• October 2019

    སྤྲུལ་སྐུ་ཚེ་རིང་རྡོ་རྗེ་ལ་བསྟོད་པ་པདྨ་དཀར་པོའི་དོ་ཤལ།ན་མོ་མ་ཧཱ་གུ་རུ་པདྨ་ཀ་ར་ཡེ།།རྒྱལ་ཀུན་ཡེ་ཤེས་ཀུན་འདུས་ཀུན་ཏུ་བཟང་།།སྙིགས་དུས་འདྲེན་མཆོག་མཚུངས་མེད་མ་ཎི་ཀ།རིགས་ཀུན་ཁྱབ་བདག་བཅོམ་ལྡན་རྡོ་རྗེ་འཆང་།།མཚོ་སྐྱེས་རྡོ་རྗེས་ཚེ་རབས་ཀུན་ཏུ་སྐྱོངས།།སྙིང་ཀར་ལྷག་བསམ་རྟ་བདུན་དབང་པོ་ཚེས།།དྲི་མེད་པདྨའི་འདབ་ཡངས་ཕྱོགས་ཀུན་ཁྱབ།།གངས་ཅན་པདྨའི་ཕྲིན་ལས་སྤེལ་བའི་སྐུ།།རྣམ་ཐར་ཀུན་བཟང་འཛམ་གླིང་རྒྱན་དུ་བཞགས།།ཨོ་རྒྱན་པདྨ་ཀ་རའི་རྣམ་ཐར་འཛིན།།བསྟན་པ་ཡར་བསྐུལ་ཐེག་པའི་འགྲོ་ཁམས་སྐྱོང་།།འཛམ་གླིང་སེང་ཆེན་རྒྱལ་པོའི་སྒྲུང་གཏམ་སྤེལ།།སྤྲུལ་སྐུའི་མཛད་བཟང་ཉིད་ལ་ཡི་རང་ངོ་།།རང་དགོན་རེ་འདོད་ཞགས་པས་མ་འཆིང་ཞིང་།།རང་དོན་སྒེར་སྤྱོད་ཆགས་པས་མ་བཟི་ནས།།རང་གཞན་སྤྱི་དོན་སྒྲུབ་མཁས་སྤྲུལ་པའི་སྐུ།།རང་ཆོས་བསྟན་པའི་ཁྱབ་བདག་རྒྱལ་གྱུར་ཅིག།རྒྱལ་བ་རབ་འབྱམས་ཞིང་ཁམས་རྒྱ་མཚོའི་དཔལ།།ཕན་བདེ་མཐའ་ཡས་འགྲོ་བའི་དོན་དགྱེས་པ།།རྒྱལ་སྲས་བྱང་སེམས་རིག་འཛིན་རྡོ་རྗེ་མཆོག།སྤྲུལ་སྐུ་ཚེ་རིང་རྡོ་རྗེ་ཞབས་བརྟན་ཤོག།ཕྱི་ལྟར་ངུར་སྨྲིག་རྒྱལ་མཚན་དཔལ་གྱིས་མཛེས།།ནང་དུ་ཟབ་རྒྱས་ལེགས་བཤད་བདུད་རྩིས་གཏམས།།གསང་བ་རྣལ་འབྱོར་གྲུབ་པའི་དབང་ཕྱུག་མཆོག།རྫོགས་ཆེན་བསྟན་པའི་ཁྱབ་བདག་ཞབས་བརྟན་ཤོག།ཅེས་པ་རབ་གནས་ས་ཁྱིའི་སྤྲེལ་ཀྱི་ཟླ་ཚེས་དགེ་བར་ཝེར་མ་དཀར་པོས་འབོད་སྐུལ་དང་དམ་པ་ཁོང་གིས་བོད་ཀྱི་རིག་གཞུང་ཀུན་འདུས་ཧི་མ་ལའི་རིག་མཛོད་ཆེན་མོ་དང་གུ་རུའི་རྣམ་ཐར་སྟོང་ཐང་ཆེན་མོའི་ལས་གཞི་གལ་ཆེན་གཉིས་ཀྱི་ཆེད་དུ་སྙིང་རུས་དཀའ་སྤྱད་ཀྱི་འགན་འཁྲི་ཕྲག་ཏུ་བཞེས་པ་དང་། ཁྱད་པར་ད་ལྟ་གུ་རུའི་རྣམ་ཐར་སྟོང་སྐུ་ཆེན་མོ་སྟེ་ལེ་དབར་གསུམ་གྱི་རིང་ཚད་ཅན་གྱི་ཞལ་ཐང་སྟོང་གཅིག་དང་སུམ་བརྒྱའི་བདག་ཉིད་ཅན་དེ། ད་སྔོན་ལྷ་རིས་པ་བཅུ་ཕྲག་ལྔས་བགྲང་བྱ་བཅུ་གཉིས་ཀྱི་ཡུན་ལ་བསྟུད་མར་བྲིས་པའི་སྟོང་ཐང་ཆེན་མོ་ད་ལྟ་འགྲུབ་ལ་ཉེ་བ་སོགས་དགའ་འོས་པ་དག་ལ་ཡི་རང་བཅས་དབྱིན་ཡུལ་ཨེ་ཝཾ་རྫོགས་ཆེན་དུས་འཁོར་འོད་གསལ་ཆོས་གླིང་ནས་ཤྲཱིཿཨེ་མ་ཧོས་གང་ཤར་སྨོན་ཚིག་ཏུ་བྱས་པར་དགེའོ།། །།

