March 2020

ཨ་རིག་མཁན་ཆེན་བླ་མ་སྐུ་གཤེགས་ནས་ལོ་འཁོར་༡༨ ལོན་པའི་རྗེས་དྲན་བསུ།

࿐ཕ་ཅིག་བླ་མ་དྲན་པའི་གསོལ་འདེབས་མ་བཅོས་བྱིས་པའི་གདུངས་འབོད།

རྗེ་སངས་རྒྱས་མི་གཟུགས་བྱོན་པ་ཞིག །
དུས་སྙིགས་མ་ལྔ་བདོའི་མགོན་དུ་ཕེབས། །
མཚན་བརྗོད་ན་དགེ་ལེགས་ཆོས་འཕེལ་ཞེས། །
ཕ་བླ་མ་དེ་ལ་གསོལ་བ་འདེབས། །

བཀའ་མདོ་རྒྱུད་རྒྱ་མཚོའི་ཕ་རོལ་ཕྱིན། །
བྱམས་སྙིང་རྗེའི་ཐུགས་རྒྱུད་ཀུན་ནས་ཕྱུག །
ཆོས་རྫོགས་ཆེན་ལྟ་བའི་རང་ཞལ་མཇལ། །
རྗེ་པདྨ་ཚེ་དབང་ལྷུན་གྲུབ་མཁྱེན། །

མཚན་ཐོས་ན་ཐར་བའི་ས་བོན་འདེབས། །
ཞལ་མཇལ་བ་ཙམ་གྱིས་མོས་གུས་སྐྱེ། །
གསུང་ཐོས་ན་བླང་དོར་འཇུག་ལྡོག་ཤེས། །
མགོན་ལེགས་བཤད་སྨྲ་བའི་ཉི་མ་མཁྱེན། །

བྱིན་བརྒྱུད་ཀྱི་རྟོགས་པ་ཁྱེད་ལ་རེ། །
མཆོག་ཐུན་གྱི་དངོས་གྲུབ་ཁྱེད་ལ་ཞུ། །
ལས་བཞི་ཡི་ཕྲིན་ལས་ཁྱེད་ཀྱི་སྒྲུབ། །
ཕ་ཁྱེད་ལས་གཞན་པའི་སྐྱབས་ཅིག་མེད། །

ཕྱི་ཆོས་བརྒྱད་ཀྱི་འུར་ཟིང་ཁྱེད་ལ་མེད། །
ནང་རེ་དོགས་དང་ཆགས་སྡང་ཁྱེད་ལ་མེད། །
བར་མཚན་འཛིན་གྱི་སྤྲོས་པ་ཁྱེད་ལ་མེད། །
ཕ་ཁྱེད་ནི་རྫོགས་པའི་སངས་རྒྱས་ཡིན། །

བཀའ་སྡེ་སྣོད་གསུམ་གྱི་དགོངས་དོན་ཤེས། །
ལམ་བསླབ་པ་གསུམ་པོ་ཚུལ་བཞིན་བསྲུང་། །
མདོ་རྒྱུད་ཀྱི་གཞུང་དང་ཞུ་དག་ཕེར། །
ཕ་བླ་མ་ཁྱེད་བསམ་བཞིན་ཇེ་དྲན་རེད། །

ས་ཆེན་པོའི་ཁྱོན་འདིར་བླ་མས་གང་། །
མཁས་བཙུན་གྱི་སྐད་གྲགས་མང་ནའང་། །
རྗེ་ཁྱེད་ཀྱི་རྣམ་ཐར་བསམ་ཙ་ན། །
ཕ་ཁྱེད་དང་མཚུངས་བ་ཉིན་སྐར་ཙམ། །

དཔལ་མཉམ་མེད་དི་པམ་ཀ་ར་སོགས། །
སྔོན་བཀའ་གདམས་གོང་མའི་རྣམ་ཐར་རྣམས། །
ཚུལ་བཞིན་དུ་ཕྱག་ལེན་གནང་མཁན་དེ། །
ངའི་བླ་མ་ལྟ་བུ་ཕལ་ཆེར་དཀོན། །

སྡོམ་དམ་ཚིག་ཉམས་ཆགས་དྲི་མས་གོས། །
སེམས་ཆགས་སྡང་ཆོས་བརྒྱད་དུག་ཆུས་བསླད། །
ཕྱི་ལྟར་སྣང་ཆོས་གཟུགས་ཀྱི་ལས་ངན་པོ། །
བུ་ང་ལ་རེ་ས་ཁྱེད་ལས་མེད། །

ཚེ་འདི་ཕྱི་བར་དོ་ཐམས་ཅད་དུ། །
ཕ་ཁྱེད་ཀྱི་ཐུགས་རྗེས་ཕྱག་གིས་སྐྱོབས། །
སེམས་བསམ་པ་ཆོས་བཞིན་འགྲུབ་པ་དང་། །
ནུབ་བདེ་ཆེན་ཞིང་དུ་སྐྱེ་བར་ཤོག །

ཞེས་ཐུགས་རྗེ་དང་བཀའ་དྲིན་མཚུངས་པ་མེད་པའི་ཀུན་གཟིགས་མཁན་ཆེན་བླ་མའི་རྗེས་དྲན་ཉུང་ངུ་འདི་ཉིད་ཆོས་གྲོགས་འགའི་ཐུགས་བཞེད་ལྟར།
འཇིགས་བྲལ་པདྨ་རིག་འཛིན་ནས་གང་དྲན་ལྷུག་པར་འབོལ་རྩོམ་དུ་རབ་གནས་ལྕགས་བྱི་ཟླ་དང་པོའི་ཚེས ༡༠ སྤྱི་ལོ་༢༠༢༠ཟླ་༣ཚེས་༤ལ་བྲིས་པ་དགེ་བར་
རྗེས་དྲན་མ་བཅོས་སེམས་ཀྱི་འཆར་སྒོ།


རྣམ་འདྲེན་ཐུབ་པའི་དབང་པོའི་ཞལ་ཚབ་ནི་སྒྱུར་ཞིང་། །
བཀའ་དྲིན་མཚུངས་པ་མེད་པའི་དྲིན་ལྡན་གྱི་བླ་མ། །
སྐྱབས་རྗེ་ཀུན་གཟིགས་མཁན་ཆེན་དགེ་ལེགས་ནི་ཆོས་འཕེལ། །
བྱང་ཆུབ་སྙིང་པོའི་བར་དུ་འབྲལ་མེད་དུ་འདུད་དོ། །

གང་གི་ཐུགས་བསྐྱེད་སྨོན་ལམ་ཟབ་མོ་ཡི་མཐུ་དང་། །
རང་གི་སྔོན་བསགས་ལས་འཕྲོ་བཟང་པོ་ཡི་སྟོབས་ཀྱིས། །
མཁན་ཆེན་ཆོས་ཀྱི་རྒྱལ་པོའི་ཞབས་པད་ལ་བརྟེན་ནས། །
ཟབ་རྒྱས་ཆོས་ཀུན་ཐོབ་པའི་དུས་བཟང་དེ་སྤྲོ་བྱུང་། །

འོན་ཀྱང་སྙིགས་ལྔའི་གདུལ་འགྲོའི་བསོད་ནམས་ནི་ཞན་པས། །
སྣ་ཚོགས་ཆོ་འཕྲུལ་ཟླ་བའི་དམར་ཕྱོགས་ནི་ཉེར་ལྔར། །
རིགས་གསུམ་མི་འགྱུར་དཔལ་གྱི་བསམ་ཡས་ཀྱི་མདུན་ཞོལ། །
ཕ་གཅིག་བླ་མའི་དགོངས་པ་ཞིང་ཁམས་ལ་གཏད་སོང་། །

བཀའ་དྲིན་ཅན་གྱི་བླ་མ་ཞིང་ཁམས་ལ་ཕེབས་ནས། །
ལས་ངན་ཁུར་གྱིས་དུབ་པའི་བཙུན་གཟུགས་ང་བསྐྱུར་སོང་། །
བླ་སློབ་བྲལ་དགོས་བྱུང་བའི་དུས་སྐབས་འདི་བསམས་ཚེ། །
བཅོས་མིན་དུངས་བའི་སྨྲེ་སྔགས་དབང་མེད་དུ་ཤོར་ཐལ། །


ད་སྐབས་བདེ་སྐྱིད་ཉམས་དགའི་ཞིང་མཆོག་ནི་གང་ན། །
གྲུབ་བརྙེས་རིག་འཛིན་རྒྱ་མཚོ་སྤྲིན་ཕུང་བཞིན་འཁྲིགས་པའི། །
ང་ཡི་བླ་མས་ཟབ་གསང་ཐེག་ཆེན་གྱི་ཆོས་འཁོར། །
བསྐོར་བའི་ངང་ཚུལ་ཡིད་ཡུལ་འགོག་མེད་དུ་ཤར་བྱུང་། །


སྔར་ཞིག་མདུན་ན་བཞུགས་པའི་ཀུན་མཁྱེན་གྱི་བླ་མ། །
ད་ལྟར་ཞལ་རིས་མཇལ་བའི་སྐལ་བ་དང་བྲལ་ནས། །
གཟུགས་བརྙན་དཔེ་རིས་ཙམ་ཞིག་མཆོད་གྲལ་དུ་འཇོག་པའི། །
དབང་མེད་སེམས་ཀྱི་མྱ་ངན་བཟློག་ཐབས་ནི་མ་བྱུང་། །

