ཞི་ཞིང་དུལ་བ་དགེ་སྦྱོང་གནས་བརྟན་ཆེན་པོ། ནང་དུ་བྱང་ཆུབ་སེམས་པའི་ཐུགས་ཀྱི་སྤྱོད་པ་སེམས་ཅན་ཀུན་ལ་བཅོས་མིན་གྱི་སྙིང་རྗེ་ཆེན་པོ་མངའ་བའི་སེམས་ཅན་གྱི་དོན་ཁོ་ན་བརྩོན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་དང་། གསང་བ་རྫོགས་པ་ཆེན་པོའི་ཁྲེགས་ཆོད་ཀྱི་དགོངས་པ་མཐར་ཕྱིན། ལྷུན་གྲུབ་ཀྱི་སྣང་ཆ་ཉམས་གོང་འཕེལ་རིག་པ་ཚད་ལ་ཕེབས་ནས་ཆོས་ཉིད་ཟད་སར་མངའ་དབང་འབྱོར། ཕྱིས་སུ་སྤྱི་ལོ་༡༩༥༨ལོར་རྒྱ་དུས་ལོག་པའི་དུས་སྡེ་དམག་རུ་ཁག་དག་བླ་མ་འཛིན་དུ་རི་ཁྲོད་ན་ཡོང་བའི་དུས། ཁོ་ཚོ་མ་ཐོན་གོང་དུ་བླ་མ་སྐྱེ་འཆི་ལ་མངའ་དབང་འབྱོར་བའི་སྟོབས་ཀྱིས། ཞིང་གཞན་དུ་གཤེགས་ཟིན་འདུག དེ་ཡི་དུས་སྐུ་གདུང་ལ་བདག་སྐྱོང་སོགས་བྱེད་པའི་དུས་ཚོད་དང་དབང་ཆ་ཀྱང་མེད། ཆོས་ལ་སྡང་ཞུགས་ཆེ་བའི་དུས་མཐའི་རླུང་ནག་མཚུབ་མའི་ཁྲོད་ནས་ཉི་མ་དང་འདྲ་བའི་བླ་མ་ཁོང་གི་འགྲོ་དོན་རེ་ཞིག་མཇུག་རྫོགས་པར་བྱས་སོ། །མཆོག་གསུམ་རིན་ཆེན་སྣང་བ་རྟག་འགྲོགས་ཤིང་།།བསླབ་གསུམ་ཡོན་ཏན་རྒྱ་མཚོའི་གཏེར་ལ་དབང་།།ཁམས་གསུམ་འགྲོ་དོན་མཛད་པ་མཐར་ཕྱིན་པའི།།བརྒྱུད་གསུམ་བླ་མའི་ཕྲིན་ལས་ལྷུན་གྲུབ་ཤོག།ཅེས་པ་རབ་གནས་ལྕགས་བྱི་ཆོ་འཕྲུལ་ཟླ་བའི་དུས་ཚེས་དགེ་བར་པདྨའི་དགའ་ཚལ་གླིང་ཆོས་མཆེད་གླེང་མོལ་ལ་སྐྱེན་པོའི་རྒན་པ་འགའ་ཞིག་གི་ངག་རྒྱུན་བཞིན་དུ་དཔལ་དགྱེས་པ་རྡོ་རྗེས་སེང་གླིང་དགེ་མང་རྫོགས་ཆེན་དགོན་དུ་བྲིས་པར་དགེའོ།།
ཐོད་པ་བརྟག་ཐབས། ཀ་པཱ་ལ། ཀ་པཱ་ལ་ཞེས་པ་ལེགས་སྦྱར་གྱི་སྐད་དེ། བོད་སྐད་དུ་ཐོད་པའི་མིང་ཡིན། དེ་ལ་མཁས་གྲུབ་རྗེའི་རྣལ་འབྱོར་རོལ་བའི་དགའ་སྟོན་དུ། དེ་ཡང་བླ་མ་དང་དཀྱིལ་འཁོར་གྱི་ལྷ་དང་དཔའ་བོ་དང་རྣལ་འབྱོར་མ་དག་ལ་ཚོགས་ཀྱི་འཁོར་ལོ་དང་། དཔའ་བོའི་སྟོན་མོ་དང་། དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པའི་གནས་སྐབས་ལ་སོགས་པ་དུས་ཁྱད་པར་བ་དང་། དུས་ནར་མ་བའི་ཚེ་བདག་དང་ལྷ་ལ་སོགས་པ་བདུད་རྩིའི་མཆོད་པས་ཚིམ་པར་བྱེད