  • October 2019

    ཀུན་གཟིགས་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་མཆོག་གི་གསོལ་འདེབས།丹增活佛祈祷文ལུང་རྟོགས་བསྟན་པ་འཛིན་པའི་གཉེན་གཅིག་པུ༎龙朵丹巴增毕宁杰波执掌教证圣法唯一怙Holder of the Dharma of transmission and realization,the sole protector, བསླབ་གསུམ་ཡོན་ཏན་རྒྱ་མཚོའི་མཛོད་འཆང་བ༎拉森云丹嘉促作强瓦三学功德海藏持有尊Possessor of an ocean of treasure-like qualities of the threefold training, སྔ་འགྱུར་བསྟན་པའི་གཙུག་རྒྱན་ཆོས་ཀྱི་རྗེ༎阿杰丹毕则坚秋吉杰前译教法顶饰之法主Crowning ornament of the Nyingma teachings,Lord of Dharma, བསྟན་འཛིན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།丹增嘉促夏拉所瓦得丹增嘉措足下诚祈祷Tenzin Gyatso, at your feet we pray! ཨོྃ་གུ་རུ་ཤཱ་ས་ན་དྷ་ར་སཱ་ག་ར་སིདྡྷི་ཨཱཿཧཱུྃ།oṃ guru śāsanadhara sāgara…

  • October 2019

    ཨ་མ་རིན་པོ་ཆེའི་རྗེས་དྲན་ཚེ་དབང་སྒྱུ་འཕྲུལ་རོལ་མོ་སྒྲ་སྙན་ཞེས་བྱ་བ།ཨེ་མ་ཧོ།ན་མོ་མ་ཧཱ་གུ་རུ་ཨ་མ་མ་ལོ་ཡེ།།༡༽ཨ་མ་མ་སྐྱེས་དབྱིངས་ཆེན་ནམ་མཁའ་ལས།།ཨ་མ་མ་འགགས་འོད་གསལ་ཉི་ཟླའི་གར།།ཨ་མ་མ་ལོས་བྱམས་བརྩེའི་ཕྲིན་ལས་འོད།།ཨ་མ་མ་གྱུར་འགྲོ་བའི་མགོན་པོ་མཛོད།།༢༽ཨ་མ་མ་དྲན་ཉི་མ་གཅིག་ཀྱང་མེད།།ཨ་མས་མ་བརྩེ༌ལོ་ཟླ་ཞག་དུས་དབེན།།ཨ་མ་མ་ལོའི་ལུས་ངག་དཀའ་ངལ་སེལ།།ཨ་མ་མ་སྨད་གཟི་མདངས་རྒྱས་གྱུར་ཅིག།༣༽ཨ་མ་མ་མཆིས་ང་ཡང་གནས་འདིར་མེད།།ཨ་མས་མ་ལུས་བདག་ལ་གཅེས་པར་སྐྱོང་།།ཨ་མ་ཟླ༌མེད༌ཨ༌བུ༌ཁེར༌རྐྱང་ངས་།།ཨ་མ་བདེ་བའི་སྨོན་ལམ་རྒྱ་མཚོ་འདེབས།།༤༽ཨ་མ་མ་གཡོགས་བསམ་པ་ང་ལ་མེད།།ཨ་མ་མ་བརྩེ་བསམ་པ་དེ་བས་མེད།།ཨ་མ་གཅེས་པའི་དགེ་བའི་རྩ་བ་འདིས།།ཨ་མ་འཛམ་གླིང་སྟེང་གི་དབུས་ན་བཞུགས།།༥༽ཨ་མའི་དོན་དུ་སྐྱབས་འགྲོ་སེམས་བསྐྱེད་ནས།།ཨ་མ་མཆོད་པའི་མཎྜལ་རྒྱུན་དུ་འབུལ།།ཨ་མ་བརྩེ་དུང་གུས་པས་ཕྱག་འཚལ་ཕྱིར།།ཨ་མ་མ་བརྙེས་ཐམས་ཅད་མཐོལ་ལོ་བཤགས།།༦༽ཨ་མའི་སྒོམ་སྒྲུབ་ཀུན་ལ་ཡི་རང་དང་།།ཨ་མའི་ཞལ་གདམས་ཆོས་ལ་བསྐུལ་བ་བྱས།།ཨ་མ་མྱ་ངན་མི་འདའ་བཞུགས་གསོལ་འདེབས།།ཨ༌མའི་དགེ་རྩ་ཀུན་ལ་བསྔོ་སྨོན་བྱ།།༧༽ཨ་མའི་སྐྱེ་བ་དམ་པའི་ཆོས་ཀྱིས་འཚོ།།ཨ་མའི་རྒ་བ་ཚེ་དང་སྒྲུབ་པ་མཉམ།།ཨ་མའི་ན་བ་བག་ཆགས་སྒྲིབ་པ་སྦྱོང་།།ཨ་མ་འཆི་བས་འཇའ་ལུས་འཕོ་ཆེན་ཤོག།༨༽ཨ་མའི་ལྟ་བ་རྫོགས་པ་ཆེན་པོས་ངང་།།ཨ་མའི་སྒོམ་པ་བདེ་བ་ཆེན་པོའི་དཔལ།།ཨ་མའི་སྤྱོད་པ་གནས་བརྟན་ཉེ་བ་འཁོར།།ཨ་མའི་གྲུབ་འབྲས་ཚེ་གཅིག་གཏན་སྲིད་ཟིན།།༩༽ཨ་མ་རྒྱ༌མཚོའི༌གཏིང༌གི་ནོར་བུ་བཞིན།།ཨ་མ་སྙིང་ནས་དུང་བ་རིན་པོ་ཆེ།།ཨ་མས་མི་ལུས་རིན༌ཆེན༌རང་ལག་ཏུ།།ཨ་མས་སྐལ་བཟང་གནང་བར་བཀའ་དྲིན་ཆེ།།༡༠༽ཨ་མས་མི་རྟག་བདེན་བཞིས་ཆོས་འཁོར་བསྐོར།།ཨ་མ་སྣོད་བཅུད་ཐམས་ཅད་བདེན་མེད་གསུངས།།ཨ་མ་སྒེག་མོས་མི་རྟག་མངོན་སུམ་སྟོན།།ཨ་མས་འདུས་བྱས་ཐམས་ཅད་མི་རྟག་བསྟན།།༡༡༽ཨ་མས་ལས་འབྲས་རྟེན་འབྲེལ་བསླུ་མེད་མཛད།།ཨ་མའི་སྙིང༌གི༌མཐིལ༌ན་དགེ་སེམས་མཆིས།།ཨ་མར་ལན་ཆགས་བསགས་པ་ཐམས་ཅད་དག།ཨ་མའི་དྲིན་ལན་འཇལ་བའི་རྒྱུ་འབྲས་ཟབ།།༡༢༽ཨ་མས་དཀའ་ངལ་འཁོར་བའི་སྡུག་བསྔལ་མྱོང་།།ཨ་མ་ཆུང་དུས་ཕ་མའི་གཞན་དབང་སོང་།།ཨ་མ་ཆེ་དུས་དབེན་པའི་རི་ལ་བྲོས།།ཨ་མའི་གཤིས་ཀ་དྲང་བདེན་རིན་པོ་ཆེ།།༡༣༽ཨ་མ་འཁོར་བའི་གནས་ལས་ངེས་པར་འབྱུང་།།ཨ་མ་རབ་བྱུང་ཚུལ་ཁྲིམས་རྣམ་པར་དག།ཨ་མའི་བྱམས་བརྩེ་དུང་པ་ལྷ་ལས་ལྷག།ཨ་མའི་སྙིང་རྗེ་ཀུན་ལས་ཁྱད་པར་འཕགས།།༡༤༽ཨ་མས་སངས་རྒྱས་དད་པ་འགྱུར་བ་མེད།།ཨ་མས་སེམས་ཅན་དགའ་བ་མཚུངས་པ་མེད།།ཨ་མས་བྱང་ཆུབ་སེམས་ལ་གཡོ་བ་མེད།།ཨ་མ་བྱང་ཆུབ་སེམས་དཔའ་རིན་པོ་ཆེ།།༡༥༽ཨ་མས་སྦྱིན་གཏོང