ཕ་གཅིག་བླ་མ་དག་པའི་ཞིང་ཁམས་ན་སྐྱིད་ཀྱང་། །
ལས་ངན་གདུལ་བྱ་མ་དག་འཁོར་བ་ན་སྡུག་པའི། །
རང་ཉིད་བདེ་དགའ་ཙམ་ཞིག་དང་ལེན་ནི་བྱ་བ། །
ཐེག་ཆེན་སེམས་དཔའ་ཁྱེད་ལ་མཛའ་བ་ཞིག་མ་ལགས། །

བརྩེ་ཆེན་དྲི་བྲལ་སྤྱན་གྱིས་ས་ལེར་ནི་གཟིགས་པས། །
སྙིགས་ལྔའི་འགྲོ་ཁམས་འདི་ལ་རིང་མིན་གྱི་དགོངས་པ། །
རྒྱལ་བསྟན་གཞིར་བཞེངས་ནུས་པའི་ཐུགས་རྗེ་ཡི་ཡང་སྤྲུལ། །
བདག་སོགས་འགྲོ་བ་ཡོངས་ཀྱི་མགོན་པོ་རུ་ཕེབས་ཤོག །


མཁས་བཙུན་གྲུབ་པའི་ཡོན་ཏན་རྒྱ་མཚོ་ཡི་གཏེར་མཛོད། །
བརྩེ་ཆེན་བྱམས་པའི་ཕྱག་གིས་ཡང་ཡང་ནི་བསྐྱངས་བའི། །
ཕ་གཅིག་བླ་མའི་ཡོན་ཏན་བཀའ་དྲིན་རྣམས་དྲན་ཚེ། །
ས་སྟེང་བླ་མས་གང་ཡང་སེམས་པ་ནི་མ་ཚིམས། །

ད་ནི་མ་བཅོས་སེམས་ཀྱི་རང་གདེང་གི་གཤིས་ལ། །
བཅོས་ལྷད་བླང་དོར་བྲལ་བའི་བརྗོད་མེད་ཀྱི་གནད་གསང་། །
འདི་ཀའི་ངང་དུ་གུ་ཡངས་ལྷོད་པོ་རུ་ཤོག་དང་། །
འདི་བས་གཞན་ན་བླ་མ་ཡོད་ཚུལ་ནི་མི་གདའ། །

སྐྱེ་དང་ཚེ་རབས་ཀུན་ཏུ་དག་དང་ནི་མ་དག །
བདག་ཉིད་གང་དུ་གནས་ཀྱང་ཁྱེད་དང་ནི་མི་འབྲལ། །
རྒྱལ་སྲས་སེམས་དཔའི་སྤྱོད་པ་རྩོལ་མེད་དུ་བསླབས་ནས། །
དོན་གཉིས་ལྷུན་གྱིསགྲུབ་པའི་དངོས་གྲུབ་དེ་སྩོལ་ཅིག །


ཅེས་དཔལ་གྱི་བསམ་ཡས་ཀྱི་མདུན་ཞོལ་ཕ་གཅིག་བླ་མའི་གདུང་མདུན་ནས་མ་བཅོས་སེམས་ཀྱི་རི་མོ་གང་ཤར་པདྨ་རིག་འཛིན་གྱིས་སྨྲས་སོ།།

༄༅།།ཀུན་གཟིགས་མཁན་ཆེན་བླ་མ་པདྨ་ཚེ་དབང་ལྷུན་གྲུབ་མཆོག་གི་
ཐུགས་དམ་གནད་བསྐུལ་ཉམ་ཐག་དྭ་བུའི་
གདུང་དབྱངས་བཞུགས།

ན་མོ་གུ་རུ།
དོན་གཉིས་ལྷུན་གྲུབ་རྫོགས་པའི་སངས་རྒྱས་ཀྱི་ངོ་བོ།།
རྨད་བྱུང་ལུང་རྟོགས་དམ་ཆོས་རྒྱ་མཚོ་ཡི་གཏེར་མཛོད།།
ཚོགས་མཆོག་དགེ་འདུན་བྱེ་བའི་གཙུག་རྒྱན་དུ་གྱུར་བ།།
མཆོག་གསུམ་ཀུན་འདུས་དགེ༵་ལེག༵ས་ཆོས༵་འཕེལ༵་དེ་མཁྱེན་ནོ།།

རྒྱལ་ཀུན་གསང་གསུམ་གཅིག་འདུས་པ༵དྨ༵་ནི་ཀཱ་ར།།
འཆི་མེད་ཚེ༵་ལ་དབང༵་བའི་ལྷུན༵་གྲུབ༵་གྱི་རིག་འཛིན།།
གདུལ་དཀའ་སྙིགས་འགྲོའི་མགོན་དུ་བཤེས་གཉེན་གྱིས་ཞལ་བསྒྱུར།།
སྐྱབས་གཅིག་བླ་མ་དགེ༵་ལེག༵ས་ཆོས༵་འཕེལ༵་དེ་མཁྱེན་ནོ།།

རྒྱ་ཆེན་ཤེས་བྱའི་ཆོས་ཀུན་མ་འདྲེས་པར་མཁྱེན་ཞིང་།།
ཚད་མེད་བརྩེ་བ་ཆེན་པོའི་ཐུགས་རྒྱུད་ནིི་ཕྱུག་པ།།
མཐུ་སྟོབས་ནུས་པས་བདུད་སྡེའི་གཡུལ་ལས་ནི་རྒྱལ་བའི།།
རིག་གསུམ་གཅིག་བསྡུས་དགེ༵་ལེག༵ས་ཆོས༵་འཕེལ༵་དེ་མཁྱེན་ནོ།།

རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་སྤྱི་དཔལ་དུ་གྱུར་བ།།
སྐྱབས་ཀུན་འདུས་པའི་ངོ་བོ་དྲིན་ཅན་གྱི་བླ་མ།།
ཁྱེད་ལས་གཞན་པའི་རེ་ས་རྨི་ལམ་དུ་མི་བཙལ།།
སྐྱེ་དང་ཚེ་རབས་ཀུན་ཏུ་ཐུགས་རྗེ་ཡི་མ་དོར།།

འདི་སྣང་འཁྲུལ་བར་འཁྱམས་པའི་ཆོས་གཟུགས་ནི་བདག་གིས།།
ཕ་གཅིག་བླ་མའི་ཞལ་རིས་ཡིད་ཡུལ་དུ་འཁོར་ནས།།
ཁྱེད་མཚན་ལྷང་ལྷང་འབོད་པའི་གདུང་དབྱངས་འདི་གསན་ན།།
ཐུགས་རྒྱུད་དགོངས་པའི་བྱིན་ཆེན་སྙིང་དབུས་སུ་སྩོལ་ཤོག།

ཐོས་བསམ་བསྒོམ་པའི་ཡོན་ཏན་རྒྱ་མཚོ་ལ་དབང་ནས།།
ཐེག་རྩེ་འོད་གསལ་རྫོགས་ཆེན་ཉེ་ལམ་ནི་མཐར་སོན།།
ཕྲིན་ལས་རྣམ་བཞིའི་ལས་ལ་འབད་མེད་དུ་དབང་འབྱོར།།
དོན་གཉིས་ཕུན་སུམ་ཚོགས་པའི་བྱིན་རླབས་ཤིག་སྩོལ་ཤོག།

མདོར་ན་མི་མཐུན་ཕྱི་ནང་གསང་གསུམ་གྱི་བར་ཆད།།
ཆོས་མཐུན་དགེ་བའི་གེགས་ཀུན་རྨིང་མེད་དུ་ཞི་ནས།།
དམ་པ་ཁྱེད་དང་མཚུངས་པའི་སྨོན་འདུན་ཞིག་ཞུ་ན།།
མཐུན་གྱུར་བདེན་ཚིག་རྩ་གསུམ་སྲུང་མ་ཡི་མཛོད་ཤོག།

མ་བཅོས་ཟོལ་མེད་དྲང་པོའི་གདུང་དབྱངས་ནི་འདི་ཉིད།།
ཀུན་གཟིགས་མཁན་ཆེན་བླ་མའི་སྙན་དབང་དུ་སོན་ནས།།
དགྱེས་ཞལ་བྱིན་རླབས་མཆོག་གི་དངོས་གྲུབ་གྱི་ཕ་ཕོག།
སྩོལ་མེད་སྙིང་ལ་འཆར་བར་བྱིན་གྱིས་རང་རློབས་ཤོག།

ཞེས་ཀུན་གཟིགས་བླ་མ་རིན་པོ་ཆེའི་གསུང་གི་འཚོ་བའི་བཙུན་གཟུགས་འཇིགས་བྲལ་པདྨ་རིག་འཛིན་ནས་སྨྲས་པས་དགེ་བས་དཔལ་ལྡན་བླ་མ་དམ་པའི་ཐུགས་རྒྱུད་དགོངས་པའི་བྱིན་རླབས་རྒྱུད་ལ་འཕོ་བའི་རྒྱུར་གྱུར་ཅིག །

Leave a Reply

Your email address will not be published.