་པའི་བཏུང་པའི་སྣོད་དང་། ལྷ་དང་མཁའ་འགྲོ་ཆོས་སྐྱོང་དང་འབྱུང་བོ་ལ་སོགས་པ་གཏོར་མས་ཚིམ་པར་བྱ་བའི་སྣོད་རྣལ་འབྱོར་བའི་ལྷུང་བཟེད་ཅེས་གསུངས་པ་ནི་ཐོད་པ་ཡིན་པས་འདིར་དེའི་རྣམ་གཞག་བཤད་པར་བྱ་སྟེ། རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་ཀྱི་སྔགས་ཆས་རྣམ་པཤད་ལས། གསང་སྔགས་ཀྱི་དམ་རྫས་བདུད་རྩིའི་སྣོད་དང་རྣལ་འབྱོར་པའི་ཁམ་ཕོར་ལ་ནི་འཇིམ་པ་ལས་བྱས་པའི་སྣོད་དང་། རུས་སྦལ་གྱི་རུས་ཁོག་དང་། འཁར་བ་དང་། ཟངས་མ་དང་། ལྕགས་དང་། གསེར་དང་། དངུལ་དང་། དུང་དང་། ཉ་ཕྱིས་ཀྱི་ཁམ་ཕོར་དང་། བལ་བོ་སེའུའི་འབྲས་ཤུན་དང་། རྭ་ཅོ་དང་། ཤིང་ཕོར་དང་། རྡོ་སྣོད་དང་། ཐོད་ཕོར་བཅས་དུ་མ་ཞིག་ལ་བྱ་རུང་བ་ཡིན་ཏེ། བདེ་མཆོག་སྡོམ་འབྱུང་ལས། དེ་ནས་དེ་ཕྱིར་སྣོད་ཀྱི་ནི། །མཚན་ཉིད་མཆོག་ནི་ཡང་དག་བཤད། །འཇིམ་པའམ་དེ་བཞིན་རུས་སྦལ་སྣོད། །འཁར་བའམ་ཟངས་སམ་ལྕགས་ལས་བྱས། །གསེར་རམ་དངུལ་ལས་བྱས་པའམ། དུང་ངམ་དེ་བཞིན་ཉ་ཕྱིས་ཏེ། བལ་བོ་སེའུ་ཡི་འབྲས་བུ་མཚོག། དེ་བཞིན་གཞན་ཡང་གསར་བྱུང་བ། །རྭ་ལས་བྱུང་དང་ཤིང་སྣོད་སོགས། །གཞན་ཡང་རྡོ་སྣོད་ཁྱད་པར་རོ། །ཞེས་གསུངས་པའི་ཕྱིར་རོ། །རྒྱ་ཡིག་གི་མིང་། 颅骨、颅器རྒྱུ་ཆ། མིའི་ཐོད་རུས།1ངོས་འཛིན།ཀ་པཱ་ལ་ཞེས་པ་ལེགས་སྦྱར་གྱི་སྐད་དེ།…
ཆེ་མཚར་ཅིག་ལ་ཕལ་མོ་ཆེ་རྣམ་རྐྱེན་ངན་ཐོག་ཏུ་བབས་ཚར་དུས་རིམ་འགྲོ་བྱེད་པ་ཁྱབ་བསྒྲགས་བྱེད་པ་དེ་རེད། ཕག་ལོའི་སྤྱི་ཟླ་བདུན་པའི་ཚེས་༡༦་ལ་སྒྲོལ་མ་དུང་ཕྱུར་གཅིག་བསྟན་འགྲོ་སྤྱིའི་རིམ་འགྲོ་བཞགས་པ་ཡིན། ད་ལོ་སྐྱབས་འགྲོ་དུང་ཕྱུར་གཅིག་དང་དཀོན་མཆོག་གསུམ་དང་སིདྡྷི་དུང་བརྒྱ་ཕྲག་དང་བླ་མ་ཨོ་རྒྱན་རིན་པོ་ཆེ་ཁོ་ན་ལ་གསོལ་བ་འདེབས་ནས་དཀོན་མཆོག་ཀུན་འདུས། རྩ་གསུམ་སྤྱི་གཟུགས། སྐུ་གསུམ་གྱི་ཁྱབ་བདག རང་རིག་བླ་ནའི་རྣལ་འབྱོར། གུ་རུ་པདྨ་སིདྡྷི་ཧཱུཾ། དེ་ཁོ་ན་ཉིད་ལ་འབད་ན་སོ་སོར་ནད་ངན་ལས་ཐར་བ་དང་ཐུགས་དམ་གོང་འཕེལ་འབྱུར་བར་ངེས་པར་མཁྱེན་འཚལ་ལོ། ཨེ་མ་ཧོས