་འཁོར་འདས་ཆགས་པ་མེད།།ཨ་མའི་སྡོམ་པ་སྲུང་བར་རློམ་སེམས་མེད།།ཨ་མ་བཟོད་པའི་གོ་ཆ་མཆོག་ཏུ་བརྟན།།ཨ་མ་ཉིན་མཚན་བར་མེད་ཆོས་ལ་བརྩོན།།༡༦༽ཨ་མ་ཏིང་འཛིན་རྒྱལ་པོའི་གཏན་སྲིད་ཟིན།།ཨ་མ་ཤེས་རབ་ཕ་རོལ་ཕྱིན་པར་ཐོབ།།ཨ་མའི་ཐབས་མཁས་དམིགས་མེད་སྙིང་རྗེ་ཆེ།།ཨ་མའི་མཐུ་སྟོབས་ནུས་པ་བསམ་མི་ཁྱབ།།༡༧༽ཨ་མ་སྨོན་ལམ་རྒྱ་མཚོའི་གཏེར་རྒྱ་ཅན།།ཨ་མ་ཡེ་ཤེས་དམ་པའི་དགོངས་པ་ཅན།།ཨ་མ་དག་སྣང་རབ་འབྱམས་ཕྲིན་ལས་ཅན།།ཨ་མ་ཀུན་བཟང་རྒྱལ་བ་རིན་པོ་ཆེ།།༡༨༽ཨ་མས་ཆོས་བརྒྱད་ཞེན་པ་རྩ་ནས་བཅད།།ཨ་མའི་ཚོགས་དྲུག་སྣང་བ་དག་པར་ཤར།།ཨ་མ་ཐུན་དང་ཐུན་མཚམས་དབྱེ་བ་མེད།།ཨ་མ་ཡང་དག་རྣལ་འབྱོར་རིན་པོ་ཆེ།།༡༩༽ཨ་མས་བླ་མ་ཀུན་ལ་དད་གུས་ཆེ།།ཨ་མས་ཡི་དམ་ཐམས་ཅད་བསྙེན་ཚད་ཕྱིན།།ཨ་མས་མཁའ་འགྲོ་རྒྱ་མཚོའི་སྒྲུབ་མཛད།།ཨ་མ་ཆོས་སྐྱོང་སྲུང་མ་རིན་པོ་ཆེ།།༢༠༽ཨ་མས་སྡུག་ཀུན་ཤེས་དང་སྤོངས་བར་མཛད།།ཨ་མས་ལམ་བཟང་བསྟེན་ནས་འགོགས་པ་ཐོབ།།ཨ་མའི་ལུས་སྲོག་དཀར་པོ་དགེ་བའི་ལུགས།།ཨ་མ་རྒྱུན་དུ་དྲན་ཉེར་བཞི་ལ་གནས།།༢༡༽ཨ་མ་སྲིད་དོན་འཆམས་པའི་བཙུན་གཟུགས་མིན།།ཨ་མ་གསེར་ཁྲིར་འགྱིངས་པའི་བདག་མོ་མིན།།ཨ་མ་རྒྱ་བོད་དཀོར་གཟན་དེ་བས་མིན།།ཨ་མ་ཉམ་ཆུང་ཆོས་པ་རྣམ་དག་ལགས།།༢༢༽ཨ་མ་སྐྱབས་རྗེ་མིང་གི་བརྫིག་རོ་དབེན།།ཨ་མ་ཁྱབ་བདག་མིང་གིས་ཁྱབ་བསྒྲགས་མེད།།ཨ་མའི་ལྷ་ཁང་གསེར་དངུལ་རྒྱུ་ངོམས་བྲལ།།ཨ་མ་བྱ་བྲལ་མཚན་ཉིད་ལྡན་པ་ལགས།།༢༣༽ཨ་མས་བསྡུས་གྲྭར་མ་སྦྱོང་ངེས་འབྱུང་འཁྲུངས།།ཨ་མས་རྩོད་གྲྭར་མ་རྒྱུགས་བྱང་སེམས་སྐྱེས།།ཨ་མས་གོས་དཀར་མ་གྱོན་དག་སྣང་ཅན།།ཨ་མ་གསུམ་ལྡན་རྡོ་རྗེ་འཛིན་མ་དངོས།།༢༤༽ཨ་མ་མཁའ་འགྲོའི་བཏགས་མིང་དགའ་བ་མེད།།ཨ་མ་སྤྲུལ་སྐུའི་ཐམ་ཁ་དེ་བས་དབེན།།ཨ་མས་ཟོག་པོ་བྱས་པ་སྣ་གཅིག་མེད།།ཨ་མ་འདི་ནི་བདེན་པ་རིན་པོ་ཆེ།།༢༥༽ཨ་མའི་དགའ་ས་གསང་གསུམ་དབེན་པའི་གནས།།ཨ་མའི་ཟ་མ་དཀར་ཟས་ཁོ་ནར་དགྱེས།།ཨ་མའི་ལས་ཀ་ཐམས་ཅད་འགྲོ་ཀུན་དོན།།ཨ་མའི་རྣམ་ཐར་ངེས་དོན་རྒྱལ་བའི་སྲས།།༢༦༽ཨ་མས་སྙིང་གྲོགས་བསླུ་པའི་ལོ་རྒྱུས་མེད།།ཨ་མས་དྲིན་ལན་ལོག་འཇལ་བྱས་པ་མེད།།ཨ་མ་ཞེ་སྡང་སྐྱེས་པ་མཐོང་མྱོང་མེད།།ཨ་མ་དྲིན་ཆེན་དྲང་སྲོང་རྒྱལ་བ་ལགས།།༢༧ཨ་མའི་གནའ་རབས་གཤིས་བཟང་འགྱུར་བ་མེད།།ཨ་མ་དེང་རབས་མིག་འཕྲུལ་དགའ་དུང་དབེན།།ཨ་མ་ཀུན་བཟང་བླ་མའི་མཚན་གཞི་ཡིན།།ཨ་མ་སྲིད་ན་དཀོན་པའི་ནོར་བུ་ལགས།།༢༨ཨ་མ་ང་རྒྱལ་དྲེགས་པའི་ཁེངས་སེམས་མེད།།ཨ་མ་ཆགས་བྲལ་ཉན་རང་དགྲ་བཅོན་དངོས།།ཨ་མ་འགྲོ་ལ་བརྩེ་བའི་ཏཱ་ར་ཉིད།།ཨ་མའི་མི་ཚེ་གང་གི་ཐུགས་དམ་ལགས།།༢༩༽ཨ་མ་ལྟ་བ་མཁའ་བཞིན་མཐོ་ན་ཡང་།།ཨ་མའི་རྒྱུ་འབྲས་བག་བྱེ་བས་ཀྱང་ཟབ།།ཨ་མ་ཧ་ཤང་ལས་ལྷག་དག་སྣང་མཁན།།ཨ་མ་རིག་འཛིན་གྲུབ་པ་མཐར་ཕྱིན་ལགས།།༣༠༽ཨ་མའི་ཕྱུགས་ལ་བྱམས་པའི་རྣམ་ཐར་དང་།།ཨ་མའི་བུ་ལ་བརྩེ་བས་མགོན་སྐྱབས་རིགས།།ཨ་མས་རི་ཁྲོད་བཞུགས་པའི་དཀའ་སྤྱད་སོགས།།ཨ་མ་མི་ལ་རས་པ་ལས་ཀྱང་ལྷག།༣༡༽ཨ་མས་ཀུན་མཁྱེན་བརྒྱུད་པའི་བསྟན་པ་འཛིན།།ཨ་མས་ཉིན་མཚན་བར་མེད་སྒོམ་པས་སྐྱོང་།།ཨ་མས་བཟང་པོ་སྤྱོད་པའི་སྨོན་ལམ་སྤེལ།།ཨ་མ་དམ་པའི་ཆོས་དང་ཀུན་ནས་འབྲེལ།།༣༢༽ཨ་མ་མཁའ་འགྲོ་བརྗོད་ན་མིན་ནོ་གསུངས།།ཨ་མ་ཡང་སྲིད་གྲངས་མེད་ཡོད་དོ་གསུངས།།ཨ་མ་སྐྱབས་འགྲོ་བྱང་སེམས་ལྡན་པར་གསུངས།།ཨ་མས་ནམ་ཡང་དུས་ཚོད་བརླགས་མེད་གསུངས།།༣༣༽ཨ་མ་ཨོ་རྒྱན་བཏགས་ལ་མིང་དོན་མཚུངས།།ཨ་མ་སྒྲོལ་མ་འབོད་པ་དོན་ལ་གནས།།ཨ་མ་ཨོ་རྒྱན་སྒྲོལ་མ་རིན་པོ་ཆེ།།ཨ་མ་དད་གུས་བཅས་ཏེ་ཕྱག་འཚལ་བསྟོད།།༣༤༽ཨ་མ་སྤྱི་བོའི་གཙུག་གི་ནོར་བུ་དང་།།ཨ་མ་སྙིང་གི་ཡིད་བཞིན་ནོར་བུ་ཡིན།།ཨ་མ་རྩ་བའི་བླ་མ་རིན་པོ་ཆེ།།ཨ་མའི་མན་ངག་འཁོར་འདས་རང་གྲོལ་ལགས།།༣༥༽ཨ་མ་རྒྱ་མ་དྲང་པོའི་རྒྱ་རྡོ་བཞིན།།ཨ་མ་མ་འདྲིས་བཤེས་ཆེན་པོ་ལགས།།ཨ་མ་ཕྱོགས་རིས་མེད་པའི་མི་མོ་ཉིད།།ཨ་མ་མཁས་གྲུབ་དམ་པའི་མཚན་ཉིད་ཚང་།།༣༦༽ཨ་མས་འགྲོ་བ་ཀུན་ལ་ཕ་མ་ཤེས།།ཨ་མས་བླ་མ་ཐམས་ཅད་སངས་རྒྱས་མཇལ།།ཨ་མའི་མཁྱེན་བརྩེ་ཡོན་ཏན་རིན་པོ་ཆེ།།ཨ་མ་ཡང་དག་ཆོས་པའི་མཚན་གཞི་དངོས།།༣༧༽ཨ་མས་སིདྡྷིའི་བསྙེན་པ་དུང་ཕྱུར་གྲངས།།ཨ་མས་མ་ཎི་དུང་ཕྱུར་དུ་མ་བསགས།།ཨ་མས་སྒྲོལ་མ་འདོན་པ་གྲངས་མ་མཆིས།།ཨ་མ་བསྐྱེད་རྫོགས་རིག་པ་འཛིན་མ་ལགས།།༣༨༽ཨ་མས་ཚན་རིག་པ་ལ་ངོ་དགའ་མེད།།ཨ་མས་ལྷ་འདྲེ་མཆོད་ལ་ཆགས་སྡང་མེད།།ཨ་མ་ཀུན་ལ་བྱམས་པའི་མ་མ་དངོས།།ཨ་མ་འདི་འདྲའི་སྲིད་ཞིའི་ཁམས་ན་དཀོན།།༣༩༽ཨ་མས་རང་ཚུགས་མ་ཤོར་རང་རིག་རྟོགས།།ཨ་མས་གཞན་སེམས་མ་དཀྲུགས་ཞི་བདེ་བསྐྲུན།།ཨ་མ་ཐེག་ཆེན་དགོངས་དོན་རྒྱུད་ལ་འབྱོར།།ཨ་མ་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན།།༤༠༽ཨ་མས་གཙང་སྦྲ་ཕྱི་ནང་གསང་བ་མཛད།།ཨ་མའི་བསྐྱེད་རྫོགས་སྲོག་སྡོམ་གཟེར་བཞི་ལྡན།།ཨ་མ་རྫོགས་པ་ཆེན་པོའི་དགོངས་པ་ཅན།།ཨ་མ་རྒྱལ་ཡུམ་དམ་པ་ཀུན་བཟང་མོ།།༤༡༽ཨ་མའི་སྐུ་ལུས་མཚན་དཔེ་ལང་ཚོ་བཀྲ།།ཨ་མའི་གསུང་སྙན་ཚངས་དབྱངས་ཆོས་སྒྲ་ཤིས།།ཨ་མའི་ཐུགས་རྗེ་སྟོབས་བཅུའི་ནུས་མཐུ་བདེ།།ཨ་མའི་ཀུན་བཟང་ཕྲིན་ལས་ཀུན་ཁྱབ་ལེགས།།༤༢༽ཨ་མ་དད་གུས་དུང་བའི་ཚོར་བ་རྣམས།།ཨ་མ་ཡོད་པའི་འགྲོ་བ་ཡོངས་ལ་འབུལ།།ཨ་མ་ཀུན་གྱི་བསམ་དོན་ལྷུན་གྱིས་གྲུབ།།ཨ་མ་མ་གྱུར་འགྲོ་ཀུན་སངས་རྒྱས་ཤོག།ཅེས་པ་འདི་ཡང་རབ་གནས་ས་ཕག་རྒྱལ་ཟླ་བའི་ཡར་ངོས་ཚེས་བཅུ་ལ་དྲིན་ཆེན་ཨ་མའི་ཕྱག་གཡོག་པ་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་དངོས་ཡོད་ཨ་མའི་མི་ཚེའི་རང་གཤིས་ལ་རྩི་མཐོང་ཡོད་པ་སོ་སོའི་བློ་སྤོབས་ཆེན་པོས་གང་སྣང་དག་མདོར་བསྡུས་པ་ཙམ་ཨེ་ཝཾ་ཀུན་བཟང་ཆོས་གླིང་གི་ཛྙཱ་ན་གུ་རུའི་ལྷ་ཁང་། ཨ་མ་རིན་པོ་ཆེའི་སྐུ་དྲུང་ནས་ཡོངས་སུ་བགྱིས་པར་དགེའོ།། །། ཤྲཱིཿསརྦ་ལོ་ཀ་བི་ཛ་ཡནྟུ།།

  • October 2019

    ལམ་ལྷ་དང་སྨོན་གསོལ་ཡིད་བཞིན་ནོར་བུ།།ཨེ་མ་ཧོ།།ཕྱོགས་དུས་རྒྱལ་བའི་འོད་གསལ་སྙིང་པོའི་དཔལ།།ཕྱོགས་དུས་ཀུན་ཁྱབ་ཐུགས་རྗེ་དགྱེས་པ་རྩལ།།ཕྱོགས་དུས་མ་རིག་མུན་སེལ་རྡོ་རྗེའི་འོད།།ཕྱོགས་དུས་རབ་འབྱམས་ཕྲིན་ལས་ཁྱབ་མཛད་རྒྱལ།།ཕྱོགས་དུས་འཇིག་རྟེན་མ་ལུས་སྐྱོབ་པའི་དཔལ།།ཕྱོགས་དུས་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ།།ཕྱོགས་དུས་གང་དུ་དོན་གཉེར་འགྲོ་བའི་ཚེ།།ཕྱོགས་དུས་དགྱེས་པ་རྡོ་རྗེའི་དོན་ཐོབ་ཤོག།ཕྱོགས་དུས་གང་བསམ་ལྷུན་གྲུབ་ཡིད་བཞིན་དཔལ།།ཕྱོགས་དུས་རྒྱལ་དང་རྒྱལ་སྲས་དགྱེས་པར་གྱུར།།ཕྱོགས་དུས་གང་ཕྱིན་འགྲོ་དོན་བདེ་མྱུར་ངང་།།ཕྱོགས་དུས་ཀུན་ཏུ་ཕན་བདེའི་ཁྱབ་གྱུར་ཅིག།།ཕྱོགས་དུས་མཚམས་སུ་གསང་གསུམ་བར་ཆད་ཞི།།ཕྱོགས་བཅུ་དུས་བཞིར་བཀྲ་ཤིས་བདེ་ལེགས་དཔལ།།ཕྱོགས་དུས་ཀུན་ཏུ་དགའ་སྐྱིད་ཕུན་སུམ་ཚོགས།།ཕྱོགས་དུས་ཀུན་བཟང་ཡིད་བཞིན་ནོར་བུ་སྨོན།།རབ་གནས་ས་ཕག་ཟླ་ཚེས་དགེ་བར་ཌཱཀྐི་ནི་བིརྱ་དྷཱ་ར་སྭ་ར་སྭཱ་སྟི་དེ་ཝས་བྱི་ལོའི་བཀའ་ཆོས་དང་ཨ་མའི་འདས་མཆོད་དང་འབྱུང་འགྱུར་བསྟན་འགྲོའི་རེའུ་མིག་ལ་ཤྲཱིཿཨེ་མ་ཧོས་གུས་པས་སྨོན་པར་དགེའོ།། །།ཤྲཱིཿསྭ་ར་སྭཱ་སྟི་ཛྙཱ་ན་ལོ་ཀ་སརྦ་བི་ཛ་ཡནྟུ།།

  • October 2019

    བཀའ་དྲིན་ཆེ། ༧སྐྱབས་རྗེ་དམ་པ་རིག་འཛིན་ནམ་མཁའ་རྒྱ་མཚོ་རིན་པོ་ཆེ། རྫོགས་ཆེན་རིན་པོ་ཆེ་ཟེར་བ་དང་ཁོང་གི་སོ་དཀར་གནས་དམར་གྱི་མི་ཚེའི་ནང་རྩ་ཆེན་གྲོགས་པོ་དག་ལས་ཁྱེད་ལྷག་སོང་གོ།༧སྐྱབས་རྗེ་དམ་པ་རིག་འཛིན་ནམ་མཁའ་རྒྱ་མཚོ་རྟག་ཏུ་རྒྱལ།། ཨེ་མ་ཧོ།།རྟོགས་པ་ནམ༵་མཁའ༵་མཉམ་པའི་འགྲོ་དོན་རྒྱས།།སྒོམ་པ་འོད་གསལ་སྙིང་པོའི་བསྟན་པ་སྤེལ།།སྤྱོད་པ་ཕྲིན་ལས་རྒྱ༵་མཚོ༵འི་ཕྱོགས་ཀུན་ཁྱབ།།འབྲས་བུ་ཀུན་ཏུ་བཟང་པོ་རྒྱལ་གྱུར་ཅིག།ཅེས་ཐོལ་སྨོན་དུ་ཤྲཱིཿསྨྱོན་ཨེ་མ་ཧོས་ཨེ་ཝཾ་ཀུན་གསལ་ཆོས་གླིང་ནས་བགྱིས་པར་དགེའོ།། །།

  • October 2019

    ཕག་པ་ཚེ་རིང་གི་ཐ་མ་ཁ་ནག་པོ་ཞེས་བྱ་བ།།ན་མོ་གུ་རུ་ཤ་ས་ན་དྷཱ་ར་ར་ས་ཡེ།།རྗེ་རྒྱལ་བ་མཆོག་ལ་ཁ་གཡང་གིས་འབོད་བཞིན།།བོད་གཞི་བྱེས་གཉིས་ཀ་རྩམ་པ་འཐེགས་ནས།།རྒྱ་ནག་པོའི་ཁ་ལ་བཙན་རྫོང་དུ་བྱས་ཕྱིར།།ཡུན་མི་འགྱིང་ཕྱི་སས་རྡ་ས་ལ་ཁྱབ་སོང་།།མགོན་སྤྱན་རས་གཟིགས་དབང་ཕག་ཤ་ལ་དགྱེས་ཕྱིར།།ཚིལ་དཀར་པོའི་དུས་སུ་ཅི་དགའ་ལ་རོལ་ཀྱང་།།ཕག་དུད་དྲི་ངན་པ་ཚན་རིག་པས་ཤེས་ཚེ།།མགོན་རྒྱལ་བའི་དབང་པོས་གད་སྙིགས་སུ་གཡུགས་སོང་།།ལྷ་སློབ་བཟང་སངས་རྒྱས་མི་མངོན་དུ་བཞུགས་ཀྱང་།།བདུད་ཕག་ངན་གཏོར་བཤིག་གྲོག་ཚང་བཞིན་བརྡོལ་ཏེ།།ཞིང་ལྷ་ལྡན་གཉིས་པ་ཁ་མཆུ་ཡིས་བཀངས་ཏེ།།ལས་རྒྱུ་འབྲས་རྒྱ་མ་རྩ་མེད་དུ་བཏངས་སོང་།།སྐེག་གྱ་ལྔའི་ཕྲེང་བ་རྩེད་མོ་རུ་རྩེད་བཞིན།།ལོ་བདུན་ཅུའི་དགའ་སྟོན་རྒྱ་རྔ་དང་བསྒྲགས་ཏེ།།ཕག་ནག་པོ་དཀར་པོའི་སྒྱུ་འཕྲུལ་གྱི་ཟློས་གར།།གཏམ་དབུ་མའི་ཚེ་ཚད་དགུང་ཞག་ལ་བསྐྱལ་ལོ།།གཞི་བཀའ་ཤག་ཟེར་བ་མ་ཉེས་པའི་ཁ་གཡོགས།།ལམ་དབུ་མ་ཟེར་བ་མི་བདེན་པའི་གཡོ་འཕྲུལ།།ལས་རྒྱུ་འབྲས་མེད་པའི་འགྲིགས་འཛུགས་གི་གཡོ་སྒྱུ།།དོན་ཏང་ཡན་ཕྱོགས་ལ་བདེན་ཁ་ཏེ་སྟེར་སོང་།།ཨ་ཕག་ལོའི་བསམ་པ་ཁུག་རྟ་ཡིས་འདྲེན་ནས།།དར་དམར་པོའི་ལག་གཡུག་ཅི་དགའ་རུ་ཕྱུར་ཏེ།།རྒྱ་དམར་པོའི་དྲི་ཆེན་བདུད་རྩི་བཞིན་རོལ་ནས།།ཕ་མེས་པོས་དུར་ཁུང་ཐ་ནག་གིས་བཀབས་སོང་།གདན་སེ་འབྲས་དགའ་གསུམ་རིགས་པ་རེ་ཡོད་ན།།ས་གོང་མ་ཚོ་ལ་མཐུ་དཔུང་རེ་ཡོད་ན།།དཔལ་སྔ་འགྱུར་པ་ལ་གྲུབ་རྟགས་རེ་ཡོད་ན།།མགོན་སེངྒེ་རྒྱལ་པོ་དམར་གསོད་དུ་མ་གཏོང་།།བོན་བན་དེ་ཟེར་བའི་ཐ་སྙད་དེ་ཤི་ཐལ།།ཆོས་དཀར་པོ་ཞིང་གི་དཔོན་རྒན་དེས་མྱོང་ཐལ།།ཡུལ་རང་བཙན་ཤོར་བའི་ས་མཐའ་ཡི་ཡུས་ལ།།ཚིག་བདེན་པ་བཤད་སའི་གོ་སྐབས་ཀུན་བོར་ཐལ།།ཕ་སྤྲེལ་རྒན་བདེན་པའི་དྲང་གཏམ་ལ་དགྱེས་ན།།མ་བྲག་སྲིན་སྡུག་པའི་ཁྲིམས་ཁ་ལ་མ་འཇིགས།།བུ་རང་ཉེས་ངོས་ལེན་བརྗེན་གཅེར་དུ་ནུས་ན།།བློ་གཟུར་གནས་རྒྱལ་ཁམས་བལྟད་མོ་དེ་ཆེའོ།།བོད་མི་རིགས་ལ་ཡག་དགའ་ཉེས་སྡུག་འཁན་ཤྲཱིཿསྨྱོན་པས་ཨེ་ཝཾ་མེ་ཏོག་གླིང་ནས་སྨྲས་པར་དགེའོ།།